ཀླུ་སྨྱོན།
ཡབ་ལ་རེ་བ་རུམ་གང་ཡོད། །
ཡུམ་ལ་རྨི་ལམ་པང་གང་ཡོད། །
གཉིས་ཀར་བརྩེ་བ་ཁྱིམ་གང་ཡོད། །
འབྲོག་ཁྱིམ་སྟོང་གི་བསྡུས་གཟུགས་རེད། །
ལྷ་ལ་ལུང་བསྟན་རྫོགས་མེད་ཡོད། །
མི་ལ་འདོད་པ་ངོམས་མེད་ཡོད། །
ལྷ་མིའི་རེ་བ་དེ་རིང་འགྲུབ། །
རྟེན་འབྲེལ་སྟོང་གི་བསྡུས་གཟུགས་རེད། །
ཁོག་ལ་ཉར་ན་བདེ་སྣང་སྐྱེས། །
ལྟེ་ཁྲག་འཐོར་ན་སྡོང་བོ་སྐྱེས། །
བྱིས་པ་ཕལ་ལས་ལྷག་པ་འདི། །
བོད་ཕྲུག་སྟོང་གི་བསྡུས་གཟུགས་རེད། །
བྱ་ཁྱུང་བྲག་ན་བླ་མ་བཞུགས། །
དེ་ལ་འབྲེལ་བའི་ལས་ཤིག་བདོག །
དགེ་རྒན་དགེ་ཕྲུག་ཆགས་པ་དེ། །
བན་ཆུང་སྟོང་གི་བསྡུས་གཟུགས་རེད། །
དཔེ་ཆ་འདོན་ཞོར་རྩེད་མོ་བརྩེས། །
སྐབས་རེར་རྒན་གྱི་བཀའ་བཀྱོན་རག །
བྱ་བྱེའུ་འབའ་འབུ་མི་གསོད་པ། །
བྱང་སེམས་སྟོང་གི་བསྡུས་གཟུགས་རེད། །
གོམ་ཁ་དབུས་གཙང་ཡུལ་དུ་བསྒྱུར། །
སྐྱེས་ལྷ་དག་གིས་སྐྱེལ་མ་བྱས། །
ཕྱི་མིག་ཕ་སར་བཞག་པ་དེ། །
བྱེས་འགྲོ་སྟོང་གི་བསྡུས་གཟུགས་རེད། །
བཤེས་གཉེན་བརྒྱ་ཕྲག་བསྟེན་པ་དང་། །
ཉིན་མཚན་སློབ་གཉེར་བྱས་པ་དང་། །
དཀའ་སྤྱད་སྙིང་རུས་ཆེ་བ་དེ། །
གྲྭ་རྐྱང་སྟོང་གི་བསྡུས་གཟུགས་རེད། །
བཤེས་གཉེན་བསྟེན་ཚུལ་བཟང་བ་དང་། །
འདུལ་བའི་ལག་ལེན་གཙང་བ་དང་། །
འཆད་རྩོད་རྩོམ་ལ་མཁས་པ་འདི། །
བཙུན་པ་སྟོང་གི་བསྡུས་གཟུགས་རེད། །
རིས་མེད་གྲྭ་ས་འགྲིམས་པ་དང་། །
རིས་མེད་བླ་མ་བསྟེན་པ་དང་། །
རིས་མེད་གཞུང་ལ་སྦྱངས་པ་འདི། །
སྟོན་ཆེན་སྟོང་གི་བསྡུས་གཟུགས་རེད། །
སྡོད་དུས་འཛིན་ཆས་ཉུང་བ་དང་། །
འགྲོ་དུས་ཁུར་པོ་ཡང་བ་དང་། །
ཕྱོགས་མེད་རྒྱལ་ཁམས་འགྲིམས་པ་འདི། །
བྱ་བྲལ་སྟོང་གི་བསྡུས་གཟུགས་རེད། །
དབང་སྐུར་མང་པོ་ཞུས་པ་དང་། །
དམ་ཚིག་སྲོག་གིས་སྲུང་བ་དང་། །
བསྐྱེད་རྫོགས་ཉམས་རྟོགས་འབར་བ་འདི། །
རྣལ་འབྱོར་སྟོང་གི་བསྡུས་གཟུགས་རེད། །
རྡོ་ཡི་མཎཌལ་འབུལ་བ་དང་། །
ཕྱག་ལ་སེར་ཁ་གས་པ་དང་། །
ཕྱག་ངར་ཁྲག་གིས་སྦགས་པ་འདི། །
དཀའ་ཐུབ་སྟོང་གི་བསྡུས་གཟུགས་ཡིན། །
འདུལ་བས་སྔགས་ལ་མི་གནོད་ཅིང་། །
སྔགས་ཀྱིས་འདུལ་བ་མི་སྤོང་བར། །
གཅིག་གྲོགས་གཅིག་ཏུ་ཤར་བ་འདི། །
བསྟན་འཛིན་སྟོང་གི་བསྡུས་གཟུགས་རེད། །
འཆད་ན་སྤྲིན་བཞིན་འཕྱུར་བ་དང་། །
རྩོད་ན་གློག་བཞིན་འཁྱུག་པ་དང་། །
རྩོམ་ན་ཆར་བཞིན་འབབ་པ་འདི། །
མཁས་པ་སྟོང་གི་བསྡུས་གཟུགས་རེད། །
ཁྱེད་ཀྱིས་ཨ་མ་དྲན་པ་དང་། །
ཨ་མས་ཁྱེད་རང་དྲན་ན་ཡང་། །
ཚེ་འདིར་མཇལ་སྐལ་མ་བྱུང་བ། །
སྐྱོ་གར་སྟོང་གི་བསྡུས་གཟུགས་རེད། །
ཡི་དམ་ལྷ་ཞལ་གཟིགས་པ་དང་། །
མཁའ་འགྲོའི་ལུང་བསྟན་ཐོབ་པ་དང་། །
ཆོས་སྐྱོང་བྲན་དུ་ཁོལ་བ་འདི། །
གྲུབ་ཐོབ་སྟོང་གི་བསྡུས་གཟུགས་རེད། །
བོད་ཡུལ་གྲྭ་པས་བཀང་བ་དང་། །
གྲྭ་ས་ཆོས་སྒྲས་ཁེངས་པ་དང་། །
ཆོས་སྒྲས་ཆོས་མིན་ཕམ་པ་འདི། །
ཆོས་པ་སྟོང་གི་བསྡུས་གཟུགས་རེད། །
བོད་ཡུལ་གནའ་ནས་བསྐྱུར་པ་དང་། །
ས་མཐར་བྲེལ་འཚབ་ཆེ་བ་དང་། །
དགའ་ལྡན་ལྔ་མཆོད་བསླེབས་པ་ཡིས། །
འདི་ཙམ་ཁྱེད་ལ་འབུལ་བ་ལགས། །
ཆོས་ལུགས་མི་ཤེས་ཆོས་པར་བརྫུས་པ་ཡི།
ཀླུ་ཡི་མིང་ཁུར་སྨྱོན་པ་བསྟན་དགྲ་དེས།
རྟག་ཏུ་དགེ་འདུན་སྡེ་ལ་སྡང་བ་དེ།
སྙིགས་ལྔའི་རང་སྡང་ཕྱི་ཆེར་བདོ་བའི་རྟགས།
བསྟན་པའི་དགྲ་བོ་ཀླུ་སྨྱོན་ཆོས་ཅན། ཁྱོད་དགེ་འདུན་གྱི་སྡེ་ལ་སྡང་བ་དེ་སྙིགས་མའི་རང་མདངས་མ་ཡིན་པར་ཐལ། ཁྱོད་བསྟན་དགྲ་ཡིན་པའི་ཕྱིར། འདི་ལ་མ་ཁྱབ་དང་མ་གྲུབ་གང་བྱས་ཀྱང་དངོས་འགལ་ཡིན་ནོ།། བསྟན་འཛིན་གྱི་སྐྱེས་བུ་སྐྱུར་རྩི་ཆོས་ཅན། ཁྱོད་ཀླུ་སྨྱོན་ལ་སྡང་བ་དེ་སྙིགས་མའི་རང་མདངས་ཡིན་པར་ཐལ། ཁྱོད་བསྟན་འཛིན་ཡིན་པའི་ཕྱིར། འདི་ལ་མ་ཁྱབ་དང་མ་གྲུབ་གང་བྱས་ཀྱང་དངོས་འགལ་ཡིན་ནོ།།
ཐར་ཤུལ་ཀླུ་སྨྱོན་བླ་མས།།བདེན་པ་གསུངས་པ་མཁྱེན་ནོ།།སྐྱུར་རྩི་སྡང་མིག་བཀྲད་པ།།མིག་གི་མཐོང་ལམ་ཡིན་ནོ།།
ཧཧཧ།
ཀ་ཀ།
དཔལ་ལྡན་གླུ་སྨྱོན་ཧེ་རུ་ཀས།།
དབྱངས་ཅན་བུ་མོའི་ཕང་འགྲོའི་སྒྲ།།
ཕྱག་སོར་རྩེ་ལ་དྲངས་ནས་ནི།།
ཙོང་ཁའི་བླ་མར་བསྟོད་པ་བཟང་།།
དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།
ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས།
རབ་བྱུང་དྲུག་པ་མེ་མོ་བྱ་ཡི་ལོར།།
སངས་རྒྱས་བྱང་སེམས་མང་པོས་ལུང་བསྟན་བཞིན།།
དཔལ་ཆེན་ཀླུ་འབུམ་དགེ་དང་སྲས་སུ་འབྲེལ།།
ཙོང་ཁའི་ཡུལ་དུ་བལྟམས་པའི་རྣམ་ཐར་ཡིན།།
ལྟེ་བའི་མཚལ་ཐིག་ས་ལ་འཕོས་བ་ལས།།
ཙན་དན་ལྗོན་པ་ལོ་འདབ་འབུམ་ཕྲག་ཅན།།
སེངྒེ་ང་རོའི་སྐུ་ཡིས་བརྒྱན་པ་འཁྲུངས།།
སྔ་རབས་གཞན་ལ་མེད་པའི་རྣམ་ཐར་ཡིན།།
དགུང་ལོ་གསུམ་པར་གྲུབ་དབང་ཀརྨ་བས།།
དགེ་བསྙེན་བསྒྲུབས་ཤིང་བདུན་པར་ཆོས་ཀྱི་རྗེ།།
དོན་གྲུན་རིན་ཆེན་དྲུང་ནས་རབ་ཏུ་བྱུང་།།
རྒྱལ་བའི་བསྟན་ལ་ཞུགས་པའི་རྣམ་ཐར་ཡིན།།
བཅུ་དྲུག་པ་ལ་དུས་གསུམ་གཟིགས་པ་ཡི།།
བླ་མའི་བཀའ་དང་རང་གི་དད་སྟོབས་ཀྱིས།།
དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར།།
ཉི་ཟླ་ཤར་ནས་འཆར་བའི་རྣམ་ཐར་ཡིན།།
རྒྱ་གར་པཎ་གྲུབ་ལྟ་བུའི་མཁས་མང་ལས།།
མདོ་སྔགས་ལེགས་བཤད་གཙུག་ལག་ཀུན་ལ་སྦྱངས།།
རབ་འབྱམས་ཤེས་བྱ་ནམ་མཁའི་ཕ་མཐར་སོན།།
དང་པོར་ཐོས་པ་བཙལ་བའི་རྣམ་ཐར་ཡིན།།
འདི་མན་དྲན་མ་སོང་།
རྡོ་ཡི་མཎཌལ་འབུལ་བ་དང་།།མཎྜལ་རེད། དཀྱིལ་འཁོར་ལ་གོ། སྙིང་པོ་ལེན་པ་ལའང།
རྗེ་བླ་མ་ལ་གསོལ་བ་ཕུར་ཚུགས་སུ་འདེབས་པ་བཞུགས་སོ།།
མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་།།
རྩ་བའི་བླ་མ་ཀུན་འདུས་ནོར་བུའི་སྐུ།།
སྨྲ་བའི་སེངྒེ་ཁམས་གསུམ་ཟིལ་གནོན་ལ།།
ཕྱི་ནང་གསང་བའི་གསོལ་བ་དྲག་ཏུ་འདེབས།།
བདག་གི་སྤྱི་བོར་པད་ཟླའི་གདན་སྟེང་ན།།
རྩ་བའི་བླ་མ་ཀུན་འདུས་ནོར་བུའི་སྐུ།།
སྨྲ་བའི་སེངྒེ་ཁམས་གསུམ་ཟིལ་གནོན་ལ།།
ཕྱི་ནང་གསང་བའི་གསོལ་བ་དྲག་ཏུ་འདེབས།།
བདག་གི་སྙིང་གར་པདྨའི་གདན་སྟེང་ན།།
རྩ་བའི་བླ་མ་ཀུན་འདུས་ནོར་བུའི་སྐུ།།
སྨྲ་བའི་སེངྒེ་ཁམས་གསུམ་ཟིལ་གནོན་ལ།།
ཕྱི་ནང་གསང་བའི་གསོལ་བ་དྲག་ཏུ་འདེབས།།
ལན་གྲངས་བརྒྱ་སྟོང་ཁྲི་འབུམ་གསོལ་བ་འདེབས།།
ས་ཡ་བྱེ་བ་དུང་ཕྱིར་གསོལ་བ་འདེབས།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ཅི་ཐོན།
བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ།།
མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།།
བླང་དོར་འབྱེད་པའི་རྩ་བ་མཐར་ཐུག་པ།།
ཤེས་རབ་བདུན་གྱི་དངོས་གྲུབ་སྩལ་དུ་གསོལ།།
ལམ་གྱི་རིམ་པའི་གཅེས་ནོར་མཐར་ཐུག་པ།།
དོན་ཆེན་གསུམ་གྱི་དངོས་གྲུབ་སྩལ་དུ་གསོལ།།
རེ་ས་གཞན་ན་མེད་པའི་དད་གུས་ཀྱིས།།
ཕུར་བུའི་ཚུགས་སུ་ཡང་ཡང་གསོལ་འདེབས་ན།།
ཞི་བའི་སྤྲུལ་བ་བསམ་གྱིས་མི་ཁྱབ་པས།།
ནད་གདོན་སྡིག་སྒྲིབ་མ་ལུས་ཞི་བར་མཛོད།།
རྒྱས་པའི་སྤྲུལ་བ་བསམ་གྱིས་མི་ཁྱབ་པས།།
ཆོས་སྲིད་དཔལ་འབྱོར་མ་ལུས་རྒྱས་པར་མཛོད།།
དབང་གི་སྤྲུལ་བ་བསམ་གྱིས་མི་ཁྱབ་པས།།
ས་གསུམ་དྲེགས་པ་མ་ལུས་དབང་དུ་སྡུས།།
དྲག་པོའི་སྤྲུལ་བ་བསམ་གྱིས་མི་ཁྱབ་པས།།
དགྲ་བགེགས་མ་ལུས་ཐལ་བའི་ཐལ་བའི་རྡུལ་དུ་རློགས།།
རྒྱལ་བའི་བསྟན་པ་དར་བར་བྱིན་གྱིས་རློབས།།
འགྲོ་བའི་བདེ་སྐྱིད་རྒྱས་པར་བྱིན་གྱིས་རློབས།།
འདུས་སྡེའི་གཟི་བརྗིད་རྒྱས་པར་བྱིན་གྱིས་རློབས།།
བདག་གི་ལེགས་ཚོགས་འགྲུབ་པར་བྱིན་གྱིས་རློབས།།
རྒན་ཀླུ་སྨྱོན་ལགས་སུ་བཀྲ་ཤིས་རྟེན་འབྲེལ་ཞུ། ཉིད་ཀྱིས། ས་མཐའ་ནས་ཙོང་ཁ་པར་ཕུལ་བའི་ཚིག་འགའ། ཞེས་པ་ཆ་ཚང་ཀློག་ཚར་ཡིན། འཇུ་མི་ཕམ་གྱིས་རྗེ་བདག་ཉིད་ཆེན་པོར་བསྟོད་པའི་ཚིག་འགའ་དྲངས་ན། མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་གང་།། གཅིག་བསྡུས་རྗེ་བཙུན་ངག་གི་དབང་ཕྱུག་ནི།། ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ།། མཚུངས་མེད་བློ་བཟང་རྒྱལ་བའི་དབང་པོ་ཁྱོད།། རྙོག་བྲལ་ཡིད་ཀྱི་རྒྱ་མཚོ་དྭངས་པའི་ངོས།། དད་པའི་འདབ་སྟོང་བཞད་པའི་གེ་སར་ལ།། དགྱེས་པར་བཞུགས་ནས་མོས་ལྡན་ལྡན་བདག་ཅག་གི། བསྟོད་པའི་མེ་ཏོག་འཐོར་ལ་ཡིད་ཙམ་དགོངས།། སྟོན་པ་མཆོག་དེས་དཔག་མེད་དཀའ་བ་ཡི།། བསྒྲུབས་པའི་ཆོས་ཚུལ་ཡིད་བཞིན་རིན་པོ་ཆེ།། བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་འགོད་པའི།། སྙིང་སྟོབས་རྡོ་རྗེའི་དམ་བཅའ་ཁྱོད་ཀྱིས་བཞེས།། ཞེས་དང་། ཡང་། མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་བཟང་ནས།། གྲུབ་མཆོག་ནོར་བུའི་གླིང་དུ་གཤེགས་ཁྱོད་ཀྱིས།། ཞབས་སེན་ཨུཏྤལ་གཞོན་ནུའི་ཕྲེང་བ་གང་།། གྲུབ་བརྙེས་བྱེ་བའི་གཙུག་ཏོར་རྩེ་ན་མཛེས།། ཞེས་སྔ་འགྱུར་བསྟན་པའི་མཛེས་རྒྱན་མི་ཕམ་འཇམ་པའི་དབྱངས་ཀྱིས་ (རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་བོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག) ཅེས་པ་ཤོ་ལ་ཀ་བཞི་བཅུར་ཡོད་པ་ཞིག་བྲིས་ཏེ། དད་པ་དང་རྒྱུ་མཚན་ཆེན་པོས་བསྟོད་བསྔགས་རྒྱ་ཆེར་གནང་ཚུལ་ལ་བལྟས་ན་མཁས་གྲུབ་རྣམ་པའི་དགོངས་ཀློང་གཞི་གཅིག་ཏུ་འདྲེས་ཟེར་པའི་དོན་དེར་ཡིད་ཆེས་དྲངས་ཡོང་གི་འདུག ས་འཐའ་ནས་ཙོང་ཁ་པར་ཚིག་འགའ་ཕུལ་བ་ཡང་། ཁོར་ཡུག་དང་སྤྱི་ཚོགས་ཀྱི་རླུང་ཁར་མ་གཟེངས་པར་ཐོག་མའི་བག་ཆགས་དང་དད་འདུན་གྱི་མེ་ཏོག་མ་རྙིང་པའི་རྟགས་སུ་མཐོང་པས། ཧ་ཅང་དགའ་བསུ་ཞུ་འོས་པ་ཞིག་རེད།
མཁྱེན་ཡངས་དྲཱ་གྲོགས་ཀླུ་སྨྱོན་མཚན་ཅན་ལགས།།དུས་སུ་བབ་པའི་ལྔ་མཆོད་སྔ་མར་
གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་དམ་པ་དེ་ཉིད་ཀྱི་མཛད་རྣམ་རག་བསྡུས་སྒྲོ་སྐུར་སྤངས་ཏེ་གོ་བདེར་བཀོད་པ་གོང་མ་རྣམས་ལ་མངོན་པར་བསྟོད་དོ།།
འོན་ཀྱང་།
མཐའ་མའི་ཤློཀ་དེའི་གོ་དོན་རྗེ་ཐམས་བཅད་མཁྱེན་པས་བོད་བསྐྱུར་བའམ་
ཐུགས་བློས་བཏང་བར་གསུང་གནང་གི་ཡོད་དམ།། ཡང་ན་ཁྱེད་ཀྱི་གནའ་ནས་བསྐྱུར་བར་གསུང་གནང་གི་ཡོད།
གལ་སྲིད་དང་པོ་ལྟར་དགོངས་དེ་གསུངས་ཀྱི་ཡོད་ན་ནི་། དེ་ལ་རྟགས་མ་གྲུབ་ཅེས་པའི་ལན་ཞིག་མགྲིན་པ་གཟེངས་སུ་སྟེགས་ནས་འདེབས་
རྒྱུ་ཡིན། གང་ཡིན་ཞེ་ན་རྗེ་བདག་ཉིད་ཆེན་པོ་གང་ཉིད་ཀྱིས་། དགག་བྱ་ཆེ་ཞིང་དགོས་པ་ཆུང་བར་གཟིགས་ཏེ་། རྒྱ་གཞུང་གིས་སྔ་རྗེས་སུ་གདན་ཞུའི་འབུལ་བ་སོགས་ཐེངས་མང་འབྱོར་ཀྱང་། རང་ཚུགས་བརྟན་པོར་བཞུགས་ཤིང་རྒྱ་ནག་ཏུ་མ་བྱོན་པ་དང་། མཐར་སྐུ་ཚེ་འདིའི་གངས་ཅན་བོད་ཡུལ་གྱི་མཛད་པ་དང་སྐལ་ལྡན་གྱི་གདུལ་བྱ་རེ་ཞིག་མཇུག་རྫོགས་པ་ན།དམ་པ་གང་ཉིད་བར་དོར་སྒྱུ་ལུས་མངོན་དུ་མཛད་དེ་སེམས་ཅན་
གྱི་དོན་དཔག་ཏུ་མེད་པའི་ཐུགས་ཁུར་བསྐྱངས་དང་སྐྱོང་བཞིན་པའི་ཐེག་ཆེན་འཕགས་
པ་ཡིན་པའི་ཕྱིར་ཏེ། ཀརྨ་མི་སྐྱོད་རྡོ་རྗེའི་ཞལ་སྔ་ནས།།
བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ།།
ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས།།
འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ།།
ཞེས་དང་། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་པ།ཞེས་སོགས་དང།
འབྲུག་པ་པདྨ་དཀར་པོ་མཆོག་གིས།།
ཟབ་མོའི་དོན་དེ་འཆད་ལ་ཁྱོད་དང་ནི།།
མཚུངས་པ་མེད་ན་ལྷག་པ་ཡོད་མིན་པས།།
འགྲན་ཟླ་མི་བྱེད་པདྨ་དཀར་པོས་བསྟོད།།
ཞེས་སོགས་གསུངས་པའི་ཕྱིར།
ཨ་ངེས་པའི་དབྱངས།།
ཀ་མ་ལ་ལྟར་རྣམ་པར་རབ་བཀྲ་བ།
ཁ་བ་གངས་ཅན་ལྷ་གནས་རྒྱན་བཟང་གང་།།
ག་བ་ས་ན་ཁྱད་འཕགས་རང་མདངས་གསལ།།
ང་ཅག་རྩམ་ཟན་བླ་མ་ཟླ་བྲལ་རྨད།།
མཁྱེན་ཡངས་དྲཱ་གྲོགས་མིག་བརྒྱད་མཚན་ཅན་ལགས།།
ས་ཡ་བྱེ་བ་དུང་ཕྱིར་དུ་གསོལ་བ་འདེབས་གསུང་གི་ཡོད་དམ་ཡང་ན་དུང་ཕྱུར་ལ་དུང་ཕྱིར་ཞེས་ཡིག་ནོར་ཤོར་བ་ཡིན་ནམ། དང་པོ་ལྟར་ན་དེ་ཙམ་དགོས་པ་ཆེར་མ་མཐོང་ངོ།།
གཞན་ཡང་ཁྱེད་ཀྱིས་དམིགས་བརྩེ་མ་ལྔ་སྐོར་གྱི་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། ཞེས་པ་མི་གསུངས་བའི་རྒྱུ་མཚན་གང་ཡིན་ནམ། ཚིག་དེ་མཚན་དོན་མི་མཚུངས་པར་དགོངས་ནས་བཏང་བསྙོམས་སུ་བཞག་པ་ཡིན་ནམ། ཡང་ན་གང་ཡིན་གསལ་པོ་གསུངས་རོགས་གནང་། གངས་ཅན་མཁས་པའི་གཙུག་རྒྱན་ཞེས་མཚན་སྙན་བསྒྲོན་མཁན་གང་གི་བླ་མ་རྗེ་
བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཚན་དོན་མཚུངས་པར་དགོངས་སྟེ་ཁམས་གསུམ་འགྲོ་བའི་བླ་མ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག། མཉམ་མེད་ཆོས་ཀྱི་རྒྱལ་པོ།ངེས་པ་དོན་གྱི་མཁས་པའི་གཙུག་རྒྱན་རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ལ་ཕུལ་པ་མ་ཡིན་ནམ།།།
རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་རྣམ་ཐར་ཚིག་བཅད་དུ་བཀོད་པ་རྣམས་དད་པའི་དྲན་གསོས་སུ་གྱུར་སོང་བས་དྲ་གྲོགས་རྣམས་ལ་ཐུགས་རྗེ་ཆེ་ཞུ།།
དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས།
དངོས་སྟོབས་རིགས་པའི་ཤན་འབྱེད་ས་པཎ་རྗེ།
མདོ་སྔགས་བསྟན་པའི་འབྱུང་གནས་བློ་བཟང་གྲགས།
ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ།
གངས་ཅན་འཇམ་དཔལ་དབྱངས་དངོས་རྣམ་གསུམ་ཡིན།
རྣམས་གསུམ་མཁས་པའི་ལམ་ལ་ལེགས་སྦྱང་ན།
གྲུབ་བརྙེས་རྒྱལ་བའི་གསུང་རབ་མཐའ་དག་ཀུན།
མ་ལུས་གཟུངས་དང་སྤོབས་པའི་ཡུལ་དུ་གྱུར།
ཞེས་གསུངས་སོ།
མཁྱེན་ཡངས་དྲཱ་གྲོགས་གཙང་ཞོལ་བདེ་གསལ་ལགས།
ཡིད་ཙམ་དགོངས་ཞེས་པ་དེ་ཡུད་ཙམ་དགོངས་ཞེས་བྲིས་གནང་ན་ཅུང་གོ་རྒྱུ་ཆེའོ་སྙམ་སྟེ་ཡུད་ཙམ་ཞེས་པ་ནི་དུས་ཚོད་ཐང་གཅིག་སུམ་ཅུ་ལ་ཡུད་ཙམ་གཅིག་ཡིན་པས་དེ་ལྟར་བྲིས་ན་ལེགས་པར་མཐོང་།། གང་ཡིན་ཞེ་ན་ཡིད་ཙམ་དགོངས་ཞེས་བྲིས་གནང་ན་ནི། ཡིད་ཙམ་མ་གཏོགས་གཞན་ལུས་དང་ངག་གིས་དགོངས་ཞེས་པའི་ཐ་སྙད་མེད་པས་གོ་རྒྱུ་ཆུང་བར་འདུག་ཀྱང་མ་དཔེར་ཁྱེད་ཀྱི་བྲིས་གནང་བ་དང་གཅིག་མཚངས་ཡིན་སྙམ་སྟེ་
དཔྱད་དོ།གཞན་ཡང་། གྲུབ་མཆོག་ནོར་བུའི་གླིང་དུ་གཤེགས་ཁྱེད་ཀྱིས། ཞེས་པ་གཤེགས་ཁྱེད་ཀྱི། ཞེས་འབྲེལ་སྒྲ་བྲིས་གནང་ན་གོ་རྒྱུ་ཆེ་བ་མ་གཏོགས་བྱེད་སྒྲ་
བྲིས་གནང་ན་དེ་ལ་བྱ་ཚིག་རང་དབང་ཅན་ནམ་བྱ་བྱེད་ཐ་དད་པའི་བྱ་ཚིག་་གང་ཡང་
མི་འདུག་པས་གོ་བ་ཆུང་བ་མ་ཟད་བྱ་ཚིག་གཞན་དབང་ཅན་མཛེས་ཞེས་པ་འདི་ལ་
གཤེགས་ཁྱེད་ཀྱིས་ཞེས་པའི་བྱེད་སྒྲ་བྲིས་གནང་བ་ཡིན་ན་བརྡ་སྤྲོད་དང་ཅུང་མི་
མཐུན་ནོ་སྙམ་སྟེ་དཔྱད་དོ།།
ཅ་ལག་ཕལ་པ་དག་ལ་སྤྱད་ནས་ཀྱང་།།
ཆ་ཤས་ཡན་ལག་ལྔ་ཀས་ཕྱག་འཚལ་མཐར།།
ཇ་ལན་ཆབ་འཇལ་སྤངས་མཛད་བདག་ཅག་སྐྱབས།།
ཉ་མ་མཐའ་དག་བཅས་པས་བསྔགས་གང་རྒྱལ།།
dondub ལགས། བོད་ཤོར་བའི་རྒྱུ་རྐྱེན་ཁོང་མ་རེད། བོད་ཀྱི་ཚོང་བ་དང་སྐུ་དྲག་རྣམ་པ་ཚོ་རེད། རྗེ་རིན་པོའི་ཆེའི་སྐུ་རིང་ལ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་མེད་ཀྱང་། ཕྱི་དགྲ་ནང་དགྲ་གང་ཡང་མེད་པར་མཛད་འཕྲིན་ཡུག་གཅིག་གིས་ཁྱབ་ཅིང་རྒྱ་ནག་གོང་མས་གདན་ཞུ་འབྱོར་ཀྱང་མ་ཕེབས་པ་སོགས་འཇིག་རྟེན་ཆོས་བརྒྱད་སྤངས་བའི་ཉེར་ལེན་གྱིས་སྟོབས་འབྱོར་རྒྱལ་ཁབ་གང་གིས་ཀྱང་བོད་ལ་ཐེ་གཏོགས་བྱེད་མཁན་མ་བྱུང་བ་རེད།
སྣྲོན་ངག་ཁྲི་ལགས། སྐུ་ཉིད་ཀྱིས་གསུངས་པ་དེ་ག་རང་རེད། དུང་ཕྱིར་མ་རེད། དུང་ཕྱུར་རེད།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
སྣྲོན་ངག་ཁྲི་ལགས། དེ་དེ་བཞིན་ནོ། ཉམས་པར་མ་བཞག་པ་སོགས་ཀྱིས་ནོར་འཁྲུལ་བྱུང་སོང་བས་དགོངས་འགལ་མེད་པར་མཁྱེན། ཐུགས་རྗེ་ཆེ།
རྒྱལ་མཆོག་དང་པོའི་མཛད་རྣམ་དུ། རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་སུ་བླ་མ་དྲི་མེད་དཔལ་ལྡན་ཁོང་མ་འོངས་བར་བོད་གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཆེན་པོ་པདྨའི་སྐུའི་སྐྱེ་བ་བཞེས། རྒྱལ་བུ་དཀོན་མཆོག་འབངས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོར་སྐྱེ་བ་བཞེས། སླར་ཡང་སློབ་དཔོན་རིན་པོ་ཆེ་ནི་རྒྱ་གར་འཕགས་ཡུལ་དུ་དཔལ་ལྡན་ཨ་ཏི་ཤའི་སྐུའི་སྐྱེ་བ་བཞེས། སྲོང་བཙན་སྒམ་པོ་ནི་འབྲོམ་སྟོན་པའི་སྐྱེ་བ་བཞེས། དེ་ནས་སླར་ཡང་ཨ་ཏི་ཤ་ནི་རྗེ་ཙོང་ཁ་བའི་སྐུའི་སྐྱེ་བ་བཞེས། འབྲོམ་སྟོན་པ་ནི་རྗེ་དགེ་འདུན་གྲུབ་པའི་སྐྱེ་བ་བཞེས་ཚུལ་གསུངས་འདུག །བཀའ་བསྡུས་ལས་ཀྱང་། ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས།།སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར།།ཞེས་གསུངས་འདུག་པ་དང་།
རྗེ་གུང་ཐང་བསྟན་པའི་སྒྲོན་མེས།
གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་།།
དེ་དོན་རྒྱུད་ལ་སྦྱོར་མཛད་ཨ་ཏི་ཤ།།
དེ་ལ་འཁྲུལ་བ་སེལ་མཛད་ཙོང་ཁ་བ།།
རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ།།ཞེས་གསུངས་འདུག་པ་དེ་ནི་གོང་སྨོས་དེ་དང་གནད་གཅིག་པར་མཐོང་།
རྗེའི་རྣམ་ཐར་ཆེན་མོ་ལས། སྟོན་པ་ཤཱཀྱ་ཐུབ་པ་ནས་བཟུང་སྟེ་རྗེ་ཙོང་ཁ་བའི་སྐུའི་སྐྱེ་བ་བཅུ་བདུན་བཞེས་ཚུལ་གསུངས་འདུག །རྗེ་དགེ་འདུན་གྲུབ་པས་མཛད་པའི་ཤར་གངས་རི་མ་ལས། ལར་ཁྱོད་ཀྱི་བསྟན་པ་འཛིན་པ་ལ།།དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།།ཞེས་གསུངས་པ་ལྟར་རྗེ་རིན་པོ་ཆེའི་ཐུགས་སྲས་བུ་སློབ་རྗེ་དགེ་འདུན་གྲུབ་པ་ནས་བཟུང་རྒྱལ་མཆོག་རིམ་པར་བྱོན་པ་རྣམས་ཀྱིས་དུས་དེང་སང་གི་བར་དུ་རྗེའི་བསྟན་པ་ལ་མ་རྟོགས་ལོག་གི་དྲི་མ་མཐའ་དག་སེལ་བར་མཛད་པའི་སྐུ་དྲིན་གཞན་ལས་ཆེ་བ་ཡོད་པ་དང་། ཡིན་ན་ཡང་མི་རྣམས་བསོད་ནམས་ཟད་པ་དང་ཤེས་རབ་དམན་པ། འདོད་ཡོན་གྱི་རྦ་ཀློང་འཁྲིགས་པའི་དུས་ན་བསྟན་པ་ཉམ་ཉེས་སུ་འགྱུར་བ་ཆོས་ཉིད་ཡིན་པས་བཟློག་ཐབས་མེད། ལྷག་པར་རྐྱེན་ངན་རི་འཛིངས་ཀྱི་ཁྲོད་བསྟན་པའི་གནད་ཤེས་བའི་སྐྱེས་བོ་དཀོན་པ་དང་ཚེ་འདི་མ་གཏོགས་གང་ཡང་མི་དྲན་པའི་མི་ཞིག་གིས་བསྟན་པ་ལ་མཚང་འདྲི་བ་དང་དམའ་འབེབས་པ་སོགས་ཡོང་གི་ཡོད་པ་རེད། རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་རེད།
ཙོང་ཁ་པ་བློ་བཟང་གྲགས་པ་དེའི་གསུང་འབུམ་རེ་གཉིས་བཀླགས་རྗེས་བླ་མ་དེར་དགའ་བོ་ཏོག་ཙམ་ཆག་སོང་ ཙོང་ཁ་པས་རྒྱ་གར་མཁས་པའི་རྩ་བ་འདེད་ནས་སངས་རྒྱས་ཀྱི་བཀའ་དང་ཁུངས་བཙལ་བ་དེ་ད་ལྟ་བལྟས་ན་འཚམས་པོ་བྱུང་འདུག ཁོ་པས་སྟོང་ཉིད་དེ་ཀླུ་གྲུབ་ཀྱི་གཞུང་ཕྱོགས་དང་མཐུན་པར་དཔྱད་པ་དང་བྱང་ས་དེ་བྱམས་ཆོས་སྡེ་ལྔ་དང་ཐོགས་མེད་སོགས་ཀྱི་གཞུང་རྩད་ཡོང་དུས་བོད་ཀྱི་ནང་ཆོས་དེ་རྒྱ་གར་གྱི་རྒྱུད་པ་ཆད་མེད་ཞིག་ཡིན་པ་བློ་གཟེངས་སུ་སྒྲེངས་ནས་འཆད་སྐབས། བོད་རྒྱུད་ནང་ཆོས་འདི་ལ་ཕྱིས་སུ་ཚན་རིག་པ་དང་ཆོས་ཁས་ལེན་མི་བྱེད་མཁན་གྱི་སྐྱེ་བོ་རྣམས་ཀྱིས་ཀྱང་སྒོ་ཡངས་པོས་དཔྱད་པ་བྱ་རྒྱུ་བྱུང་འདུག
བླ་མ་དེས་གཞུང་གོང་འོག་བསྒྲིགས་ནས་རྩོད་གྲུབ་རིགས་པའི་ཐོག་ནས་མགོ་སྐྱབས་འགྲོ་ནས་མཇུག་སྟོང་ཉིད་ཀྱི་གཞུང་ཚང་མ་རིགས་པ་དང་རྒྱུ་མཚན་ལ་བརྟེན་ནས་གྲུབ་ཡོང་དུས། ཡེ་ཤུ་དང་ཁ་ཆེ། དེ་བཞིན་ཧིན་རྡུའི་ལྷ་དང་འཇིག་བརྟེན་བཀོད་པ་པོའི་རྗེས་བྲངས་རྣམས་ག་བྱེད་འདི་བྱེད་མེད་པ་བཟོ་བ་འདི་ངོ་མཚར་ཆེ་སྙམས།
དེར་བརྟེན། ཨ་རིའི་ཆོས་ལུགས་རིག་པ་ཞིབ་འཇུག་མ་མཁས་ཅན་ཞིག་གིས། གལ་ཏེ་ཡེ་ཤུའི་ཆོས་ལུགས་ནང་ལ་དུས་རབས་༡༣སྐབས་ཙོང་ཁ་པ་ལྟ་བུའི་བླ་མ་ཞིག་བྱུང་ནས་ཡེ་ཤུའི་ཆོས་ལུགས་ལ་རྩོད་གྲུབ་རིགས་པ་དང་དག་ཤེར་རིང་ལུགས་པའི་བསླབ་སྦྱོང་གི་གཞུང་ལུགས་ཤིག་བཙུགས་ཡོད་ན། ད་ལྟའི་ཡེ་ཤུ་འདི་དད་པ་དང་རྨོངས་དད་ཅིག་པུ་ལ་བརྟེན་མི་དགོས་པ་ཆགས་ཡོད་ཟེར་བ་འདི་ལ་རྒྱུ་མཚན་འདུག
ད་ལྟ་ཚན་རིག་པས་ནང་ཆོས་འདི་ལ་དམིགས་བསལ་གྱིས་ཞིབ་འཇུག་བྱེད་རིན་ཡོད་པའི་དངོས་པོ་ཞིག་ལ་རྩིས་དགོས་དོན་དེ་ཡང་རྒྱུ་མཚན་འདི་ལ་སྣང་སྙམས་སོ།
དེར་བརྟེན་ཡིད་བཞིན་ནོར་བུས་ཁ་སྔོན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་དུས་འཁོར་དབང་ཆེན་གྱི་བཀའ་བརྩལ་སྐབས། ང་ཞོགས་པ་ཡར་ལངས་རྗེས་ཐོག་མ་དཔྱད་སྒོམ་བྱེད་ཀྱིན་ཡོད། དེ་ནས་ཁ་ལག་བཟས་རྗེས་ཡང་སྐྱར་དཔྱད་སྒོམ་བྱེད་ཀྱིན་ཡོད་གསུངས་པ་འདིར་དགོས་པ་འདུག
བོད་སྤྱིའི་སྐད་དང་ཁ་སྐད་དག
འདྲེས་པར་རྩོམ་ལ་ཐོགས་རྡུགས་མེད།
ཀླུ་སྨྱོན་ཧེ་རུ་ཀ་བླ་མའི།
ད་ལྟའི་་སྐད་རིགས་བསྡུས་གཟུགས་ཡིན།། ༡ །།
དི་རིང་བཀའ་དྲིན་ཉིན་དགའ་སྟོན།
སང་ཉིན་རྒྱ་གར་འཕགས་ཡུལ་དུ།
འགྲོ་བར་སྒུག་པའི་དུས་ཐུང་འདིར།
མཁས་པའི་གསུང་དག་ལ་ཀློག་ལ་སྤྲོ།། ༢ །།
རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེའི།
པཎ་ཆེན་དགེ་འདུན་གྲུབ་པ་གསུམ།
རྒྱལ་བ་ཙོང་ཁ་པར་བསྟོད་བསྔགས།
ཆུང་དུས་བློ་འཛིན་བྱེད་སྐལ་བཟང་།། ༣ །།
མཁས་གྲུབ་རྗེས། དཔལ་ས་གསུམ་མ་ན།
ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས།
ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས།
བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན།
ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས།། ༢༥ །།
རྗེ་ཙོང་པ་རང་ཉིད་ཀྱི་གསུང་རྗེ་བཙུན་རེད་མདའ་པ་གཞོན་ནུ་བློ་གྲོས་ཞབས་ལ་བསྟོད་བསྔགས་སུ་མཛད་པན། རྗེ་བཙུན་རེད་མདའ་པཆེན་པོས་འདི་ཉིད་ང་ལ་མི་འོས་ཀྱི། ཁྱོད་ལ་འོས་སོ་ཞེས་གསུངས་པ། ད་ལྟ་རང་རེས་ཉིན་ལྟར་འདོན་པ་དེ། མིག་བརྒྱད་པ་མཆོག་གིས་བཀོད་པ་བཞིན་འདོན་ན་བྱིན་རླབས་ཆེ་བས་སླར་ཡང་ང་རང་ཁྱིམ་དུ་ཡོད་སྐབས་བྱིས་པའི་དུས་སུ།
དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ཞེས་དྲིན་ཅན་མ་དང་སྤུན་མཆེད་རྒན་པ་དག་ལས་ཐོས་པ་སྐྱེ་བ་སྔོན་མར་ལས་བཟང་བསགས་པའི་འབྲས་བུར་ངོས་བཟུང་ནས་ལོང་ཡོད་དུས་ཡང་དང་ཡང་དུ་འདོན་ན། བྱིན་རླབས་ཀྱི་བདུད་རྩིས་ཚིམ་པར་འགྱུར་ཞེས་སེམས་སོ།།
མཁྱེན་ཡངས་མིག་བརྒྱད་མཚན་ཅན་ལགས་།
༡༽ལར་ཁྱོད་ཀྱི་བསྟན་པ་འཛིན་པ་ལ།མ་རེད་། མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ།།
དུས་ནམ་ཡང་བརྩོན་པ་བགྱི་བར་སྨོན་།།ཞེས་གསུངས་གནང་འདུག།།
༢༽རྦ་ཀློང་འཁྲིགས་མ་རེད།འཁྲུགས་རེད།
༣༽རི་འཛིངས་མ་རེད་། རུ་འཛིངས་རེད།།
༤༽ཉམ་ཉེས་མ་རེད་ཉམས་ཉེས་ཞེས་ཡང་འཇུག་ས་འབྲི་དགོས་རེད་སྙམ་བྱུང་།
༥༽རང་ཅག་ནང་པ་སངས་རྒྱས་གཞུང་
ལུགས་སྤྱི་དང་ལྷག་པར་བོད་རྒྱུད་ནང་བསྟན་གྱི་གསུང་རྒྱུན་དུ། སྐྱེ་བུ་དམ་པ་དང་། མཁས་དབང་གྲགས་ཅན་ཕལ་ཆེ་བ་འཕགས་པ་སྤྱན་རས་གཟིགས་དང་། རྗེ་བཙུན་འཇམ་དཔལ་དབྱངས་། ཕྱག་ན་རྡོ་རྗེ་སོགས་ཉེ་བའི་སྲས་ཆེན་བརྒྱད་པོ་གང་རུང་གི་སྤྲུལ་པ་འབའ་ཞིག་ཏུ་ཡང་
ཡང་འགྱུར་གྱི་ཡོད་པར་གསུང་གི་འདུག་པས། ཡང་སྙིང་ཁོང་རྣམ་དང་རྒྱུད་ཐ་དད་པའི་སྐྱེ་བོ་དམ་པ་ཇི་ཙམ་བྱོན་མྱོང་ཡོད་དམ།།
གང་ཟག་ཀྱུས་མའམ་ཕལ་པ་ཞིག་ཁོང་རྣམ་པ་གང་རུང་གི་ངོ་བོར་མ་གྱུར་བར་
རང་སྐྱ་འཕེར་བ་ཞིག་ཡོད་དམ་མེད།།
༦༽ང་ཚོས་འདི་ནས་རང་ཉིད་ལོ་རྒྱུས་ཀྱི་ཉེས་པ་ཆེན་པོ་དེ་དག་ལས་གཡོལ་བའི་ཆེད་དུ། བོད་ཀྱི་བདེན་དོན་འཛིན་མཁན་སྐུ་དྲག་མི་དྲག་ལ་དཀར་ནག་དབྱེ་འབྱེད་མེད་པར་རྒྱུག་པ་ལེབ་བརྡུང་ངང་ལོ་རྒྱུས་ཀྱི་ཞཱ་མོ་ནག་པོ་དེེ་རྣམས་སྐུ་དྲག་དེ་དག་ལ་གཡོགས་རྐྱང་བྱེད་པ་
དང་། རྒྱ་ཕྱོགས་ནས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱ་ཆེད་དམིགས་ཡུལ་ངེས་ཅན་ཞིག་གི་སྒོ་ནས་སྐུ་
དྲག་ཆེན་པོ་གསུམ་མམ་མངའ་བདག་ཆེན་པོ་གསུམ་ཞེས་རྒྱ་ནག་གཞུང་
ཁོ་རང་གིས་རྒྱ་ཆེའི་བོད་མི་དམངས་ལ་མནར་གཅོད་དང་། ལྐོགས་ཟ་རུལ་སུངས་བྱས་པའི་ནག་ཉེས་ལས་གཡོལ་ཆེད་བོད་རང་བཙན་ཡིན་པའི་ལོ་རྒྱུས་
ཀྱི་དཔང་པོར་གྱུར་པའི་གྲགས་ཅན་མི་སྣ་ཁོང་རྣམས་ནག་པོ་ནག་རྐྱང་བཟོ་རྩིས་བྱེད་
པ་དེ་གཉིས་པོ་མཐའ་མའི་བབ་ས་དང་དམིགས་ཡུལ་གཅིག་པ་མ་ཡིན་ནམ།།
སྣྲོན་ངག་ཁྲི་ལགས། ནོར་བཅོས་གནང་བ་ལེགས། ང་ཚོའི་རྒྱལ་རབས་ལོ་རྒྱུས་དང་རྣམ་ཐར་དུ་བཀོད་པ་ཇི་བཞིན་བཟུང་ན་རིགས་གསུམ་མགོན་པོའི་སྤྲུལ་བ་ཤ་སྟག་ཡིན་ཞིང་། མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི་ཆ་ནས་དེ་ལྟར་བརྗོད་ནའང་མི་ཆོག་པ་མེད་སྙམ། རིགས་པས་དཔྱད་ན་ཡང་དེ་ལྟར་ལོས་ཡིན་སྙམ་པ་རང་ཤུགས་ཀྱིས་འོངས་བ་ཞིག་འདུག །མང་པོ་ཞིག་གིས་བོད་ཤོར་བའི་རྒྱུ་རྐྱེན་ཡོད་ཚད་བླ་མ་དང་གྲྭ་བ་ལ་ཐུག་ཡོད་ཚུལ་ཟེར་བ་བདེན་མིན་མི་ཤེས། གལ་ཏེ་བདེན་པ་ཡིན་ན་ང་ཚོས་གཞན་གྱི་བཙན་འཛུན་ཟེར་གི་ཡོད་པ་རེད། གུང་གིས་བཅིངས་གྲོལ་ཟེར་གི་ཡོད་པ་རེད། དེ་གཉིས་ཀ་ལ་བདེན་པའི་ཆ་ལོས་ཡོད། དེ་ཡང་བླ་མས་གོ་སྒྲིག་བྱས་པ་ཡིན་རྒྱུ་རེད། རྒྱ་མི་ས་ལ་དགའ། བོད་པ་གནམ་ལ་དགའ། ཞེས་པའི་གནའ་བོའི་བཤད་ལུགས་དེ་ཚོ་རེད།
བཙན་འཛུལ་ཞེས་པར་བཅོས།
ནང་པའི་ཆོས་ལུགས་པ་དག་མ་ཅིག་ཡིན་ན་ཁོ་ལ་རྒྱལ་ཁབ་དང་མི་རིགས་ཀི་ས་མཚམས་ཤིག་ཕར་བཞག
མཐའ་ན་རང་ཉིད་ལས་ཀྱང་གཞན་གྱི་བདེ་སྡུག་རྩ་ཆེར་འཛིན་བཞིན་པ།དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།།མར་གྱུར་འགྲོ་བའི་སྡུག་བསྔལ་སྡིག་སྒྲིབ་ཀུན།།ད་ལྟ་ཉིད་དུ་བདག་ལ་སྨིན་པ་དང་།།བདག་གི་བདེ་དགེ་གཞན་ལ་བཏང་པ་ཡིས།།འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།།ཞེས་ཞེ་ཐག་པ་ནས་སྨོན་ལམ་བཏབ་རྒྱུད་ཐོག་ཏུ་སྦྱར་ཏེ་ཉམས་ལེན་གནང་གི་ཡོད་ཙང་།རྒྱལ་ཁབ་དང་མི་རིགས་བར་དགྲ་འདུལ་གཉེན་སྐྱོང་གི་འཐབ་རྩོད་སོགས་ཆབ་སྲིད་ཆགས་སྡང་རིགས་ལ་ཆོས་ལུགས་པ་ཚོར་རེ་བ་བརྒྱབ་རྒྱུ་གང་ཡང་མེད་པ་རེད།
བོད་ཤོར་པ་ལ་ཆོས་ལུགས་པ་དག་མ་ཚོར་བཟང་ངན་འབྲེལ་པ་གང་ཡང་མེད་རེད།ཆོས་ཁ་ལ་འཁྱེར་མཁན་སྐབས་འཚོལ་པ་ཚོས་བསྐྱལ་བཞག་མངོན་གསལ་དོད་པོ་རེད།
ཡང་འདི་རིང་། དུས་བབ་ནང་ལ་འཛུལ་དུས་གསང་ཚིག་ནོར་བའི་དབང་གིས་ང་ཀརྨ་རྡོ་རྗེ་འཛུལ་ས་མི་འདུག ཡང་Karma Dorjee ཟེར་བ་འདི་ཡང་ང་མིན་ལགས། གནས་སྐབས་ཁ་བརྡ་དང་དུས་བབ་གཉིས་ཀར་མཆན་བུ་འབྲི་འཚམས་བཞག་དགོས་བྱུང་སོང་བས་དམ་ཚིག་ལྡན་པའི་དྲ་གྲོགས་ཆེད་དུའོ། ཚང་མར་ཐུགས་རྗེ་ཆེ་དང་། བཀྲ་ཤིས་བདེ་ལེགས་ཡོད། དགེའོ། །
karmadorjee
༢༠༡༡/༡༡/༢༥ ཉིན་འདོན་སྤེལ་བྱས། བུ་ཡོན་ཏན་རྒྱ་མཚོ་ལགས་ཀྱི་བཀའ་ལན། (ཁྱེད་ཀྱི་དྲི་བ་འདིའི་ཐད་ང་ལ་བསམ་ཚུལ་མང་པོ་ཞིག་ཞུ་རྒྱུ་ཡོད། ནམ་ཞིག་བོད་རྒྱ་གཉིས་གདོང་ཐུག་བརྒྱབ་སྟེ་བོད་མི་ཁྲི་ཁ་ཤས་ཉི་མ་གཅིག་ལ་བསད་པ་ཡིན་ན། རྒྱ་གཞུང་གིས་དེ་རྒྱལ་ཁ་ཆེན་པོ་ཞིག་ལ་བརྩི་བ་མ་རེད་ལ། བོད་རང་ལ་མཚོན་ནའང་དེ་ཙམ་གྱི་གྱོང་ཆེན་པོ་མ་རེད། ལྐོག་ལྐོག་སིལ་སིལ་གྱིས་བོད་པའི་ཆོས་དང་རིག་གཞུང་གི་ཟུར་དང་སྣེ་ཙམ་རེ་རྩ་མེད་བཏང་བ་ཡིན་ན། རྒྱ་གཞུང་གི་དམིགས་ཡུལ་འགྲུབ་ཀྱི་ཡོད་པ་རེད་ལ། བོད་རང་ལ་མཚོན་ནའང་མི་རིགས་རྩ་མེད་ཀྱི་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོ་ཡི་ཡོད་པ་རེད། གནས་ལུགས་དེ་ཧ་གོ་བའི་ཐོག་ནས་ཕྱི་ལོགས་སུ་བཞུགས་པའི་བླ་སྤྲུལ་མི་ཆེན་ཚོས་ཆེ་ས་ནས་བོད་མི་རིགས་དང་རྒྱལ་ཁབ། བསྟན་པ་ཆབ་སྲིད་ཡུན་གནས་ཡོང་ཆེད་དང་། ཆུང་ས་ནས་སོ་སོའི་ཆོས་ལུགས་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་ལ་འགན་འཁྲི་ཡོད་པ་དང་། རྗེས་འཇུག་སྐྱ་སེར་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་གནང་སྟེ། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཕྱག་ལས་ཤིག་གནང་དགོས་པ་དང་། མི་རྒྱུ་གཉིས་ཐོག་ནས་རྩ་དོན་ཆེད་འགུལ་ཀྱོག་ཅིག་རྒྱག་རྒྱུའི་དུས་ཚོད་སླེབས་ཡོད་པ་རེད། བོད་ནང་དུ་ཚེ་སྲོག་གིས་ཆོས་རིག་སྲུང་སྐྱོབ་བྱེད་ཀྱི་ཡོད་དུས། ཕྱི་ཕྱོགས་ནས་དེ་ལས་རྒྱ་ཆེ་བ་ཞིག་དང་གཏིང་ཟབ་པ་ཞིག་སྒྲུབ་ཀྱི་ཡོད་མདོག་མདོག་བྱས་ཏེ་སྡོད་ས་ཡོད་པ་མ་རེད། བཙན་བྱོལ་དུ་དགོན་པ་རྫིག་པོ་མང་པོ་བརྒྱབ་པ་དང་། ཕྱི་རྒྱལ་དུ་ཆོས་ཚོགས་མང་པོ་བཙུགས་པ་དེ་སངས་རྒྱས་བསྟན་པ་སྤེལ་ཆེད་ཡིན་རྒྱུ་རེད། དེ་འགྲིག་གི་ཡོད་པ་རེད། དོན་ངོ་མའི་ཐོག་ནས་སངས་རྒྱས་བསྟན་པ་གནས་དང་མི་གནས་དེ། བོད་གནས་དང་མ་གནས་ལ་རག་ལས་ཡོད་པ་ཧ་གོ་དགོས་པ་རེད)
རྒན་ལྷ་བཟང་ཚེ་རིང་ལགས་ཀྱི་བཀའ་ལན། (བོད་ནང་ལ་ངས་བཤད་ཤེས་ཀྱི་མེད། བཙན་བྱོལ་ནང་མི་ཚང་མར་འདིའི་ཐད་བསམ་ཚུལ་ཏན་ཏན་ཡོད་པ་རེད། མི་ཁ་ཤས་ཀྱིས་དད་པ་དག་སྣང་གིས་བཤད་ཐུབ་ཀྱི་ཡོད་པ་མ་རེད། ཡང་ཁ་ཤས་ཀྱིས་སོ་སོས་ལས་འགུལ་སྤེལ་ཐུབ་དང་མ་ཐུབ་ཐོག་ནས་ཤོད་ཐུབ་ཀྱི་ཡོད་པ་མ་རེད། ང་རང་སྒེར་ལ་མཚོན་ན། སྔོན་མ་གཞོན་ནུའི་ནང་ཡོད་སྐབས་ལས་འགུལ་སྤེལ་བ་དང་མགོ་ཁྲིད་པ་སོགས་གང་ཐུབ་བྱས་ཡོད་བསམ་པ་ཞིག་ཡོད། ངས་བཤད་འདོད་པ་དེ་གང་ཡིན་ཟེར་ན། རྒྱལ་ཁབ་དང་མི་རིགས་ཀྱི་བདེ་བ་སྡུག་བསྔལ་ལས་ལྷག་པའི་ཆོས་ཞིག་བསྒྲུབ་རྒྱུ་ཡོད་ན། སྐུ་མཁྱེན། བོད་པའི་སྤྱི་ཚོགས་ནང་མ་བཞུགས་རོགས། སྤྱི་ཚོགས་ཀྱི་ཁེ་ཕན་མ་བཞེས་རོགས་ཞུ་རྒྱུ་ཡིན། རྒྱལ་ཁབ་དང་མི་རིགས་སྤངས་ཏེ་སོ་སོ་གཅིག་པུ་སངས་རྒྱས་རྒྱུ་དང་། སྐྱེ་བ་ཕྱི་མ་དང་ཕུགས་ཀྱི་དོན་དག་འདྲ་སྒྲུབ་ནས་སྡོད་མཁན་གྱི་ཆོས་པ་ཞིག་ངས་ངོས་ལེན་ཞུ་ཐུབ་ཀྱི་མི་འདུག དེ་འདྲའི་ཆོས་པ་ཞིག་ད་ལྟའི་དུས་ཚོད་འདི་ལ་བོད་མི་མང་ལའང་དགོས་མཁོ་མི་འདུག )
བཙན་བྱོལ་ཁྲོད་ཀྱི་ལབ་རྒྱག་མཁན་ཚོས། མཆན་༢༣་པའི་ནང་། ༼རྒྱལ་ཁབ་དང་མི་རིགས་ཀྱི་བདེ་བ་སྡུག་བསྔལ་ལས་ལྷག་པའི་ཆོས་ཞིག་བསྒྲུབ་རྒྱུ་ཡོད་ན། སྐུ་མཁྱེན། བོད་པའི་སྤྱི་ཚོགས་ནང་མ་བཞུགས་རོགས། སྤྱི་ཚོགས་ཀྱི་ཁེ་ཕན་མ་བཞེས་རོགས་ཞུ་རྒྱུ་ཡིན། ༽སྐད་ཆ་འདི་ཆོས་ཚུལ་བཞིན་སྒྲུབ་པའི་བླ་མ་དང་གྲྭ་བ་ཚོ་ལ་བཤད་པ་ཡིན་ན་ཧ་ཅང་ཐལ་དྲག །ངོ་ཚ་མེད་པ་དང་ཁྲེལ་མེད་པའི་བྱ་སྤྱོད་རང་རེད། མགོ་རྒྱལ་བ་རིན་པོ་ཆེ་ནས་བཟུང་ཚད་མེད་བཞི་བསྒོམ་ཆོག་གི་མ་རེད་དམ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད་ཆོག་གི་མ་རེད་དམ། ཀུན་ཁྱབ་ཀྱི་བསམ་བློ་མ་རེད་དམ། དེང་སང་བོད་ནང་གི་དགོན་སྡེ་ཁག་འདོད་ཡོན་བསླུ་བྲིད་ཀྱི་ཉམ་ང་བའི་གནས་སུ་ལྷུང་ཡོད་པ་འདི་རྒྱུ་རྐྱེན་གང་ལ་ཐུག །
མཁྱེན་ཡངས་དྲཱ་གྲོགས་མིག་བརྒྱད་མཚན་ཅན་ལགས།
༡༽ངའི་དྲི་བ་ནི་འཕགས་བོད་སོགས་སུ་བྱོན་དང་འབྱོན་འགྱུར་གྱི་མཁས་དབང་དམ་པ་རྣམས་ལ་
སོགས་པའི་སྐྱེས་མཆོག་དམ་པ་རྣམས་ཚང་མ་ཉེ་བའི་སྲས་ཆེན་བརྒྱད་པོ་གང་རུང་གི་
སྤྲུལ་པ་འབའ་ཞིག་ཏུ་འགྲེལ་དགོས་སམ་ཞེས་པ་འདི་ཡིན།། གལ་ཏེ་དེ་ལྟར་ཡིན་ན་སེམས་ཅན་ཐམས་ཅད་སངས་རྒྱས་པའི་གནས་སུ་སངས་འཕགས་བརྒྱད་དམ་ཡང་ན་གསུམ་ཙམ་ལས་མེད་པར་ཐལ། སྔར་བྱོན་ཟིན་པའི་མཁས་དང་གྲུབ་
པའི་དབང་ཕྱུག་ཕལ་མོ་ཆེ་ཚང་མ་རིགས་གསུམ་མགོན་པོའི་སྤྲུལ་པར་རིགས་པས་དཔྱད་ནའང་
དེ་ལྟར་ལོས་ཡིན་སྙམ་པ་རང་བཞིན་གྱིས་འོང་བ་ཡིན་པའི་ཕྱིར། རྟགས་ཁས།ཞེས་འཕེན་ན་ལན་ཇི་ལྟར་འདེབས་སམ།།
༢༽ངའི་བསམ་པར་བོད་ལ་ཞི་དྲག་ཟུང་གིས་བཙན་འཛུལ་ཐེངས་མང་པོ་བྱས་པའི་བརྒྱུད་
རིམ་ཁྲོད་ཕྱི་ལག་ནང་འདྲེན་བྱེད་མཁན་གཙོ་ཆེ་ཤོས་སམ་བོད་ཀྱི་བདག་དབང་མངོན་
ལྐོག་གང་རུང་གིས་ཁ་གཡར་ཏེ་ཚོང་མཁན་ནི། སྐབས་དེ་དག་ཏུ་བཙན་འཛུལ་བས་གོ་གནས་མཐོ་ཤོས་དང་དབང་ཆ་ཆེ་ཤོས་ཕུལ་བའི་མི་སྣ་རྡོ་སྦིས་དགེ་བཤེས་སམ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་དང་།
བཀའ་བློན་མདོ་སྤྱི་ང་ཕོད་ངག་དབང་འཇིགས་མེད་མཆོག་ རྒྱའི་དམག་དཔོན་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སོགས་ཡིན་པས་དེ་དག་ཀྱང་ད་ཆ་
ཁྱེད་ཀྱི་གསུང་སྟངས་ལྟར་ན་གཟི་བརྗིད་ཅན་དང་བཀའ་དྲིན་ཅན་ཤ་སྟག་ཏུ་རྩིས་
ཆོག་པ་ཡིན་ཏེ་ཕྱི་ལག་ནང་འདྲེན་གནང་སྟེ་བཙན་འཛུལ་བ་འཁྲིད་དེ་
བཅིངས་འགྲོལ་བཏང་བས་སོ།
ནོར་བཅོས་། ༡༽རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་འམ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་དང།
༢༽རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་སྐུ་གཞོན་པ་ང་ཕོད་ངག་དབང་འཇིགས་མེད།།
༣༽ཀྲུང་གོ་དམང་སྲིད་པུའི་པུ་ཀྲང་ངམ་ནང་སྲིད་བཀའ་བློན་འབའ་བ་ཕུན་ཚོགས་དབང་
རྒྱལ་ལགས་སོགས་ཡིན།།
དབྱངས་ཨ་ངེས་པའི་ཀ་ཕྲེང་མུ་འགོད་ཚན་པ་ནི།།
པ་༽བ་སངས་ལྟར་མདངས་ལྡན་མ་ལགས་ཀྱང།།
ཕ་༽ས་ཕམ་ལ་འགྲན་ཟླ་མཐའ་དག་བྲལ།།
བ་༽ལང་སྨྲ་མཁས་ཅན་རྣམས་རབ་དར་ནས།།
མ་༽ལ་ཡར་གནས་ཙན་དན་ཐབ་ནང་བཤམས།།
ཞེས་པ་ནི་བར་སྐབས་ཀྱི་ཚིགས་བཅད་དོ།།
སྣྲོན་ངག་ཁྲི་ལགས། འཇམ་པའི་དབྱངས་ལ་དྲང་དོན་དང་ངེས་དོན་གྱི་འཇམ་པའི་དབྱངས་དུ་མ་ཡོད་པར་མཚན་བརྗོད་འགྲེལ་བར་གསུངས་པ་ལྟར་དང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་དེ་ལ་འཇམ་པའི་དབྱངས་དང་བརྩེ་བ་དེ་ལ་སྤྱན་རས་གཟིགས་དང་ནུས་པ་དེ་ལ་ཕྱག་ན་རྡོ་རྗེ་ཞེས་འབོད་ནི་ངེས་དོན་གྱི་བཤད་པ་རེད། དེས་ཕྱིར་རང་དང་རྒྱུད་གཅིག་པའི་འཇམ་པའི་དབྱངས་ཡོད་ཆོག་པར་སྙམ། འོ་ན། ཁྱོད་ལ། ཤཱཀྱ་ཐུབ་པའི་གོ་འཕང་འཐོབ་པར་ཤོག་ཅེས་སྨོས་ན་མི་འགྲིག་པར་ཐལ། ཤཱཀྱ་ཐུབ་པའི་གོ་འཕང་འཐོབ་རྒྱུ་མེད་པའི་ཕྱིར་ཏེ། ཤཱཀྱ་ཐུབ་པ་རང་དང་རྒྱུད་ཐ་དད་ཡིན་པའི་ཕྱིར།
པཎ་ཆེན་རིན་པོ་ཆེ་དང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་དང་མཁས་དབང་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་མཆོག་དང་མཁས་དབང་དུང་དཀར་བློ་འཕྲིན་ལས་མཆོག་དང། མཁས་དབང་དམུ་དགེ་བསམ་གཏན་མཆོག་། ང་ཕོད་ངག་དབང་འཇིགས་མེད། འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ནི་བོད་མི་རིགས་སྐྱོབ་མཁན་དང་མཛད་རྗེས་གཟེངས་སུ་ཐོན་པའི་རིག་པའི་དཔའ་བོ་རྐྱང་རེད། ཁོང་ཚོ་ལ་ངན་པ་ལག་འབྲེལ་བྱེད་མཁན་རེད་ཟེར་མི་ཕོད། གུང་གིས་གོ་གནས་འོས་འཚམས་སྤྲད་པ་དེ་བཅིངས་གྲོལ་གྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱས་པ་རེད། ཁ་ཡོད་ལག་ཡོད་ཀྱི་དབང་ཆ་གང་ན་ཡོད། དོན་དམ་པས་ཁོང་ཚོས་བོད་མི་རིགས་ལ་བཅིངས་བའི་འདུ་ཤེས་དེ་ནོར་མེད་གི །ང་ཚོས་ཁོང་ཚོ་ལ་ནག་ཉེས་འགེལ་བ་དེ་ཆབ་སྲིད་ཐོག་གི་གནད་དོན་ཞིག་ཡིན་ནམ་སྐུ་དྲག་རྣམ་པས་ལྟ་སྟངས་ཤིག་རེད། །ད་ལྟའི་ང་ཚོས་རེ་འབོད་བྱེད་བཞིན་པའི་རྒྱལ་ཁོངས་གཅིག་གི་མངའ་འོག་ཏུ་གནས་རྒྱུ་དེ་དང་གཅིག་མཚུངས་ཡིན་ནམ། དེད་ནས་སོང་ན་དེ་དག་ཚང་མ་རིག་གནས་གསར་བརྗེའི་སྔོན་གྱི་གནས་ཚུལ་རྐྱང་ཡིན་རྒྱུ་རེད། ང་ཚོས་ང་ཚོ་ལ་ནམ་ཡང་སྐྱོན་མེད་ཅེས་མ་བསམ་ཞིག །
མདོ་སྨད་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་ནི་བོད་ཀྱི་བླ་ཆེན་དང་མི་ཆེན། དེ་བཞིན་མཁས་པའི་གོ་སར་འགྱིང་པའི་མི་མཐོ་དམན་སུ་འདྲ་ཞིག་ཡིན་ན་དེའི་མདུན་དུ་ཡ་ཡོ་མེད་པའི་ཞལ་གསངས་པོ་དང་ཁ་རུ་ཁར་ཐུག་གནང་ཐུབ་མཁན-གྱི་མཁས་དབང་རྩོད་མེད་ཅིག་རེད། བསྟན་འཛིན་སྐྱེས་བུ་མིང་དོན་མཚུངས་པ་ཞིག་ཀྱང་རེད་ལ་ལྷག་པར་ཁོང་ཉིད་ཀྱི་གསུང་རྩོམ་དག་ལ་གཞིགས་ན་ལས་འབྲས་གཙིགས་སུ་འཛིན་པ་དང་རྩོམ་ལུས་ཀྱི་ཆ་ནས་བལྟས་ན་བོད་རང་གི་ཐུན་མོང་མ་ཡིན་པའི་མིང་བརྡའི་སྐད་དང་མཐུན་པར་ཅི་ཐོན་དུ་མཛད་པ་ཞིག་ཏུ་འདུག ། དགུང་ལོ་གཞོན་དུས་ཀྱི་རྩོམ་ཉམས་ནི་རྒྱ་གར་ལྷོ་པའི་ལུགས་ལྟར་སྦྱར་བ་མང་ཞིང་། རྗེས་སུ་ལྷ་ས་ནས་བཞུགས་སྐབས་ཡུལ་དུས་གནས་བབས་དང་འབྲེལ་འདྲིས་དབང་གིས་རྒྱ་གར་ཤར་བའི་ལུགས་ལྟར་བརྗོད་པ་གསལ་བ་དང་སྒྲ་རྩུབ་པའི་སྡེབ་སྦྱོར་ལ་དགའ་མོས་ཆེ་བར་བྱུང་བ་ ཡང་གསལ་བོ་རེད། ཁོང་ནི་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པར་མ་ཟད། ཡིག་ཆའི་ཞེན་ཁོག་ཙམ་གྱིས་མཆོང་རྒྱུག་མི་བྱེད་པར་བཤད་སྲོལ་དང་རིགས་པ་འདྲ་མི་འདྲ། མཁས་པའི་ལམ་སྲོལ་གང་མཆིས་ལ་འདྲིས་པ། རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་དགོངས་པ་དཔྱིས་ཕྱིན་འཚོལ་བ་ལ་ཞུགས་པའི་མཁས་པ་མིང་དོན་མཚུངས་པ་ཞིག་རེད། མདོར་ན་དགེ་བཤེས་རིན་པོ་ཆེ་ཁོང་གི་སྐུ་ཚེའི་མཛད་པ་མཐའ་དག་སངས་རྒྱས་ཀྱི་བསྟན་པ་དང་མི་རིགས་མཐུན་འབྲེལ། ཡ་རབས་སྤྱོད་བཟང་དང་ཤེས་རིག་གོང་འཕེལ་གྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད་པ་ནི་སྨོས་ཅི་དགོསརྒྱ་བོད་སོག་གསུམ་ཁྲོད་ན་ཁོང་གི་དངོས་སློབ་བགྲང་གིས་མི་ལང་། པེ་ཅིན་དང་མཚོ་སྔོན། ཀན་སུའུ་སོགས་སུ་ཡང་ད་ལྟའི་བར་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ནས་མཛད་རྗེས་རླབས་པོ་ཆེ་བཞག་གནང་པའི་མི་སྣ་གང་མང་ཡོད་པ་མིག་མཐོང་གི་གནས་ཚུལ་ཞིག་རེད། འོན་ཀྱང་གནས་སྟངས་གཞན་ཞིག་གི་ངོས་ནས་བལྟས་ན་བོད་མི་ལ་ལས། པཎ་ཆེན་རིན་པོ་ཆེར་ཚོང་པ་རྒྱགས་པ་དང་དགེ་བཤེས་རིན་པོ་ཆེར་ཏང་གི་རྒྱུག་ཁྱི་སོགས་ཁ་སྨོས་ཕོག་ཡོད་པ་རེད། གདེངས་འཇོག་མཐོ་བའི་བསམ་བློ་བ་ཞིག་གིས་བལྟས་ན་ཁོང་ཚོ་དགོས་རྒྱུ་ནི་སྲིད་གཞུང་གི་གོ་གནས་མ་རེད་ལ།་མིང་སྙན་གྲགས་དེ་བས་ཀྱང་མ་རེད། ཕྱོགས་གཅིག་ནས་བལྟས་ན་དགེ་བཤེས་རིན་པོ་ཆེས་ཏང་གི་མགོ་ཁྲིད་མང་པོ་ལ་བསྟོད་པ་ཡང་མཛད་ཡོད་པ་རེད། དཔེར་ན། ༼མོ་རྩེ་ཏུང་ཞེས་གྲགས་པའི་སྤྲིན་ཆེན་པོ།།ནམ་མཁའི་མཐོངས་ན་གདུགས་ལྟར་གཡོ་བའི་རླབས།།སུས་ཀྱང་མ་ནོན་ཚངས་པའི་འཇིག་རྟེན་ན།།མེས་པོ་རྣ་བ་བརྒྱད་པའི་རོལ་མོ་བྱེད།།༽ཞེས་མོའུ་ནི་ཚུ་སྡུག་སྐྱོབ་པའི་སྤྲིན་དང་སུས་ཀྱང་ནོན་མ་ཐུབ་པའི་ལྷ་ཆེན་ཚངས་པ་ལྟ་བུར་བསྟོད་བསྔགས་མཛད་ཀྱང་། སྐབས་དེ་དུས་ནི་སྲིད་ཀྱི་ཁ་ལོ་བས་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་ཚེ་སྲོག་ལ་གནོད་འཚེ་ཏིལ་ཙམ་ཡང་མི་རྩོམ་པའི་ཁས་ལེན་བྱས་པ་དང་ཚིག་རྗེས་དོན་གྱི་གཏིང་གནོན་དུ་དགོན་པ་ཉམས་གསོ་དང་གྲྭ་བའི་མཚོ་རྐྱེན་གང་མང་ཞིག་རོགས་རམ་སྟར་བཞིན་པའི་སྒང་ཡིན་སྟབས། དགེ་བཤེས་རིན་པོ་ཆེས། ༼མོ་ཙེ་ཏུང་གི་དགོངས་དབྱིངས་ནམ་མཁའི་མཐོངས།།སྤྱི་ཚོགས་གཞན་ཕན་བདུད་རྩིའི་རྒྱ་མཚོ་ཆེ།།སྲས་གཙང་སྲས་ཀྱི་ལུང་རྟོགས་ཉི་ཟླའི་འོད།།འཛིན་མའི་ཁྱོན་ན་དགེ་བར་ཁོ་བས་འཁུམས།།༽
ཞེས་གསུངས་པ་ནི། སྐབས་དེ་དུས་ཀྱི་གནས་སྟངས་ནི་ཛ་དྲག་དང་ཆོས་སྲིད་ཀྱི་འབྲེལ་བ་ནི་གལ་ཆེ་བར་དགོངས་ཡོད་པ་གསལ་བོ་རེད། དོན་དངོས་ཐོག་བྱེད་སྟངས་དེ་ཚོ་ལ་བསྔགས་བརྗོད་གནང་བ་ནི་ད་ལྟ་བསམ་ན་གད་མོ་ཤོར་དགོས་པ་ལྟ་བུར་འདུག་མོད། ཐབས་ཟད་འུ་ཐུག་རང་ཁོ་ན་མ་ཡིན་པར་སུ་གང་གིས་བློ་ཡུལ་དུ་མི་ཤོང་བ་ཞིག་རེད། བོད་གངས་ཅན་ཆོས་ལྡན་གྱི་ཞིང་འདིར་ཕྱོགས་གང་ས་ནས་ལྷ་མེད་རིང་ལུགས་པས་ལྷ་ཡོད་རིང་ལུགས་པར་རྒོལ་བའི་དཔུང་ངར་ཤུགས་ཆེར་དར་བའི་སྐབས་ཡིན་པ་ཡང་རིན་པོ་ཆེ་ཁོང་གིས་མཁྱེན་ཡོད་པ་རེད། ཕྱོགས་གཅིག་ནས་དབང་ཆ་གཅིག་སྡུད་ཀྱི་འདོད་བློ་མེ་ལྟར་འབར་བ། མི་གསོད་ཁྲག་སྦྱོར་གྱི་ཆགས་འཇིག་ཡ་ང་བའི་གནས་སྟངས་དེ་འདྲའི་འོག་ལས་སངས་རྒྱས་ཀྱི་བསྟན་པ་ཉེན་ཁའི་མཚམས་སུ་བསླེབས་དུས་དེའི་རྒྱུ་རྐྱེན་གང་མང་ཞིག་ལ་ཐུག་ཡོད་པ་ཁོང་གིས་བྲིས་པའི་རྩོམ་ཡིག་དེ་ཚོ་བཀླགས་ན་ཝ་ལེར་འཆར་ཐུབ། བཀའ་རྩོམ་ལས། ༼རང་གི་ཆོས་ལུགས་རྩ་ལྟར་འདོར་བའི་བློ།།རང་གཤེད་གཟུགས་མེད་མི་དགེའི་མགོ་དགུ་པ།།རང་སྐྱོང་ཞིབ་མོའི་རིག་པས་གཟིར་བའི་མུར།།རང་དང་གུང་ཕྲན་རྡོ་རྗེ་སྤུན་དུ་བསྡེབས།།
དུས་རབས་ཀྱི་རྦ་རླབས་གཡོ་བ་མེད་པའི་བོད་ཀྱི་གནས་སྟངས་དེ་འདྲའི་འོག་མ་འོངས་པའི་བྱ་བ་ཐིག་ཚོད་དཀའ་བའི་གསུང་སྐད་ཅིག་རེད་ལ། གོ་སྐབས་དེར་ག་ལེར་ཁ་བཤད་དང་ལག་ལེན་མི་མཚུངས་པའི་སྲིད་དོན་པའི་སྡེར་མོ་ཤ་གསེང་ནས་ཐོན་པ་ལྟར་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་སྟོར་གཏོང་འཆར་གྱི་ཚོགས་ཆེན་ཞིག་གི་སྟེང་དུ་ དགེ་བཤེས་རིན་པོ་ཆེས་མངོན་སུམ་འཛེམས་མེད་ཀྱིས་མོའུ་ལ་སྐྱོན་བརྗོད་དང་ཁ་བརྡུང་དྲག་པོ་བཏང་། གནས་ཚུལ་འདི་དག་པཎ་ཆེན་རིན་པོ་ཆེའི་ལོ་རྒྱུས་ན་གསལ་བོ་རེད། མོའུ་ལ་མཛུབ་མོ་བཙུགས་ནས་དངོས་སུ་ཁ་བརྡུང་གཏོང་ནུས་མཁན་ ཧ་ལམ་བོད་མི་རིགས་ཁྲོད་ན་ཁོང་གཅིག་བུ་ཡིན་རྒྱུ་རེད། གོང་གི་བསྟོད་པ་དང་འོག་གི་སྐྱོན་བརྗོད་འདི་གཉིས་བར་ནས་དགེ་བཤེས་ཚང་གིས་ཆབ་སྲིད་པའི་ཁ་བཤད་ལག་ལེན་མི་མཚུངས་པའི་རྣམ་འགྱུར་གསལ་བོར་བསྟན་འདུག
མཐའ་མར་དགེ་བཤེས་རིན་པོ་ཁོང་ལ་མ་ཉེས་ཁག་གཡོགས་དང་པཎ་ཆེན་ཕྱོགས་ཁག་གི་ཡིག་འབྲུ་ཁྲི་བདུན་གྱི་ཞུ་དག་པ་དང་ས་བོན་འདེབས་མཁན་གྱི་གཏེ་དཔོན་དུ་ངོས་འཛིན་བྱས་ཏེ་དགུང་གྲངས་བརྒྱད་ཅུ་ལྷག་ཟིན་པའི་དགེ་བཤེས་ལགས་གྲལ་རིམ་འཐབ་རྩོད་ཀྱི་ནང་དུ་ལྷུང་སྟེ་སྐུ་ངལ་ཚད་མེད་མྱངས། པཎ་ཆེན་རིན་པོ་ཆེ་དང་དགེ་བཤེས་རིན་པོ་ཆེ་ལ་སོགས་པ་ཁོང་རྣམ་པས་དགོངས་དབྱིངས་གཅིག་མཐུན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་རིགས་ཆགས་འཇིག་གི་གནད་དོན་ལ་ཐུག་པའི་མཛད་རྗེས་ལ་ངོས་ཟིན་ཐོབ་པའི་མི་སྣ་ཡང་ཉུང་ངུ་ཙམ་བྱུང་མེད་པ་ནི་སེམས་པ་སྐྱོ་དགོས་པའི་གནས་སྟངས་ཤིག་རེད། ཕྱོགས་མང་པོ་ཞིག་ནས་ཞིབ་འཇུག་བྱས་ན་མཐའ་མར་དགེ་བཤེས་ཚང་བཙོན་ཁང་དུ་ལྷག་དགོས་པའི་གནད་དོན་ནི་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ལས།༼༡༩༦༡་ལོར་ང་རང་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་དང་།རང་གི་ཕ་ཡུལ་མཚོ་སྔོན་དུ་ཡོང་བ་ན་ཡུལ་མི་རྣམས་ཀྱིས་སྡོང་ཤུན་དང་ལྡུམ་བུ་སོགས་ཟོས་བས། ཁ་ངོ་སྐྲང་བ་སོགས་ཀྱི་གནས་ཚུལ་མང་པོ་དངོས་སུ་མཐོང་རྗེས་ངས་སྙིང་ནས་མ་བཟོད་པར་ཕྱིར་པེ་ཅིན་དུ་སོང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་ཨེན་ལེ་ལ་ཕུལ་བའི་སྙན་ཞུ་ཞེས་པ་ཞིག་བྲིས་ཏེ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་ཆབ་སྲིད་ཇུས་སོགས་རྒྱ་ཁྱོན་ཆུང་ངུ་ཞིག་ལ་ཕུལ་བ་ཡིན། ཏང་གི་སྒྲིག་ཡིག་ནང་དུའང་བསམ་འཆར་མི་འདྲ་བ་ཅི་ཡོད་ན་བཤད་ཆོག་ཅེས་བཀོད་ཡོད་པས། ང་རང་གིས་བྲིས་པའི་བསམ་འཆར་དེའང་ཏང་གི་སྒྲིག་ཡིག་གི་དགོངས་དོན་ལྟར་བྲིས་པ་ཡིན། སྙན་ཞུ་དེའི་ནང་གཙོ་བོ་བོད་ལྗོངས་དང་བོད་ཁུལ་གྱི་ང་བརྒྱད་ལོའི་དམངས་གཙོ་བཅོས་བསྒྱུར་བྱེད་སྐབས་ཀྱི་གནས་ཚུལ་མང་པོ་བྲིས་ཡོད།ངས་འབྲི་བའི་སྐབས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ལ་བསྟན་མ་མྱོང་། བྲིས་ཚར་ནས་དཔར་བསྐྲུན་བྱས་རྗེས་ཁོང་བ་ཕུལ་བ་མ་གཏོགས་ངེད་གཉིས་ཁ་མཐུན་མཉམ་བགྲོས་གཏན་ནས་བྱས་མ་མྱོང་མོད། འོན་ཀྱང་རིག་གནས་གསར་བརྗེ་ཡི་སྐབས་སུ་པཎ་ཆེན་ཕྱོགས་ཁག་ཅེས་པའི་མི་མང་པོར་བརྡུང་རྡེག་བྱས་ཏེ་མཐར་མི་ཉུང་བ་ཞིག་ཤི་སོང་བ་རེད། དགེ་བཤེས་ཚང་ཡང་འདི་ལས་མ་ཐར་བར་དགོངས་པ་རྫོགས་པ་འདི་རང་རེའི་ཏང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད།༽ཅེས་གསུངས་ཡོད། གང་ལྟར་གོང་མོལ་འདི་དག་གིས་རང་ཅག་གི་མིག་མདུན་ཐམས་ཅད་མུན་པས་བསྒྲིབས་ཡོད་པ་དང་ཧ་ཅང་རྙོག་འཛིངས་ཚ་བའི་དུས་སྐབས་དེ་དང་དེའི་གནས་ཚུལ་ཇི་མ་ཇི་བཞིན་བཤད་ཚོད་མི་ཐུབ་གི དཀའ་གི་ཡ། གང་ལྟར་རང་རློམ་རང་ཤེད་ཀྱི་མཆོང་རྒྱུག་མི་བྱེད་པར་ད་དུང་བརྟག་གཞིག་ནན་མོ་བྱེད་དགོས་པའི་ཚོད་དུ་སྣང་ངོ།།
ཡོངས་གྲགས་སུ་དགེ་འདུན་ཆོས་འཕེལ་ཁོང་གི་སློབ་མ་ཡིན་མིན་ཐད་ལའང་སྣ་ཚོགས་ཤིག་སྨྲ་མོད།་དེ་ཚོའི་ཕལ་ཆེ་བ་ཆགས་སྡང་རིས་གཅོད་ཀྱི་སྐད་ཆ་རང་རེད། རག་ར་སྤྲུལ་སྐུས་མང་པོ་ཞིག་བཤད་མོད་སྐུ་དྲག་ནང་ཁུལ་གྱི་འགལ་ཟླ་ཞིག་ལས་གང་ཡང་མཐོང་མ་སོང་། དགེ་འདུན་ཆོས་འཕེལ་གྲྭ་སར་ཕེབས་ནས་ཀླུ་འབུམ་ཁམས་ཚན་དུ་ཞུགས་པའི་ལོ་དེར་དགེ་བཤེས་ཚང་གིས་ལྷ་རམས་པའི་དམ་བཅའ་བཞག་ནས་ལོ་ངོ་བཅུ་གཉིས་སོང་བའི་སྐབས་ཡིན་པ་དང་དགུང་ལོའི་བབས་དང་བསྟུན་ནའང་ལོ་བཅུ་དགུ་ལས་རྒན་པ་དང་ཁམས་ཚན་རྒན་ཡིན་ཐོག་སློབ་བུ་མང་པོར་དཔེ་ཁྲིད་གནང་བཞིན་པས་དགེ་ཆོས་ཀྱིས་ཀྱང་དགེ་རྒན་དུ་བསྟེན་ཡོད་ཚུལ་ཧོར་ཁང་གིས་བཤད་པ་དེ་བློ་གཟུ་བོར་གནས་པའི་གཏམ་རེད།
ཇོ་བོ་བཀའ་གདམས་པས།
དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན།
བཙུན་པའི་མཆོག་སེམས་རྒྱུད་ཐུལ་བ་ཡིན།
གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན།
དགེ་བཤེས་ཚང་གི་པད་མ་བཀོད་ཀྱི་ལུང་བསྟན་ལ་དགག་པའི་རྩོམ་ཡིག་དེའི་ནང་དུ་རིག་གནས་གསར་བརྗེ་ལྟ་བུའི་དུས་ངན་ཞིག་འཆར་མི་སྲིད་པ་ལྟ་བུ་ཞིག་བྲིས་ཡོད་པ་དེ་ལ་དགོངས་ཚུལ་ག་རེ་ཡོད་དམ།
མཁྱེན་ཡངས་དྲཱ་གྲོགས་མིག་བརྒྱད་མཚན་ཅན་ལགས་ཀྱི་སྙན་དབང་ཚངས་སྲས་རོལ་མོའི་འཇིག་རྟེན་དུ་ཞུ་མཆིད།།།
༡༽གལ་སྲིད་སེམས་ཅན་གང་རུང་ཞིག་གིས་རྒྱལ་བ་ཤཱཀྱ་ཐུབ་པའི་གོ་འཕང་ཐོབ་པ་
ཤོག་ཅེས་སྨོན་ལམ་བསྐྱོན་པ་ཡིན་ན། དེའི་མངོན་འདོད་དམ་ཞེ་འདོད་ནི་ཁོང་དང་མཚུངས་པའི་གོ་འཕང་སྟེ་རང་རང་གི་འབྲས་སྐྱབས་སུ་གྱུར་པའི་སངས་རྒྱས་ཀི་གོ་འཕང་ལ་ཐོབ་པར་གྱུར་ཅིག་ཅེས་སྨོན་པ་ཙམ་ཡིན་གྱི་
སངས་རྒྱས་ཤཱཀྱ་ཐུབ་པ་དང་དབྱེར་མེད་རྒྱུད་གཅིག་ཏུ་གྱུར་ཅིག་ཅེས་སྨོན་པ་ནི་མ་
ཡིན་ནོ། གལ་སྲིད་དེ་ལྟར་སྙམ་ནས་སྨོན་ལམ་འདེབས་མཁན་ཡོད་ན་ནི་
སྨོན་པ་ཙམ་དུ་ཟད་ཀྱི་མངོན་དུ་འགྱུར་རྒྱུ་ནི་བར་སྣང་གི་འཇའ་ཚོན་གོས་སུ་རེ་བ་དང་
གཉིས་སུ་མ་མཆིས་སོ།།
༢༽ཁྱེད་ལྟར་ན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་རྒྱལ་ཡོངས་ཆབ་གྲོས་ཀྱི་མགོ་གཙོ་གཞོན་པའམ་ཀྲུ་ཞི་གཞོན་པ་ཆབ་མདོ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། བོད་རང་སྐྱོང་ལྗོངས་མི་དམངས་འཐིས་ཚོགས་ཀྱི་ཚོགས་གཙོ་བྱམས་པ་
ཕུན་ཚོགས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ་
ལྕགས་ར་སྤྲུལ་སྐུ་དང་བློ་བཟང་རྒྱལ་མཚན་སོགས་ཀྱང་བོད་མི་དམངས་དང་སངས་རྒྱས་ཀྱི་བསྟན་པ་ལ་མཛད་བྱེད་ཅན་ཡིན་པར་ཐལ། སེམས་ཅན་གྱི་དོན་བྱེད་པ་གང་ཞིག་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡིན་པའི་ཕྱིར།། ཁྱབ་པ་འགྲིགས།།
རྒྱུ་མཚན་གཞན་རང་རེས་དཔོག་དཀའ་བའི་ཕྱིར་རོ།།།
ཇོ་བོ་བཀའ་གདམས་པས།
དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན།
བཙུན་པའི་མཆོག་སེམས་རྒྱུད་ཐུལ་བ་ཡིན།
གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན།
མིག་བརྒྱད་པ་ལགས་ཀྱིས།
པཎ་ཆེན་རིན་པོ་ཆེ་དང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་དང་མཁས་དབང་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་མཆོག་དང་མཁས་དབང་དུང་དཀར་བློ་འཕྲིན་ལས་མཆོག་དང། མཁས་དབང་དམུ་དགེ་བསམ་གཏན་མཆོག་། ང་ཕོད་ངག་དབང་འཇིགས་མེད། འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ནི་བོད་མི་རིགས་སྐྱོབ་མཁན་དང་མཛད་རྗེས་གཟེངས་སུ་ཐོན་པའི་རིག་པའི་དཔའ་བོ་རྐྱང་རེད།
མཁྱེན་ཡངས་དྲཱ་གྲོགས་ཀླུ་སྨྱོན་མཚན་ཅན་གྱི་སྙན་ལམ་
དེུད
ཁོ་བོའི་བསམ་ཚུལ་ཡང་དེ་ལྟར་ཡིན་།
ང་ལའང་རྡོ་སྦིས་དགེ་བཤེས་ཚང་གི་གསུང་འབུམ་པོཏ་གསུམ་ཡོད་ལ། སྔོན་མ་རྒན་རབ་ཚོས་རིག་གནས་གསར་རྗེའི་སྐོར་གསུངས་པ་དང་ད་ཆ་བོད་ནང་གི་ཛ་དྲག་གི་གནས་སྟངས་གཉིས་བསྡུར་ན་ད་ཆ་ཅུང་བཟང་བར་འདུག་ལ་མ་འོངས་པར་ཡང་དེ་ལྟར་ཡིན་ངེས་རེད་གང་ཡིན་ཞེ་ན་༸གོང་ས་མཆོག་གིས་༼འཛམ་བུ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་གནས་སྟངས་སྔར་བས་ཡར་རྒྱས་འགྲོ་བཞིན་པ་མངོན་གསལ་དོད་པོ་ཡིན་པས་བོད་ནང་དུའང་སྔོན་མ་ནང་བཞིན་བསྐྱར་ལོག་རྒྱབ་ཐུབ་ཡས་ཡོད་མ་རེད་༽ཅེས་ཡང་ཡང་གསུངས་པ་གང་ཞིག་ དོན་དངོས་ཐོག་དེ་ལྟར་ཡིན་པའི་ཕྱིར་རོ།།
ཙ་༽ན་ཀ་རྣམས་བྲག་ལ་བཏབ་པ་ལྟར།།
ཚ་༽ཚག་སྒྲ་སྙན་དང་བཅས་གཡངས་ལ་ཟག།།
ཛ་༽ན་མ་དང་མཉམ་གནས་རབ་དཀའ་བས།།
ཝ་༽རྒན་དག་ལྟར་ས་སྒང་གང་སར་གྱར།།
ྭཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
དཔེ་ཆའི་ཁ་བྱང་ལ་པདྨ་བཀོད་ཀྱི་གནས་ཡིག་དོན་བསྡུས་ཟེར་བ་རེད། ལུང་བསྟན་ཡིན་ཟེར་ཆོག་གི་ཡོད་མེད་མ་ཤེས། འོན་ཀྱང་དགེ་བཤེས་ཀྱི་པདྨ་བཀོད་ཀྱི་གནས་ཡིག་ལ་སུན་འབྱིན་པ་དེར་བཤད་ཚུལ་མི་མཐུན་པ་ཁ་ཤས་འདུག །ཁག་གཅིག་གིས་ཟེར་ན། ལུང་བསྟན་དེའི་ཡོང་རྐྱེན་རྨ་པུ་ཕང་དང་གོ་མིན་ཏང་མཉམ་འབྲེལ་གྱིས་སྐུ་འབུམ་གྱི་དགེ་བཤེས་ཤིག་ལ་འབྲི་རུ་བཅུག་ནས་ཡིག་འཁྱར་ལུང་བསྟན་དེ་པདྨ་བཀོད་ཀྱི་མཁའ་ཐོག་ནས་གནམ་གྲུས་ཁྱེར་ནས་གཏོར་ཡོད་ཚུལ་དང་། ཡང་ཁག་གཅིག་གིས། པདྨ་བཀོད་དེ་སྔོན་ཆད་གྲུབ་མཐའ་རིས་མེད་ཀྱི་དགོན་གནས་མང་པོ་ཡོད་པ་དང་རྗེས་སུ་ཇག་ཚོགས་སྦས་སྐུང་བྱེད་སའི་ལྟེ་བ་ཞིག་ཏུ་གྱུར་སྐབས། རྒྱལ་དབང་བཅུ་གསུམ་པའི་སྐབས་དགའ་ལྡན་ཕོ་བྲང་པའི་དཔུང་ཤུགས་ཀྱིས་ཟིལ་འོག་ཏུ་མནན་ཅིང་དབང་དུ་བསྡུས་བར་བརྟེན། ད་ལྟ་བོད་ས་གནས་སྲིད་གཞུང་གི་བཀའ་བརྩི་བཞིན་ཡོད་ཟེར་བ་དགེ་བཤེས་ཀྱིས་གསུངས་པ་དང་མཐུན། ཡང་ལ་ལས། པདྨ་བཀོད་དེ་རྒྱ་གར་དུ་བྲོས་ཞོལ་འགྲོ་སའི་ལམ་ཁ་ཁེལ་ཡོད་པ་དང་ཨ་རིའི་གསང་བའི་ལས་ཁུངས་དང་གོ་མིན་ཏང་མཉམ་འབྲེལ་གྱིས་གུང་དམག་གི་འཆར་གཞི་རྣམས་ལུང་བསྟན་རྫུན་མའི་རྣམ་པའི་ཐོག་ནས་ཡིག་ཧྲུལ་མང་པོ་མཁའ་ཐོག་ནས་གཏོར་བ་རེད་ཟེར་མཁན་འདུག ། ཡང་བོད་པ་ལ་ལས་སློབ་དཔོན་ཆེན་པོ་པདྨའི་ལུང་བསྟན་ཡིན་ཚུལ་བཤད་པ་དེར། དགེ་བཤེས་རིན་པོ་ཆེས། སློབ་དཔོན་ཆེན་པོ་པདྨའི་ཡིན་ན། ཨོ་རྒྱན་གློའུ་རྒན་དེ་ཡང་ཨ་ཙ་མ། ཞེས་གསུངས་པ་དེ་རེད། ལུང་བསྟན་དེའི་ལོ་ཟླ་ཚེས་གྲངས་དང་དང་དོན་འགལ་མང་པོ་ཞིག་བྱུང་ཡོད་པ་དགེ་བཤེས་ཀྱིས་གསུངས་པ་དེ་ག་རང་རེད། གཟེར་ཅན་ནག་པོ་ལྕགས་ཀྱི་གཤོག་པ་ཅན།།ཕྱོགས་བཞི་ཀུན་ལ་འཕུར་ཞིང་ལྷ་སྲུང་འཁྲུག །ཅེས་ཕྱི་རྒྱལ་གྱི་དམག་གི་གནམ་ལ་ཟེར་བ་ལས་གུང་དམག་གི་གནམ་གྲུ་ལ་ཟེར་གི་མེད་པ་འདྲ། རྒྱ་ནག་ཆབ་སྲིད་སྤྱི་ཁྱབ་ཁང་གིས་ལུང་བསྟན་དེ་ནི་ཆིག་སྒྲིལ་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ངོས་འཛིན་བྱས་པ་དང་དགེ་བཤེས་ལ་དགག་པ་བརྒྱབ་དགོས་བའི་བཀོད་མངགས་ལྟར་དགག་པ་བརྒྱབ་པ་ཞིག་ཡིན་འདུག །དགེ་བཤེས་ཀྱིས། ཕྱི་རྒྱལ་གྱི་དམག་གིས་ཀྲུང་གོར་བཙན་ཤུགས་བཀོལ་བའི་བྱ་བ་ནི། ལོག་སྤྱོད་ཀྱིས་དབང་བཟུང་སྐབས་ཀྱི་གནས་ཚུལ་ཡིན་གྱི་ད་ལྟ་དེ་ལྟར་མ་ཡིན་ནོ།།ཞེས་གང་ལྟར་གནས་ཚུལ་འདི་རིགས་ཧ་ཅང་རྟོགས་དཀའ་བ་དང་རྙོག་འཛིངས་ཚ་བའི་སྐབས་ཀྱི་གནས་ཚུལ་རྐྱང་རེད། གོ་མིན་ཏང་དང་གུང་ཁྲན་ཏང་། རྨ་ཧྥང་སོགས་ཀྱི་བོད་ཀྱིས་བླ་མ་དག་བེད་སྤྱོད་ག་ཚོད་བཏང་ཡོད་པ་རེད། འདིའི་སྐོར་གྱི་གནས་ཚུལ་ཞིབ་པར་ཤེས་འདོད་ན་ལྷ་ས་རིག་གནས་ཕོ་བྲང་དུ་དཔེ་ཆ་བཙོང་རྒྱུ་ཡོད་ཚོད་འདུག །
ནོར་བཅོས། ཕྱི་རྒྱལ་གྱི་དམག་གི་གནམ་གྲུ་ཞེས་པར་བཅོས། མཁྱེན་ཡངས་སྣྲོན་ངག་ཁྲི་ལགས། སྔགས་ཀྱི་ལུགས་ལ་སངས་རྒྱས་ཐམམ་ཅད་རྒྱུད་གཅིག་ཡིན་གསུངས་པ་མ་རེད་དམ།
གང་ལྟར་ནང་ཆོས་ཁས་ལེན་མཁན་ཞིག་ཡིན་ན་ཁོང་གི་ལྟ་བ་དམངས་གཙོ་དང་མཐུན། དམངས་གཙོ་ནང་ཆོས་དང་མཐུན། ནང་ཆོས་དམངས་གཙོ་དང་མཐུན་པའི་ཕྱིར་རོ།།
ང་དགུ་ལོར་དགོན་པ་རྣམས་སྒོ་བརྒྱབ་སྐབས་དགེ་བཤེས་ཚང་གིས་གོང་རིམ་ལ་ཞུ་བ་ཕུལ་བ་ལྟར་ཡང་བསྐྱར་༡༩༦༠་ལོར་ཆོས་སྒོ་ཕྱེ་ནས་དད་འབུལ་ལ་རང་དབང་། གྲོང་ན་ཡོད་པའི་གྲྭ་བ་ཕྱིར་དགོན་པར་ཡོང་ཆོག་པ། བྱིས་པ་ཆུང་ངུ་གྲྭ་བ་བྱེད་ཆོག་པའི་དམིགས་བསལ་གསུམ་དགེ་བཤེས་ཀྱིས་ཞུས་པ་ལྟར་གནང་ཡོད་པ་རེད། པདྨ་བཀོད་ཀྱི་གནས་ཡིག་ཏུ་འབྲུག་ལོ་ལ་མངའ་རིས་འཇོམས་པ་དང་རྟ་ལོ་ལ་འཇིག་རྟེན་གྱི་བདེ་སྐྱིད་ཟད་པའི་ལོ་ཡིན་པར་བཤད་འདུག །དགག་ལན་དུ་མ་འོངས་འབྲུག་ལོ་༡༩༦༤་དང་རྟ་ལོར་༡༩༦༦་ལོར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུའི་ཐུགས་རེ་བཅངས་ཚུལ་འཁོད་འདུག་མོད། རིག་གནས་གསར་བརྗེའི་སྔོན་བརྡ་ཡིན་པའི་དབང་དུ་བཏང་ན་དེར་དོགས་པ་འདུག །ཚོགས་འདུའི་སྟེང་གི་ཁོང་གི་ཆེས་མཐའ་མཇུག་གི་གསུང་བཤད། ༼ ང་སྐྱེས་ནས་ལོ་ལྔ་དྲུག་ནས་སངས་རྒྱས་ཀྱི་ཆོས་ལུགས་འདི་ལ་ཞུགས། འདི་ལ་སྦྱངས། འདི་ཉམས་སུ་བླངས་ནས་ད་ལྟ་རང་ལོ་བརྒྱད་ཅུ་ལྷག་ལ་སླེབས་ནས་སངས་རྒྱས་ཆོས་ལུགས་ཞེས་པ་བཅོས་མ་ཡིན། རྫུན་མ་ཡིན། ཁུངས་མེད་ཡིན་ཞེས་སྨྱོས་ན་མ་གཏོགས་བཤད་མི་ཐུབ་ཐག་ཆོད་ཡིན། དེ་ལྟར་བཤད་པ་ལས་དཀོན་མཆོག་པའི་ཚུལ་དུ་ད་ལྟ་རང་ཤི་ན་དགའ། དཔེར་ན། གུང་ཁྲན་ཏང་ལ་ཞུགས། ཏང་གི་ཡིག་སྦྱངས། ཏང་ལ་ཡིད་ཆེས། ཏང་གི་ལུགས་ལ་སྦྱངས་བ་ཞིག་ཡིན་ན་ཏང་གི་ལུགས་དེ་བཅོས་མ་ཡིན། རྫུན་མ་ཡིན། མི་དམངས་ལ་མགོ་སྐོར་ཐབས་ཡིན་ཟེར་མི་རུང་བ་བཞིན་ནོ།། ༽ཞེས་གསུངས་པར་གཞིགས་ན་རིག་གནས་གསར་བརྗེ་ལ་ཡིད་ཆེས་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་པ་གཉིས་འགལ་བ་ཡིན་པའི་ཕྱིར་རོ།། ཡིན་ཡང་པདྨ་བཀོད་ཀྱི་གནས་ཡིག་ཏུ། སྡུག་པའི་ཐ་མར་དུ་རུ་ཀ་བ་འོང་། །ཞེས་ཕྱི་རྒྱལ་གྱི་དམག་འོང་ཚུལ་བཤད་པ་ལས་རིག་གནས་གསར་བརྗེ་འོང་ཚུལ་བཤད་མི་འདུག །རྫས་ཀྱི་དུ་རུ་ཁས་རི་བྲག་བཤིག །དམག་དུ་རུ་ཁ་ཆུ་ལྟར་འཕྱུར། གུང་དམག་ལ་བཤད་པ་ཡིན་ན་གུང་དམག་གིས་ང་དགུ་ལོར་བོད་ས་ཡོངས་རྫོགས་ཟོས་ཚར་བས་ལོ་ཚུགས་དང་མི་མཐུན། དཔྱད་པར་བྱའོ།།
ཡིག་ནོར། དེ་ལྟར་བཤད་པ་ལས་དཀོན་མཆོག་མཆོད་པའི་ཚུལ་དུ་ད་ལྟ་རང་ཤི་ན་དགའ། ཞེས་བར་བཅོས།
དགེ་བཤེས་ཤེས་རབ་རྒྱ་མཚོའི་སྐོར་ལ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ནང་ལ་ཏོག་ཙམ་འདུག། ཀླུ་སྨྱོན་དང་མིག་བརྒྱད་པ་སོགས་ཀྱི་དེ་ལ་གཟིགས་ཐུབ་ན་གསན་རྒྱ་འཕེལ་བར་ཕན་ངེས་སྙམས།
དགེ་བཤེས་ཤེར་རྒྱམ་འདི་མདོ་སྔགས་རིག་གཞུང་དང་བཅས་པ་ལ་མཁྱེན་རྒྱ་ཧ་ཅང་ཆེན་པོ་ཞིག་ཡིན་པ་རྩོད་མེད་རེད། ཡིན་ན་ཡང་རང་གི་རིག་གནས་དེ་བེད་སྤྱོད་ཡག་པོ་ཞིག་ཅང་གཏོང་ཐུབ་མི་འདུག་གོ དགེ་ཆོས་དགག་ཡིག་དེ་ནི་ལུང་རིག་ལས་ཚིག་རྩུབ་མང་བ་ཞིག་བྲིས་འདུག མའོ་ཙེ་ཏུང་དང་གུང་ཁྲན་ཏང་ལ་བསྟོད་པ་དེ་འདྲ་མང་པོ་ཞིག་བྱས་འདུག དགེ་བཤེས་འདི་ཁོ་རང་རྒྱ་དམར་གྱི་མགོ་སྐོར་འོག་ཏུ་ལྷུང་བ་མ་ཚད་ཁོའི་བྱེད་སྟངས་དེས་བོད་མི་མང་པོ་ཞིག་མགོ་སྐོར་འོག་ལ་ལྷུང་བར་གནོད་ཏན་ཏན་བསྐྱལ་ལོས་ཡོད། བོད་གཞུང་ལ་ཁ་གཏད་རྒྱབ་འགལ་བྱས་འདུག བཀའ་འགྱུར་ཞུ་དག་གི་སྐོར་ལ་ཡང་རང་བཟོ་བྱེད་མིན་གྱིན་གླེང་རྙོགས་བྱུང་ནས་ལྷ་སར་སྡོད་མ་ཐུབ་པ་ཡིན་ཚུལ་འདུག ང་ཚོས་ཞེན་ཁོགས་བྱས་ན་ཕན་ཐོགས་མི་འདུག
གོང་དུ་གཅིག་གིས་དམིགས་བརྩེ་མའི་སྐོར་གླེང་འདུག་པར་གསལ་བཤད་ཁ་སྣོན་དུ།
རྗེ་ཙོང་ཁ་པས་རྗེ་བཙུན་རེད་མདའ་བ་ཆེན་པོ་ལ།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས་།།
ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ།།
གཞོན་ནུ་བློ་གྲོས་ཞབས་ཀྱི་པད་མོར་འདུད།།
ཞེས་བསྟོད་པ་ཕུལ་བ་ལ། རྗེ་རེད་མདའ་བས་དེ་ལ་ཚིག་ཟུར་སྤོས་ཏེ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ཞེས་ཕུལ་བར། དབེན་ས་སྙན་བརྒྱུད་ལུགས་སུ་དེའི་ཁར། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག་ཅེས་སྣོན་པར་མཛད་པ་ཡིན་འདུག
རྒྱ་མིའི་མགོ་སྐོར་འོག་ལྷུང་བ་དགེ་བཤེས་ཁོང་གཅིག་པོ་ག་ལ་ཡིན། གཙོ་བོ་དེའི་སྐབས་ཀྱི་བོད་གཞུང་དང་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་མཚོན་པའི་བོད་མི་ཕལ་ཆེ་བ་ལྷུངས་པ་རེད།
༡༩༦༢ ལོའི་དཔྱིད་ཀར་པེ་ཅིང་དུ་འཚོགས་པའི་མི་རིགས་ལས་དོན་སྐོར་གྱི་ཚོགས་འདུའི་ཐོག དགེ་བཤེས་ཤེས་རབ་རྒྱ་མཚོས། རྒྱ་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཅན་རིགས་ལ་སྐྱོན་བརྗོད་ཚ་ནན་གནང་བ་དེ་འདྲ་དེའི་སྐབས་ཁོང་མ་གཏོགས་སུ་ཡང་བྱུང་མེད་པ་རེད། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་མ་ཟིན་ཡང་འདིའི་སྐབས་ནས་བཟོས་གནང་བ་དེ་ལ་དགེ་བཤེས་ཚང་ལའང་འབྲེལ་བ་ཆེན་པོ་ཡོད་འདུག
སྐབས་འདིར། རྒྱལ་ཁབ་ཀྱི་མི་རིགས་ལས་དོན་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཆེས་མཐོའི་མགོ་ཁྲིད་ཡིན་པ་ལི་ཝི་ཧན་རྗེས་སུ་མར་གཡུག་སྐབས་ཀྱང་། ཁྱེད་རང་གིས་པཎ་ཆེན་བླ་མ་དང་ཤེས་རབ་རྒྱ་མཚོ་གཉིས་ལ་མགོ་བཏགས་པ་འདྲ་བོ་ཞིག་བཤད་དེ་མགོ་འདོགས་རིང་ལུགས་པ་ཟེར་ནས་སྐྱོན་བརྗོད་བྱས་ཡོད་པ་ལས་ཁོང་གི་སྐོར་ཅུང་ཟད་རྒྱུས་ལོན་བྱེད་ཐུབ་པར་འདོད།
ང་རང་གི་བསམ་པར་ཐོག་མར་རྗེ་ཤེས་རབ་རྒྱ་མཚོས་གོ་མིན་ཏང་ལ་མགོ་བཏགས་ཏེ་བོད་སྡེ་པ་གཞུང་མགོ་རྟིང་སློག་ནས་བཅིངས་འགྲོལ་གཏོང་འདོད་གནང་བའི་གསང་བ་ཕྱིར་གྱར་ཏེ་་མངོན་དུ་མ་གྱུར་སྟབས་གོ་མིན་ཏང་གི་ས་འོག་ཚོགས་མི་དང་ལྷན་དུ་རྒྱ་ནག་ཏུ་མི་འཕེབས་ཐབས་མེད་བྱུང་བ་དང་། རྒྱ་དམར་ནག་གཉིས་འཐབ་འཛིང་ཕུ་ཐག་ཆོད་རྗེས་གུང་དམག་གི་བཙན་གནོན་དང་
བསླུ་བྲིད་ཀྱི་ཞགས་འོག་ཏུ་ཚུད། དེ་རྗེས་མའོ་ཙེ་ཏུང་གིས་བེད་སྤྱོད་གཏོང་བའི་ལག་ཆར་གྱུར་རྗེས་རྗེ་ཉིད་ཀྱིས་ཐབས་བརྒྱ་
ཇུས་སྟོང་གིས་མའོ་ལ་དགོས་པའི་ངོ་དགའ་སྤྲེལ་ལད་འཁྲབ་གནང་སྟེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཡང་དགོས་བོད་བརྒྱུད་ནང་བསྟན་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་
དབུ་མའི་ལམ་དང་བོད་མི་རིགས་ཀྱི་མ་འོངས་པར་བག་ཆགས་ཟབ་མོ་འཇོག་གནང་མཛད་ཡོད་པས་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་ནི་གྲོས་མཐུན་དོན་ཚན་བཅུ་བདུན་དང་
སྐབས་དེའི་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་འབྱེད།མའོ་ཙེ་ཏུང་གི་བོད་ཀྱི་ལས་དོན་
སྐོར་ལ་བློ་འདྲི་ཡུལ་གྲོགས་པོ་བློས་ཐུབ་གཉིས་པ་འདྲ་བོ་དེ་ཆགས་ཡོད། དེ་ཡང་ཁོང་གི་གསུང་འབུམ་ལས། རང་ཉིད་རང་གིས་མ་བརླག་ན།།
གུང་བྲན་ཏང་གིས་རླག་མི་འགྱུར།།
དེ་ཡི་སྤྱོད་ཚུལ་ནམ་མཁའི་ཁྱོན།།
ཐོགས་མེད་མཁའ་ལ་རྣམ་པར་རྒྱུ།།
ཞེས་སོགས་གསུངས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མའོ་ཙེ་ཏུང་ནང་པར་འགུག་ཐབས་གནང་
ཡང་དེ་ལས་ཟློག་ཏེ་མའོ་གིས་རྗེ་བཙུན་ཁོང་བེད་སྤྱོད་བཏང་ཚར་རྗེས་༼ཆོས་དུག་རེད་དེས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ལ་གནོད་ཚུལ་རྒྱལ་ཡོངས་མང་ཚོགས་དང་ལྷག་པར་བོད་ཀྱི་མི་དམངས་ལ་འགྲེལ་བཤད་གནང་དགོས་༽ཞེས་བས་ད་གཟོད་གཞི་ནས་ཁོང་ཧ་
ལས་ཧང་སང་ཏེ་ད་ཆ་གུང་བྲན་ཏང་གི་སྲིད་ཇུས་དེ་གླང་ཆེན་སྨྱོན་པ་ཞིང་ནང་དུ་གློད་པ་དང་གཉིས་སུ་མ་མཆིས་སོ་ཞེས་ཐུགས་ཕངས་་ཚད་མེད་འཁྲུངས་ཏེ་བདེ་གཤེགས་མཆོད་རྟེན་
བརྒྱད་དང་གནས་ཆེན་དང་མཛད་ཆེན་ཁག་ལ་བསྔགས་པ་པའི་ཚིགས་སུ་བཅད་པ་འདོན་
གནང་མཛད་དེ་རིང་པོར་མ་ཐོགས་པར་ཞལ་འཆེམས་དང་ལས་འབྲས་མི་བསླུ་བའི་སྐོར་སོགས་མང་དུ་གསུངས་ནས་སྐུ་ཞི་བར་གཤེགས་སོ།
ཞཱ་བཟང་མདངས་ལྡན་ལྟ་བ་རྣམ་དག་བཅངས་།།
ཟ་མ་དགྲ་ཅན་ཟས་འདྲར་རབ་སྤྱད་ནས་།།
འ་ཅག་གངས་ཅན་སྐྱབས་ལ་རབ་འབད་མཐར།།
ཡ་མཚན་རྟག་ཆད་མཐའ་བྲལ་ལམ་བཟང་བསྩལ།།
ཞེས་བྱ་བ་ནི་བར་སྐབས་ཀྱི་ཆའི་རྒྱན་ནོ།།
ལོ་རྒྱུས་ཤིག་ཏུ་ཁོང་རིག་གསར་སྐབས་མའོ་ཙེ་ཏུང་སྐྱེས་བུ་དམ་པ་ཞེས་བསྔགས་པའི་དམར་སྲུང་དམག་གིས་བརྡུངས་ཏེ་ཚང་ར་བཅག་ནས་བསད་ཚུལ་འདུག་པ་བདེན་ནམ།
པཎ་ཆེན་རིན་པོ་ཆེའི་རྒྱ་སྐད་ཀྱི་གསུང་སྒྱུར་བ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བྲིས་བའི་༼ སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ ༽ཞེས་པ་ལས་སྐབས་དེ་དང་དེའི་གནས་ཚུལ་ཞིབ་ཕྲ་བྲིས་ཡོད་པས་པཎ་ཆེན་རིན་པོ་ཆེ་དང་དགེ་བཤེས་གཉིས་ཀྱི་སྐོར་ལ་ཁུངས་ལྡན་བཀོད་འདུག་ལ་དེ་ལས་ལྷག་ཅིག་གནས་ཚུལ་ཁ་གསལ་བྱུང་མེད་པ་རེད ། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་དེབ་དེ་དཔར་སྐྲུན་བྱས་འདུག །དགེ་བཤེས་རིན་པོ་ཆེའི་སྐོར་ལ་བཤད་ཚུལ་མི་འདྲ་བ་མང་དག་ཅིག་མཆིས་ཤིང་ཕལ་ཆེ་བས་བཤད་ཚུལ་གོང་བཀོད་མཆན་༢༨་ལྟར་རེད།
བདེན་སྲིད། ཁོང་བཙོན་ཁང་དུ་ལྷགས་ནས་གནས་ཚུལ་ཅི་བྱུང་སུས་ཀྱང་བཤད་དཀའ་བ་ཞིག་རེད། ཡུན་རིང་མ་སོང་བར་སྤྱི་ལོ་༡༩༦༨་ལོའི་ཟླ་༡༡་ཚེས་༡་ཉིན་དགུང་ལོ་གྱ་དྲུག་ཐོག་བཙོན་ཁང་དུ་དགོངས་པ་རྫོགས།
དགེ་བཤེས་ཚང་གིས་དམར་ཕྱོགས་མནར་གཅོད་མྱངས།།
དགེ་ཆོས་ལགས་ཀྱིས་སྐུ་དྲག་མནར་གཅོད་མྱངས།།
དགེ་བཤེས་ཚང་གིས་མོའུ་ལ་ཁ་བརྡུང་བཏང་།།
དགེ་ཆོས་ལགས་ཀྱིས་སྐུ་ངོར་གད་མོར་ཤོར།།
རང་གི་རིག་གཞུང་སྲོག་ལྟར་གཅེས་བ་ལས།།
མཇུག་མཐར་གཉིས་ཀ་དོན་མེད་བཙོན་འཇུག་བྱས།
དགེ་རྒན་དགེ་ཕྲུག་གཉིས་ཀྱི་ལས་དབང་འདི།།
བསམ་ན་སྙིང་རླུང་ལྡིང་བའི་རྒྱུ་གཅིག་བུ།།
མཁྱེན་ཡངས་མིག་བརྒྱད་པ་ལགས།།
ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློས་ལུང་དྲངས་པའི་ཨ་རིའི་ལོ་རྒྱུས་རིག་པའི་མཁས་དབང་། མེ་ཀོར་སེ་ཏན་གྱིས་བྲིས་གནང་བའི་ཡིད་རྟོན་རུང་བའི་གྲགས་ཅན་ལོ་རྒྱུས་
༼༼བླ་མའའི་རྒྱལ་ཁབ་ཉམས་ནུབ་ཏུ་གྱུར་ཚུལ་༽༽ཞེས་པ་ལས་༼དེ་ལ་དགེ་འདུན་
ཆོས་འཕེལ་ཞེས་པ་གྲཱ་བ་ན་གཞོན་རིག་པ་ཤིན་ཏུ་རྒོད་ཅིང་ཆང་དང་བུད་མེད་ལ་
དགའ་ཞིང་། དུད་ནག་ཀྱང་འཐེན་གྱིན་འདུག་པ། ནུབ་བོད་ལེགས་བཅོས་ཚོགས་པའི་ནང་ཞུགས་ཤིང་ཚོགས་པ་དེའི་དམིགས་ཡུལ་ནི་བོད་སྡེ་བ་
གཞུང་མགོ་རྟིང་སློག་སྟེ་བསྒྱུར་བཅོས་གཏོང་རྒྱུ་དེ་ཡིན་ཞིང་ལྐོག་ནས་ཅང་ཅད་ཧྲེའི་
གོ་མིན་ཏང་སྲིད་གཞུང་དང་ངན་འབྲེལ་གྱིས་དངུལ་དངོས་ཀྱི་རྒྱབ་སྐྱོར་བླང།།
ཚོགས་པ་དེའི་དར་ཆ་ནི་ཨུ་རུ་སུའི་རྒྱལ་དར་དང་འདྲ་ལ་ཚོགས་མི་ཡང་བོད་སྲིད་གཞུང་གིས་
གཏན་ཕུད་བཏང་བའི་ལྕང་ལོ་ཅན་བསོད་རྒྱལ་དང། སྤོབས་མདའ་རབ་དགའ་།
སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་སོགས་མི་ཁ་ཤས་འདུག་ཀྱང་མཚན་ཇི་མ་ཇི་བཞིན་མི་དྲན་། ཁོང་རྣམས་ཀྱི་འཕྲིན་དབྱིན་ཇིའི་སྦྲག་ཁང་བརྒྱུད་བོད་དུ་བཏང་བ་དབྱིན་ཇིའི་གསང་བའི་
ལས་ཁུངས་ཀྱི་ལགས་ཏུ་ཐེབས་ཏེ་ཕྱིར་དངུལ་ལོར་རྫུན་མ་བཟོས་པའི་ཉེས་མིང་བསྒྲགས་ཏེ་བཙོན་དུ་བཅུག་རབ་ཞིག་བྲིས་གནང་འདུག་པ་ཇི་བཞིན་མི་དྲན་པས་། དེ་རྒྱུ་རྐྱེན་ངོ་མ་གང་ཡིན་ནམ། གལ་སྲིད་གོ་མིན་ཏང་གི་དངུལ་དངོས་ཀྱི་རྒྱབ་སྐྱོར་ལ་བསྟེན་ནས་བཅིངས་འགྲོལ་གཏོང་ཐུབ་པ་ཡིན་ན་ད་ཆའི་གུང་བྲན་གྱི་བཙན་འཛུལ་དང་མི་འདྲ་བའི་ཁྱད་པར་དང་དགེ་
མཚན་ཆེ་ཆུང་ཇི་ཙམ་ཡོད་དམ།།
རྡོ་སྦིས་དགེ་བཤེས་ཐབས་ཤེས་མཁས་ནས་མཐའ་མར་རྒྱ་དམར་བཙོན་ལས་འདས།།
དགེ་འདུན་ཆོས་འཕེལ་རིགས་པ་རྒོད་པས་མཐའ་མར་དགྲོལ་བྱའི་ཡུལ་དེར་འདས།།།
ཞཱ་སྒབ་ཟུར་ཁང་ལྟ་བ་མཁྲེགས་པས་བཙན་བྱོལ་ཡུལ་ནས་སླར་ཡང་གྱར།།
ཤར་ཁུག་ཀླུ་བྱམས་རྩོམ་ལ་བྱང་བས་བཙན་བྱོལ་གཞུང་ལས་རིམ་བཞིན་བུད།།
གལ་ཏེ་ཁྲིམས་ཁང་དབང་ཚད་་ཡོད་ན་མཐའ་མ་ཟུང་ཡང་བཙོན་ལ་ཉེ།།
ཁ་བརྡའི་དྲ་བདག་ཚོས་ང་ལ་སླར་ཡང་མཆན་བུ་བྲི་དབང་གནང་བར་ཐུགས་རྗེ་ཆེ་ལགས། ད་བསམ་འཆར་ཅིག་མ་ཞུ་ཐབས་མེད་བྱུང་མ་སོང་བས་འདིར་ཐོག་མར་སྨྲས་པ།
མི་རབས་གསར་རྙིང་གཉིས་ཀར་ཕན་སྟངས་ནི། །
འདས་པའི་བླ་དཔོན་རྣམ་གཉིས་རྣམ་ཐར་ནི། །
ང་ཚོའི་དངོས་བརྒྱུད་དགེ་རྒན་ལེགས་ཉེས་གཉིས། །
ཉེས་མཐོང་དེ་རྗེས་མི་འཇུག་དམ་བཅའ་དང་། །
ལེགས་ལ་ཡར་བལྟས་ཡར་རྒྱས་རྒྱུན་འཁྱོང་མཛོད། །
མི་རབས་གསར་རྙིང་དམ་ཚིག་ཀུན་མཐུན་ཤོག །
དགེ་ཆོས་ལགས་ཀྱིས་བོད་སྡེ་བ་གཞུང་མགོ་རྟིང་སློག་རྒྱུའི་ཇུས་ངན་བཤམས་པ་མ་རེད། ཚོགས་པ་གསར་འཛུགས་ཀྱིས་བོད་བདེ་བ་གཞུང་ལེགས་བཅོས་བྱེད་རྒྱུའི་འཆར་གཞི་བཏང་བ་རེད། ཡིན་ན་ཡང་ལེགས་འགྲུབ་མ་བྱུང་བར་བརྟེན་བོད་གཞུང་གིས་རྒྱ་མིའི་སོ་བ་དང་དངུལ་ལོ་རྫུན་མ་བཟོས་བར་བསྙད་བཏགས་ནས་དོན་མེད་བཙོན་འཇུག་བྱས་པ་བློ་ཕམ་པའི་གནས་རེད། རྗེས་སུ་བཙོན་གྲོལ་ཐོབ་སྐབས་གྲྭ་བ་ཞིག་གིས་དགེ་ཆོས་ལགས་ལ། ཁྱོད་ལ་སྡུག་པོ་གཏོང་མཁན་དེ་ཚོ་ལ་ལྟད་མོ་ལྟ་ཆོག་གི་རེད། ད་གུང་དམག་ལྷ་སར་སླེབས་ལ་ཉེ་བ་འདུག་ཅེས་ཞུས་བས། དགེ་ཆོས་ལགས་ཀྱིས། ད་བོད་ལ་གོད་ཆག་ཡ་ང་བ་ཞིག་འབྱུང་བར་གདོན་མི་ཟ་བས་དེ་འདྲའི་སེམས་མ་སྐྱིད་པ་ཞིག་མི་ཚེའི་ནང་བྱུང་མྱོང་མེད་ཅེས་རྗེས་སུ་རག་ར་སྤྲུལ་སྐུ་ལ་གསུངས་འདུག །
རྡོ་སྦིས་དགེ་བཤེས་ཨུ་ཚུགས་ཚ་དྲགས་པས།།
མཐའ་མར་བཙོན་ཁང་ནང་དུ་ལྷགས་དགོས་བྱུང་།།
དགེ་འདུན་ཆོས་འཕེལ་རིགས་པ་རྒོད་དྲགས་པས།།
མཐའ་མར་སྐུ་ངོའི་ལག་ནས་ཐར་མ་སོང་།།
ཞཱ་སྒབ་ཟུར་ཁང་རང་ལྟ་ཤུགས་ཆེ་བས།།
བཙན་བྱོལ་ཡུལ་ནས་རྨག་མེད་བག་ལ་ཞ།།
ཤར་ཁུག་ཀླུ་བྱམས་རྩོམ་ལ་མ་བྱང་བས
བཙན་བྱོལ་གཞུང་ཞབས་ཀུན་ལ་ཕོག་ཐུག་བཏང་།།
སྤྱི་ཚོགས་རྙིང་པའི་ཁྲིམས་ཁང་ཡོད་གྱུར་ན།།
ད་ནི་མཐའ་མ་ཟུང་ཡང་ཉེན་ཁ་ཆེ།།
ཡིན་ཡང་དམངས་གཙོའི་ཁྲིམས་ཀྱི་ར་བ་ན།།
སྨྲ་བརྗོད་རང་དབང་འདི་ཉིད་སྲོག་ལྟར་གཅེས།།
སྐྱ་མིན་སེར་མིན་ཀླུ་སྨྱོན་མིང་ཅན་གྱི། །
ཆོས་མིན་སྲིད་མིན་ཉོག་གཏམ་འབའ་ཞིག་གིས། །
གོ་མེད་ཚོར་མེད་རྗེ་ལ་བསྟོད་ཁུལ་འདི། །
དགེ་མེད་སྡིག་མེད་ཅིག་གི་བྱེད་སྟངས་སྟངས་རེད། །
ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ཀུན་གཟིགས་མཆོག་ཁོ་ནས་འབྲི་གནང་མཛད་པ་དང་། སྐུའི་ཡོངས་འཛིན་དངུལ་ཆུ་རིན་པོ་ཆེ་དང་། དཀྱིལ་ཁང་མཁན་རིན་པོ་ཆེ། མཚན་ཞབས་པ་རྡོ་གདན་པ། ཛ་སག་འཇིགས་མེད་གྲགས་པ་སོགས་ཀྱིས་ཀུན་གཟིགས་མཆོག་གི་དབུ་འོག་དཔུང་འདེགས་ཞུས་པའི་ཉེ་ལེན་ལས་བཙོན་དུ་ལོ་མང་བཞུགས་དགོས་པ་དང་། མང་ཆེ་བ་བཙོན་ཁང་ནང་དགོངས་པ་རྫོགས་དགོས་པ་ཆགས་ཡོད།
བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མེད་དགོངས། གསུངས་པ་ལྟར་ཀུན་གཟིགས་བཅུ་པ་དེ་བོད་ལ་དྲིན་ཆེན་ཡིན་ཡང་བོད་པ་ཚང་གིས་ཚོང་པ་རྒྱག་ཅེས་པའི་མཚན་གསོལ་བ་ནི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ལས་འགལ་བའི་ཆེས་ཐ་ཤལ་མ་རབས་ཀླ་ཀློའི་རྨོངས་སྤྱོད་ཅིག་ཡིན་པ་ནི་དུད་འགྲོ་ཕུད་པའི་སྨྲ་ཞིང་དོན་གོ་བའི་འགྲོ་བ་མིའི་རིགས་
རྣམས་ཀྱིས་ཤེས་བཞིན་པ་ལགས།
མཁྱེནཡངས་མིག་བརྒྱད་མཚན་ཅན་ལགས།
ཨུ་ཚུགས་ཚ་ན་ཀླ་ཀློར་བསྔགས་དོན་ཅི།།
རིགས་པ་རྒོད་ན་བླུན་པོས་བསླུས་དོན་ཅི།།
དམངས་གཙོ་ཡིན་ན་གཞུང་མིང་བསྒྱུར་དོན་ཅི།།
རང་དབང་ཡོད་ན་གཞུང་ནས་ཕུད་དོན་ཅི།།
དེ་དག་རང་ལྟ་མཆོག་འཛིན་གཏམ་མིན་ན།།
ཡུལ་དུས་རང་བཞིན་ལྟོས་ནས་འབད་པ་ལས།།
རང་སྣང་གང་དྲན་མཐོ་སྙེགས་མི་རུང་བས།།།
ཐུབ་དབང་གིས་ཀྱང་གདུལ་བྱར་བསྟུན་མིན་ནམ།།
ནོར་བཅོས།
ཐུབ་དབང་མཆོག་གིའང་གདུལ་བྱར་བསྟུན་་པར་མཛད།།
ཅེས་བཅོས་གནང་མཁྱེེནེ།།།
དེ་སྔོན་འབྲས་སྤུངས་དགོན་པའི་དགེ་བཤེས་ལྷ་རམ་པ་ད་ཆ་ཨ་རིར་གནས་བཞུགས་༼འགྲན་ཟླ་བྲལ་བའི་རྒྱ་བླ་མ་༽ཞེས་པའི་ཁོང་སྐུ་ངོ་མའི་ངག་རྒྱུན་ལོ་རྒྱུས་ལ་གཟིགས་ཙམ་
གནང་དང་དེའི་ནང་གསང་བའི་གནས་ཚུལ་མང་པོ་ཤུགས་ལ་གོ་ཡོང་གི་འདུག་གང་
ཡིན་ཟེར་ན་ཁོ་རང་གོ་མིན་ཏང་གི་ས་འོག་ལས་དོན་པ་དམིགས་ཅན་ཞིག་རེད་འདུག་
པས་མཐའ་མ་ཨ་རིར་མ་འཕེབས་ཀ་མེད་བྱུང་ཡོད་ས་རེད། ཁོང་ད་ཆ་ལོ་དགུ་བཅུ་ལྷག་ཙམ་རེད་།། བོད་མིང་ངམ་ཆོས་མིང་ལ་བློ་བཟང་བརྩོན་འགྲུས་ཡིན་ས་ཡོད།།
མིང་ངོ་མ་འམ་རྒྱ་སྐད་ཀྱི་མི་དྲན་གྱི་མི་འདུག།། དེབ་དེའི་མིང་རྒྱ་སྐད་དུ་༼独一无二的甲剌嘛༽一个汉人剌嘛的口述史ཞེས་པའི་དེབ་དེའི་མིང་གི་ནང་དོན་གོང་དུ་ཞུས་པ་དེ་ཡིན་།