[ཞར་བཀོད་གཅིག།]
རས་པ།
ཁང་ཆེན་སྟེང་ལ་བྱ་ཞིག་བབས་ཡོད།།
བྱ་ཞིག་མ་རེད་འཁུར་བོ་ཞིག་རེད།།
རྡོག་འཁྲིས་འཁུར་མཁན་འབངས་དང་མི་སེར།།
འཁུར་ནས་བསྐྱལ་ས་ཆེན་པོ་དཔོན་པོ།།
སྡུག་སྨྲེ་འདོན་སའི་རི་བོ་ཞིག་ཡོད།།
རི་ཞིག་མ་རེད་དཔོན་ཞིག་ཡིན་ཟེར།།
དཔོན་པོ་མཐོན་པོས་ཁ་བཟང་བཤད་པ།།
སོ་དཀར་མགོ་དཀར་སུ་ལ་མ་ཐོབ།།
སྐྱོ་ནས་རི་ལ་བྲོས་ནས་སོང་དུས།།
སྐྱིད་ཀི་རི་བོ་མཐོན་པོ་རེད་ཟེར།།
རི་བོ་མཐོན་པོ་ཅི་ཙམ་མཐོ་རུང་།།
ལྷ་དབང་བརྒྱ་བྱིན་མཐོང་རྒྱུ་མ་བྱུང་།།
རི་དྭགས་གླ་བོ་ཆུ་ལ་ལྡིང་འདུག།
བསོར་ཀི་ཆུ་རྩེད་བྱེད་ཀིས་ཟེར་ཡང་།།
སྡུག་གི་ན་སྐུང་ཆུ་ཡིས་བཀང་བ།།
སྲིད་པ་གླིང་གི་གཏམ་ལ་གྲགས་ཡོད།།
འབྲི་དང་མཛོ་མོ་ལྷས་རྭར་འབྲོ་དུས།།
གནས་སོང་བུ་མོས་རང་ཡུལ་དྲན་ཟེར།།
ལོས་ཡིན་སྟོན་མཇུག་སྐྱོ་རླུང་གཡུགས་དུས།།
ངས་ཀྱང་རང་ཡུལ་ཡང་ཡང་དྲན་གི།
རི་ལ་རི་གླུ་གཏོང་བའི་གནའ་མིས།།
སྐྱོ་ནས་རི་བོ་སྒུར་བ་མཐོང་འདུག།
ཅི་ཁག་རི་ཀླུང་གཅེར་བུར་འབུད་དུས།།
ཁ་དང་སེམས་པ་སུ་ལ་གཏོད་དགོས།།
༄༅།།རི་ལུང་འཁྱག་འབྱར་གྱི་སྒྲུང་།
སྒྲུང་མ་བྱུང་སྔོན་ལ་གཏམ་ཞིག་བྱུང་།།
གཏམ་རྒྱུད་པ་བུ་གསུམ་མ་ཡིས་གསུངས།།
བུ་གསུམ་གྱིས་སྡེ་ཤོག་གསུམ་ལ་བཤད།།
སྡེ་གསུམ་པོས་རང་རང་ལུགས་སུ་འགྲེལ།།
དང་པོ།
མདའ་མོ་ཞིག་འཕུར་ལ་འཕུར་ལ་ཁད།།
མི་ཆེན་ཞིག་ཕུག་རྒྱུ་འེ་ཡིན་ནམ།།
གླང་དར་མའི་བྲང་ཁ་ཁྲག་ལ་བགོས།།
ཁྲག་མ་སྐམ་ད་དུང་འེ་ཡོད་དམ།།
མྱི་ཆེན་ཞིག་འགྲོ་ལ་འགྲོ་ལ་ཁད།།
མདའ་མོ་ཞིག་འཕུར་ཤེས་འེ་བྱེད་དམ།།
དཔལ་རྡོར་གྱི་དཔའ་སྙིང་བྲག་ལ་གཏད།།
བྲག་ཕུག་པ་མི་མེད་འདྲེ་མེད་ཡིན།།
གཉིས་པ།
ས་ཐང་ལྗོངས་རིང་མོ་གངས་ཀྱིས་བཟུང་།།
གངས་མ་བཞུ་རྐང་རྗེས་ཐང་ལ་དཔར།།
སྟག་ཤར་རའི་ཉུལ་ལམ་འེ་ཡིན་ནམ།།
མ་བུ་མོའི་བཞུད་ལམ་འེ་ཡིན་ནམ།།
ས་ཐང་ལྗོངས་རིང་མོ་གངས་ཀྱི་ཡུལ།།
གོམ་གང་གི་རྗེས་ལ་ཁངས་རེ་འབབས།།
ལམ་ཁེངས་ཀྱིས་བཀང་བ་ཞེ་རེ་སྡུག།
སེམས་དྲོད་མོའི་འགྲོ་ལམ་དེ་ཡིས་བཀག།
གསུམ་པ།
གངས་བུ་ཡུག་འཚུབ་པ་སོག་ལེ་འདྲ།།
སེམས་འཚབ་འཚུབ་ཨམ་ཅོག་ཚ་ཚ་ཡིན།།
ལག་ལས་ཀ་ཕར་གཏུབ་ཚུར་གཏུབ་ཡིན།།
མགོ་མཐོན་པོ་གཅིག་ཞུམ་གཉིས་ཞུམ་ཡིན།།
གནས་ཁ་བ་ཅན་ལ་བྱིན་རླབས་ཆེ།།
གངས་བུ་ཡུག་དར་དཀར་མགོ་རུ་སྒྲོན།།
ནོར་རྫི་བོར་འགྲོ་བའི་བུ་ཆུང་གི།
སྣ་དམར་ཆུང་བྱུ་རུའི་དངོས་གྲུབ་ཡིན།།
༢༠༡༡།༡༡།༡༩ཉིན།
བྱིས་པ་ཆུང་ཆུང་ཞིག་གིས་ཅི་ཞིག་ལམ་ཀྱིན་པ་འདྲ།
ཨ་མར་རྙོག་དྲྭ་བཤད་དུས་ཀྱི་སྐད་ཆ་ལྟ་བུ་ཞིག་འདུག
སྙན་ངག་ཡིན་མིན་ད་དུང་ཤེས་མ་སོང་།
གྲོགས་པོའི་སྙན་ངག་གསར་བ་བཀླགས་ཐུབ་པར་དགའ་བོ་བྱུང་།
རྟོག་བཟོའི་འཇིག་རྟེན་ལས་དངོས་ཡོད་ཀྱི་འཚོ་བ་མཐོང་བ་ནི་སྒྱུ་རྩལ་གྱི་བདེན་པ་རེད། ཡིད་འགུགས་ཀྱི་ནུས་ཆུང་་དྲག་པས་ང་རྙི་ལ་ཤོར་མ་སོང་། ཁ་མལ་ནས་ནམ་ཞིག་འཕུར་བའི་སྐུལ་མ་ཡོད།
སྙན་ངག་ཅིག་བཞུར་དང་ཟིག།
སྨྱུ་གུ་ཞིག་རྒྱུགས་དང་ཟིག།
སེམས་གཏིང་གི་སྐད་ཆ་ཞིག།
དྲ་ངོས་སུ་ཐང་མར་བརྡལ།།
འདས་ཟིན་གྱི་ལོ་རྒྱུས་ལ།།
སྒྱུ་རྩལ་གྱི་གོ་ཆ་བགོས།།
བསམ་གཞིག་གི་བར་སྟོང་ལ།།
ཁྲི་སྟོང་གི་ས་ཁུལ་བཞག།