རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།
མཁན་རིན་པོ་ཆེས་བྱམས་བརྩེའི་ངང་ཐུགས་སེམས་ཁོལ་པོས། གང་ཡང་མེད། ཚང་མ་ཡག་པོ་ཟིན་པ་ཡིན་ཞེས་གསུངས་གནང་བྱུང་།——-ཆོས་དབྱིངས་ལྷ་མོ།
བཀུར་འོས་གདུང་སྲས་རིན་པོ་ཆེ། མཁྱེན་བརྩེ་རིན་པོ་ཆེ། མཁན་པོ་རིན་ཆེན་དང་མཁན་པོ་འཇམ་དབྱངས་བློ་གསལ་གཙོས་པའི་མཁན་པོ་སྤྲུལ་སྐུ་རྣམ་པ། དགེ་འདུན་པ་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་གྲོགས་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ཚང་མས་འགྲུལ་བཞུད་དང་བཞུགས་གནས་མཐུན་རྐྱེན་སོགས་ཀྱི་སྐུ་ངལ་ལ་མ་འཛེམས་པར་ཐེངས་འདིའི་བཟང་སྤྱོད་སྨོན་ལམ་ཆེན་མོར་ཆིབ་སྒྱུར་བསྐྱངས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། སྨོན་ལམ་འདི་ནི་གུས་པའི་རྩ་བའི་བླ་མ་མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་འཁྲུངས་ནས་ལོ་དགུ་བཅུ་འཁོར་བའི་དུས་དྲན་དུ་འཚོགས་པ་ཞིག་རེད། གུས་པ་ནང་བསྟན་གྱི་རྗེས་སུ་འཇུག་པའི་སློབ་མ་ཞིག་ཡིན་པ་ཙམ་གྱི་ཆ་ནས་སྨོན་ལམ་འདི་ཉིད་འཚོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྐོར་ཉུང་ཉུང་ཞིག་ཞུ་རྒྱུ་ཡིན།
སྤྱི་ལོ་ཉིས་སྟོང་དྲུག་གི་ལོའི་ལོ་དཀྱིལ་གྱི་དྭངས་ཤིང་གསལ་བའི་ཞོགས་དུས་ཞིག་ལ་གུས་པ་དང་། མཁན་པོ་ངག་དབང་རྒྱལ་མཚན་དང་བླ་མ་ཨ་ཕྲིན། བླ་མ་ཨ་ཞིང་བཅས་ང་ཚོ་བཞིས་ཆོས་ཀྱི་འབྱུང་གནས་ཀྱི་ཆོས་ཚོགས་ཀྱི་ཞོགས་འདོན་སྒྲོལ་ཆོག་བཏོན་ཟིན་པ་དང་། ང་ཚོ་མཉམ་དུ་ཉེ་འཁོར་གྱི་ནངས་ཟས་ཟ་ས་ཞིག་ནས་ཟ་མ་ཟ་གིན་ཁ་བརྡ་གློད་པ་ཡིན།
སྐབས་དེར་ངས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་འཛུགས་སྐྲུན་གྱི་འགྲོ་སོང་ཚང་མ་ནི་བྱང་ཚར་བ་རེད། ང་ལ་ད་དུང་དངུལ་ཅུང་ཟད་ཅིག་ཡོད་པ་དེས་དོན་སྙིང་ཡོད་པའི་ལས་ཀ་ཞིག་བྱེད་འདོད་འདུག་ཅེས་བཤད་པ་ཡིན།
བླ་མ་ཨ་ཕྲིན་གྱིས་སྐད་ཆ་དེ་གོ་བ་དང་ཧ་ཅང་དགའ་ཚོར་ཆེན་པོས། དགེན་ལགས། ངས་རྒྱུན་དུ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པས་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཞིག་འཚོགས་རྒྱུ་བྱུང་ན་བསམ་མྱོང་། ཁྱེད་ཀྱིས་ལྟས་ན་ག་འདྲ་རེད་ཅེས་ཟེར།
སྐབས་དེར་ང་ལ་མཚོན་ན་སྨོན་ལམ་ཟེར་བ་ཅི་ཞིག་ལ་ཟེར་བ་གཏན་ནས་ཤེས་མ་བྱུང་ལ་དེའི་ནང་དོན་དང་ཕན་ཡོན་ནི་དེ་བས་ཀྱང་ཤེས་མ་བྱུང་། དེ་ནི་ཕལ་ཆེར་གོ་གཏན་ནས་མ་མྱོང་བའི་མིང་ཚིག་ཅིག་རེད།。
མཁན་པོ་ངག་དབང་རྒྱལ་མཚན་དང་། ཨ་ཕྲིན། ཨ་ཞང་བཅས་ཁོང་རྣམ་པ་གསུམ་ནས་ཞོགས་ཟས་ཟ་སའི་ཅོག་ཙེ་དེ་གའི་འགྲམ་ནས་ང་ལ་སྨོན་ལམ་འཚོགས་ཟེར་བའི་ནང་དོན་དང་གྲ་བསྒྲིགས་དགོས་པའི་རྣམ་གྲངས་སོགས་འགྲེལ་བཤད་རྒྱག་མགོ་ཚུགས།
ཚོད་དཔག་རགས་ཙམ་བྱས་རྗེས་ཧ་ཅང་འགྲིགས་པ་ཞིག་ཡིན་པའི་མཐོང་སྣང་བྱུང་ཞིང་། བསམ་ཚུལ་འདི་ཉིད་ཡོངས་སུ་དང་ལེན་ཞུ་ཐུབ་པ་བྱུང་བར་མ་ཟད་ང་ཚོ་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས། དེ་རྗེས་མཁན་རིན་པོ་ཆེར་བཀའ་གནང་ཞུས་པ་ཡིན།
རིན་པོ་ཆེས་ང་ལ་བྱམས་བརྩེ་ཧ་ཅང་ཆེན་པོ་གནང་གིན་ཡོད་པས་དུས་ཡུན་ཧ་ཅང་ཐུང་ངུའི་ནང་བཀའ་ཁྲོལ་ཐོབ་པ་དང་། སྤྱི་ལོ་༢༠༠༦ལོའི་ཟླ་༡༠བའི་ཚེས་༡དང་བོད་ལུགས་ཟླ་བ་བཅུ་པའི་ཚེས་གཅིག་ལ་མགོ་འཛུགས་ཀྱིས་འཚོགས་རྒྱུར་ཐག་བཅད་པ་ཡིན།
ངས་བསམ་ན་ཉིས་སྟོང་དྲུག་གི་ལོའི་སྐབས་དེའི་སྨོན་ལམ་ལ་འཚོགས་མྱོང་མཁན་རྣམ་པས་ངེས་པར་ད་དུང་དྲན་སོས་ཀྱིན་ཡོད་རྒྱུ་རེད།
སྐབས་དེར། གནས་ཁྱད་པར་ཅན་གྱི་བྱིན་རླབས་ཀྱི་སྟོབས་དང་། མཁན་རིན་པོ་ཆེའི་ཐོས་བསམ་སྒོམ་རྟོགས་ཀྱི་ཡེ་ཤེས་བཞི་མཐར་ཕྱིན་ཅིང་རྣམ་པར་དག་པའི་ཡོན་ཏན་གྱི་སྟོབས་ཀྱིས་ང་ཚོ་རེ་རེ་བཞིན་ལ་སངས་རྒྱས་འོད་དཔག་མེད་པའི་ཞིང་བདེ་བ་ཅན་གྱི་ཡོན་ཏན་སྒོམ་པ་ལྟར་རྙེད་དཀའ་བའི་མྱོང་ཚོར་བྱུང་ཡོད།
དེ་ལྟ་བུའི་བློ་ཁ་ཁེངས་པའི་གྲུབ་འབྲས་བྱུང་བ་དེས་ངས་ཡང་བསྐྱར་མཁན་རིན་པོ་ཆེར་ཉིས་སྟོང་བཅུའི་ལོར་ཡང་བསྐྱར་མུ་མཐུད་དེ་རིན་པོ་ཆེ་འཁྲུངས་ནས་ལོ་དགུ་བཅུར་ཟིན་པའི་སྐབས་དང་བསྟུན་ནས་སྨོན་ལམ་ཐེངས་གཉིས་པ་འདི་འཚོགས་ཆོག་པའི་དགོངས་བསྐོར་ཞུས་པར། རིན་པོ་ཆེས་བྱམས་བརྩེའི་འཛུམ་མདངས་དང་ལྷན་དབུ་གུག་གུག་གནང་གིན་ཞལ་གྱིས་བཞེས་སོང་།
ཉིས་སྟོང་བདུན་ལོའི་ཟླ་བ་དྲུག་པར་ང་ཆོས་ཀྱི་འབྱུང་གནས་ཆོས་ཚོགས་ཀྱི་སྨན་བཅོས་རུ་ཁག་ཆུང་ཆུང་ཞིག་དང་ལྡན་དུ་རྫོང་སར་དུ་མཁན་རིན་པོ་ཆེ་མཇལ་སར་ཡོང་ཞིང་། སྐབས་དེར་རིན་པོ་ཆེས་ང་ལ་ང་ཟླ་བ་བརྒྱད་པའི་མཇུག་ཏུ་སེང་གྷ་པུར་དང་མ་ལེ་ཤི་ཡ། ཐའེ་ཝན་བཅས་སུ་ཐེངས་གཅིག་ཡོང་འདོད་ཡོད། འདི་ལོར་མ་སླེབས་ན་ཉིས་སྟོང་བརྒྱད་ལ་དེ་བས་ཀྱང་འགྲོ་ཐུབ་གི་མ་རེད་གསུང་།
རིན་པོ་ཆེས་རང་ཉིད་སྙུན་གཞི་རྙིང་པ་ལས་གཏན་དུ་དྲགས་སྐྱེད་འབྱུང་མི་ཐུབ་པ་ཧ་ཅང་གསལ་པོ་དགོངས་ཀྱི་ཡོད་ན་ཡང་ཉེ་གནས་བཀྲ་ཤིས་དོན་གྲུབ་ཀྱིས་འདེད་བཞིན་པའི་ཁྲིའུ་འཁོར་དེར་བཞུགས་ནས་ལེ་བར་སྟོང་གི་རྒྱང་རིང་དུ་འཕུར་སྐྱོད་ཀྱིས་ཆོས་ཀྱི་འགྲོ་དོན་མཛད་གནང་རྒྱུར་དཀའ་ངལ་ལ་འཛེམས་ཟོན་མི་གནང་བ་རེད།
དགོང་ན་མཐོན་པོར་ཕེབས་པའི་རིན་པོ་ཆེ་མཆོག་གིས་འདི་ལྟ་བུའི་ཆོས་ཀྱི་ཆེད་དུ་ངལ་དུབ་བརྗེད་གནང་བའི་བདག་ཉིད་ཆེན་པོའི་སྤྱོད་པ་འདིས་རྒྱུན་དུ་ཆོས་ཀྱི་འབྱུང་གནས་ཆོས་ཚོགས་སུ་ཡང་། ང་དང་། མཁན་པོ་འཇམ་དབྱངས་བློ་གསལ། ཨ་ནེ་བཅས་ཚང་མ་ངོ་ཚ་པོ་བཟོ་གནང་གིན་ཡོད།
ཉིས་སྟོང་བརྒྱད་ལོའི་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་གུས་མོ་ཆེད་དུ་བཤད་གྲྭར་མཁན་རིན་པོ་ཆེ་མཇལ་དུ་ཡོང་། རིན་པོ་ཆེའི་གཟི་མདངས་ཤོར་བའི་ཞལ་རིས་མཇལ་སྐབས། ངས་ད་དུང་ལས་ཀ་ཅི་ཞིག་བྱེད་དགོས་པའི་བཀའ་ལན་འཕྲལ་དུ་གནང་རོགས་ཞེས་བློ་སེམས་གཏད་ནས་ཞུས་པ་ཡིན།
རིན་པོ་ཆེའི་བྱམས་བརྩེའི་ངང་ཐུགས་སེམས་ཁོལ་པོས། གང་ཡང་མེད། ཚང་མ་ཡག་པོ་ཟིན་པ་ཡིན་ཞེས་གསུངས་གནང་བྱུང་ཞིང་།ཟླ་དེའི་ཚེས་ཉི་ཤུ་ལྔ་ལ་རིན་པོ་ཆེ་སྐུ་ཞི་བར་གཟིམས་པ་རེད།
ཡིད་སྐྱོ་བའི་གནས་སྟངས་དེ་བྱུང་ནས་དུས་ཡུན་གང་འཚམས་སོང་རྗེས་ངས་བསྐྱར་དུ་ཇི་ལྟར་མཁན་རིན་པོ་ཆེར་ཇི་ལྟར་རྗེས་དྲན་ཞུ་བའི་ཐབས་ལམ་གྱི་ཕྱོགས་སུ་བསམ་བློ་འཁོར་ཞིང་དེ་ནི་ང་ཚོ་རྫོང་སར་གྱི་འདུས་པ་ཡོངས་ཀྱི་ལྟེ་བར་ཕྱོགས་པའི་འདུ་ཤེས་དང་གོང་བུར་འགྲིལ་བའི་ནུས་ཤུགས་ཚད་མཐོ་རུ་གཏོང་རྒྱུ་སྟེ། བཤད་གྲྭའི་ནང་དུ་ཡོད་བཞིན་པ་དང་ཡང་ན་སློབ་མཐར་ཕྱིན་ནས་ཕྱོགས་སུ་ཕེབས་ཟིན་པའི་དགེ་སློབ་སུ་ཡིན་ཡང་ང་ཚོ་ལྷག་བསམ་རྣམ་དག་གི་མཉམ་རུབ་ཀྱིས། མཁན་རིན་པོ་ཆེའི་འཕགས་པའི་རྣམ་ཐར་གྱི་མིག་དཔེ་ནམ་ཡང་བརྗེད་མི་རུང་བར་མ་ཟད། མུ་མཐུད་ཁོང་གི་རྗེས་སུ་ཞུགས་ཏེ། ཐར་པའི་བགྲོད་ལམ་དུ་གོམ་པ་སྤོ་རྒྱུ་དེ་རེད་དྲན། ངས་དེ་མ་ཐག་མཁན་པོ་འཇམ་དབྱངས་བློ་གསལ་མཆོག་ལ་ཉིས་སྟོང་བཅུའི་ལོར་བཟང་སྤྱོད་སྨོན་ལམ་ཆེན་མོ་འདི་ལྟར་འཚོགས་རྒྱུར་རྒྱབ་སྐྱོར་ཐོབ་རྒྱུའི་ཞུ་བ་ཕུལ།
སྨོན་ལམ་གཏན་ཁེལ་བ་དང་མཉམ་དུ་མཁྱེན་བརྩེ་རིན་པོ་ཆེར་སྨོན་ལམ་གྱི་དབུ་བཞུགས་གནང་རྒྱུའི་གདན་ཞུའི་གསོལ་འདེབས་ཞུས་པ་ཡིན།
མི་ལ་དགེ་བའི་གཞི་ཡོད་ན། ལྷ་ནི་དེ་ཡི་ཕྱི་བཞིན་འབྲངས། །ཞེས་པའི་རྣ་ཐོས་ནི་དངོས་འབྲེལ་རེད་འདུག སྐབས་དེར་མཁན་པོ་འཇམ་དབྱངས་བློ་གསལ་གྱིས་ང་ལ་མཁྱེན་བརྩེ་རིན་པོ་ཆེས་སྨོན་ལམ་གྱི་ཚོགས་དབུར་བཞུགས་རྒྱུའི་ཞལ་བཞེས་གནང་བ་ཙམ་མིན་པར་ད་དུང་སྐྱ་སེར་འདུས་ཚོགས་ཐུན་མོང་ལ་བཟང་སྤྱོད་སྨོན་ལམ་གྱི་བཀའ་ཆོས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་སོང་ཞེས་བརྡ་ལན་གནང་བྱུང།
སྐབས་དེར་གུས་མོར་བྱ་དགའ་ཆེན་པོ་ཞིག་ཐོབ་པ་ལྟ་བུའི་ནོན་མི་ཐུབ་པའི་དགའ་ཚོར་སྐྱེས་ཤིང་བཀའ་དྲིན་ཡང་བླ་ལྷག་ཏུ་ཚོར།
དེ་རྗེས་ཙམ་ན་ངས་དྲ་ཐོག་ནས་མཁྱེན་བརྩེ་རིན་པོ་ཆེའི་གློག་རྡུལ་གྱི་དེབ་ What to do at India’s Buddist Holy Sites,མཇལ་ཞིང་། དེབ་ཀྱི་ནང་དོན་ནི་ཏག་ཏག་ངས་ཐའེ་ཝན་ཀྱི་གནས་སྐོར་ཚོགས་པའི་ཆེད་གྲྭ་བསྒྲིགས་བྱེད་བསམ་པ་དེ་ག་རང་རེད་འདུག
ངས་མེ་ཧྭི་དང་སོས་ཧྥིན་གཉིས་ལ་དཔྱད་གཞིའི་ཆེད་སྒྱུར་རོགས་ཞུས་པ་ཡིན་མོད། སྨོན་ལམ་འཚོགས་རྒྱུར་ཟླ་བ་གཅིག་ལས་མེད་པའི་སྔོན་དུ་འགྱུར་ཐུབ་པ་སེམས་ལ་འཁོར་མེད།
འོན་ཀྱང་ཟླ་བ་དགུ་པའི་ཚེས་བཅུ་བཞིའི་ཉིན་མཚན་ལ་གནས་སྐོར་ཞེས་འཁོད་པའི་དེབ་འདིའི་རྒྱ་ཡིག་གི་དཔར་གཞི་ལེགས་འགྲུབ་བྱུང་ཞིང་། དུས་ཐུང་དེ་འདྲའི་ནང་ལེགས་འགྲུབ་བྱུང་བར་ཧ་ལས་ཤིང་བཀའ་དྲིན་ནི་བསམ་ཡུལ་ལས་འདས་པར་གྱུར།
དཔེར་ན། མཁྱེན་བརྩེ་རིན་པོ་ཆེའི་དེབ་དེའི་དུམ་བུ་ཞིག་ཏུ་གནས་སྐོར་བྱེད་པའི་ཚད་ལྡན་གྱི་ཀུན་སློང་ནི་ང་ཚོའི་ཤེས་རབ་དང་བྱམས་སེམས། བརྩེ་སེམས། དད་པ། ངེས་འབྱུང་བཅས་གོང་འཕེལ་དུ་འགྲོ་བྱེད་ཅིག་ཡིན་དགོས་ཞེས་གསུངས་པ་ལྟར། ངས་ཀྱང་སྐབས་དེར་ང་ཚོ་མི་རེ་རེ་བཞིན་གྱིས་འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་དངོས་གནས་ཤིག་བསྐྱེད་ཐུབ་ན་བསམ་བྱུང་།
དེ་ནི་ང་ཚོ་མི་རེ་རེ་ནས་སངས་རྒྱས་ཐོབ་པའི་རེ་བ་བྱེད་པ་ཙམ་མིན་པར། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རེ་བ་བྱེད་དགོས་ཤེས་རིན་པོ་ཆེས་གང་གསུངས་པ་དེ་རེད།
ངས་ཉིན་དང་པོར་རིན་པོ་ཆེའི་བཀའ་ཆོས་གོ་བ་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བའི་སངས་རྒྱས་ཀྱི་འབྲས་བུ་ཞིག་ཐོབ་དགོས་ན་དུས་ཡུན་རིང་པོ་དགོས་པ་ལྟ་བུ་ཞིག་སྣང་ན་ཡང་། དངོས་ཡོད་ཀྱི་ཐོག་ནས་སེམས་རྒྱས་ཐོབ་ཐུབ་པའི་རེ་སྨོན་དེ་ཏིལ་བཙིལ་ན་མར་ཡོད་ངེས་དང་འདྲ་བར་གང་ལྟར་རྒྱུ་ཚོགས་ཚང་ན་འབྲས་བུ་འབྱུང་ངེས་ཡིན་པ་དང་།
དེ་ལས་ཀྱང་གོམ་གང་མདུན་སྤོས་ཀྱིས་བཤད་ན། ཆེས་ཐོག་མར་སེམས་བསྐྱེད་པའི་དུས་ནས་ཆེས་ཐ་མ་སངས་རྒྱས་ཐོབ་པའི་བར་གྱི་གྲངས་མེད་པའི་བསྐལ་པ་དེ་དག་ཀྱང་ས་བཅུའི་སེམས་དཔའ་ཞིག་གི་ངོ་ཁ་ལ་ནི་སྐར་མདའ་རྒྱུག་པ་ལྟ་བུའི་དུས་ཡུན་ལས་ཀྱང་ཐུང་བར་སྣང།
ད་དུང་བར་སྐབས་ཀྱི་བརྒྱུད་རིམ་ལ་རིན་པོ་ཆེས་སེམས་མགུལ་ཐེབས་པའི་མཚུངས་བསྡུར་གྱི་དཔེ་ཞིག་བཞག་པ་སྟེ། བྱམས་བརྩེ་ཆེ་བའི་ཨ་མ་ཞིག་གིས་ རྨི་ལམ་དུ་རང་ཉིད་ཀྱི་བུ་ཕྲུག་ཆུའི་ཁྱེར་བའི་བསྔངས་སྐྲག་དང་། བློས་མི་ཐོངས་པ། ནུས་ཤུགས་ཡོད་ཚད་ཀྱིས་སྐྱོབ་པར་བརྩོན་པ་བཅས་ཀྱི་རིམ་པ་དང་འདྲ་བར་གསུང་།
ངས་སླར་ཡང་བསམ་བློ་བཏང་བ་དང་གཏམ་རྒྱུད་འདི་འདྲ་ཞིག་ཀྱང་དྲན་སོས་ཏེ། སངས་རྒྱས་ཕལ་པོ་ཆེའི་བཟང་པོ་སྤྱོད་པའི་སྨོན་ལམ་དུ་ཐེངས་གཉིས་ལ་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་ཐོག་མར་ཐུགས་བསྐྱེད་པའི་ཚུལ་འཁོད་པའི་ནང་ནས།
འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། དེ་དག་རྒྱ་ཆེར་ཡོང་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག །
ཅེས་པའི་དུམ་བུ་འདིའི་ནང་དུ་གསུངས་པའི་གྲངས་མེད་པའི་བསྐལ་པར་དཀའ་བ་སྤྱད་དེ་སློབ་པ་ཡང་། དོན་ལ་མཁྱེན་བརྩེ་རིན་པོ་ཆེས་གསུངས་པ་ལྟར། སྐར་འདའ་ཞིག་འགྱུས་པའི་ཡུན་ནམ་གོང་དུ་བསྟན་པའི་མ་ཡི་རྨི་ལམ་ལྟ་བུ་ཞིག་ལས་མ་འདས། འདི་ལྟར་བསམ་གྱིན་ལུས་སེམས་ཡོང་སུ་སྦྲིད་ཅིང་ཁོག་པ་མེད་པར་མིག་མཐའ་མཆི་མས་ཁེངས།
དེ་རིང་ནི་སྨོན་ལམ་ཆེན་མོ་ཉིན་བརྒྱད་པར་སླེབས་ཡོད། ངས་ཉིན་འདི་ཀར་དུས་ཚོད་ནམ་ཡོད་ལ་བྱང་ཆུབ་ཆེན་མོའི་མཆོད་རྟེན་གྱི་ཕྱིའི་སྐོར་ལམ་ནས་འགྲེང་སྟེ། རྣམ་པ་ཚོ་བྱང་ཆུབ་ཤིང་དྲུང་ན་འཚངས་ཀ་ཤིག་ཤིག་ཏུ་འཚོགས་ནས་སྨོན་ལམ་གསུང་བཞིན་པའི་སྣང་ཚུལ་ལ་ལྟ་གིན་ཡོད་ཅིང་།དབང་ཆེན་སྐབས་ཀྱི་མཛེས་ཞིང་ལྟ་ན་སྡུག་པའི་་རྡུལ་ཚོན་གྱི་དཀྱིལ་འཁོར་ཞིག་དང་འདྲ་བར་མཐོང་བས། ཡིད་ལ་མཚོན་དུ་མེད་པའི་སེམས་མགུལ་ཐེབས།
ཡིན་ན་ཡང། གནམ་འོག་ན་སོ་སོར་མ་བྲལ་བའི་ལྷན་འཛོམས་མེད་ཅིང་། སངས་རྒྱས་ཀྱི་བསྟན་པ་འདི་ཡུན་རིང་དུ་གནས་ངེས་ཤིག་ཡིན་དུ་ཆུག་ཀྱང་དེ་ཡང་ཐ་མར་གྱུར་ཅིང་ནུབ་པར་འགྱུར་བའི་དུས་ཚོད་ཅིག་ཡོད།
དབང་ཆེན་སྐབས་ཀྱི་དཀའ་བས་བཞེངས་པའི་ཞིབ་ཕྲའི་བཀོད་པ་ཅན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་མཐར་ཞིག་ནས་ཚོན་བྱེ་མདོང་མོ་གང་དུ་འགྱུར་ལ། དེ་ཡང་ཆུ་ཡི་ནང་དུ་སྐྱུར་བར་བྱེད་པ་བཞིན། ང་ཚོའི་སྨོན་ལམ་སྐབས་ཀྱི་སྣ་ཁ་མི་འདྲ་བའི་མཆོད་ཆས་དང་། མེ་ཏོག སྨན་སྤོས། ཞལ་ཟས། ཚོན་སྒྲོན། མར་མེ་སོགས་ཀྱང་དེ་དང་འདྲ་བར་ཚང་མ་བསྡུས་ནས་གཙང་མར་བྱས་ཏེ། ཕལ་ཆེར་ས་ཆ་འདིར་རྫོང་སར་བཤད་གྲྭས་སྨོན་ལམ་ཞིག་ཚོགས་མ་མྱོང་བ་ལྟ་བུར་འགྱུར།
སྤྱིར་བཏང་འདི་ནི་ཁ་བའི་སྟེང་དུ་བྱ་ལོང་གི་རྐང་རྗེས་བཞག་པ་དང་། གྲུ་བོ་ཆུ་འགྲམ་དུ་སླེབས་ཚེ་ཆུ་ནང་དུ་རྗེས་མེད་པ་ལྟ་བུ་སྟེ། འདིར་མཉམ་དུ་འཚོགས་པའི་ཆོས་གྲོགས་ཚང་མས་ཀྱང་དེ་ལྟར་གཟིགས་ཀྱིན་ཡོད་པའི་ཡིད་ཆེས་ཡོད།
གང་རེད་ཟེར་ན།
གཅིག་ཏུ་ན། ང་ཚོས་ཇི་ལྟར་བྱས་ནས་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ། ཇི་ལྟར་བྱས་ནས་བྱང་ཆུབ་ཀྱི་ལས་མི་གཏོང་བ། ཇི་ལྟར་བྱས་ནས་བཟང་པོའི་སྤྱོད་པ་ལ་སྒྲུབ་པ་བཅས་ཀྱི་སྐོར་ལ་རིན་པོ་ཆེས་གང་གསུངས་པ་གོ་ཡོད་པ་དང་།
གཉིས་སུ། ང་ཚོས་དགེ་འདུན་པ་རྣམ་པས་ཞོགས་པ་ཧ་ཅང་སྔ་མོ་ན་བྱང་ཆུབ་ཆེན་མོའི་མཆོད་རྟེན་གྱི་མཐའ་སྐོར་དུ་མཆོད་པ་འབུལ་བ་དང་། བསྐོར་བ་བྱེད་པ། ཕྱག་འཚལ་བ། ཆོས་ཀློག་པ། མནྚལ་གསོག་པ་སོགས་ཀྱི་ལམ་ནས་ཇི་ལྟར་ཆོས་ཉམས་སུ་ལེན་བཞིན་ཡོད་པའང་མཇལ་ཡོད་པ་རེད། འདི་ནི་ང་ཚོ་འཁོར་བ་ཞེན་ལོག་གི་ངེས་འབྱུང་དབེན་པའི་ཁྱིམ་པ་དག་ལ་མཚོན་ན་དེ་བས་ཀྱང་།。སེམས་འགུལ་ཐེབས་པ་དང་། བསྟོད་བསྔགས་ཞུ་འོས་ཙམ་མ་ཟད། སྐུལ་མ་ཆེན་པོ་ཞིག་གནང་བ་ཡང་རེད། དེས་ན་ང་ཚོའི་ཀྱང་ཡར་སངས་རྒྱས་ཐོབ་པ་དང་། མར་གཞན་དོན་བྱེད་པ་གཉིས་ཀྱི་ཆེད་དུ་འབད་བརྩོན་བྱེད་དགོས།
དེ་བཞིན་དུ་ཚང་མ་འགྲོ་བ་མིའི་རིགས་གཅིག་པ་ཡིན་ན་ཡང།མི་ཚེའི་གནས་ཚུལ་ནི་ལས་ཀྱིས་འབྱེད་ཀྱིན་ཡོད་པ་ཡང་མཐོང་ཡོད་ལ། ད་དུང་རྒྱ་གར་གྱི་ཆེས་རྗེས་ལུས་དང་དབུལ་ཕོངས་ཀྱི་མངའ་སྡེ་བྷེ་ཧར་འདིར། བྱ་བྱེའུ་འབའ་འབུ་ཚང་མ་མིའི་རིགས་དང་མཉམ་དུ་འཇིག་སྐྲག་སྤུ་ཙམ་མེད་པར་བློ་བདེ་སེམས་བདེའི་ངང་ནས་རྒྱུན་མི་འཆད་པར་སྐྱེ་འཕེལ་བྱེད་བཞིན་པའང་མཐོང་ཡོད།
སྣང་ཚུལ་འདི་དག་མཐོང་བའི་རྗེས་སུ་ང་ཚོར་རིགས་དྲུག་འཁོར་བ། ལས་རྒྱུ་འབྲས་སོགས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ནང་དོན་ཀྱི་ཕྱོགས་ལ་སེམས་ཁུར་བྱེད་རྒྱུའི་སྐུལ་མ་ཐོབ་ཡོད་པའི་ཡིད་ཆེས་ཡོད།
ཨ་ཅང་ཅང་། ཆུ་ཚོད་བསུམ་བཞིའི་ནང་དུ་བསྟུད་མར་་གློག་ཆད་པའི་གནས་སྟངས་ཀྱིས་ཀྱང་ང་ཚོ་ལ་མི་རྟག་པར་གོ་བ་ལེན་དུ་འཇུག་ཅིང་། བཟོད་སྲན་ལ་སློབ་པའི་གོ་སྐབས་སྤྲོད་ཀྱི་འདུག
འདི་ལྟ་བུའི་ཁྱད་པར་ཅན་གྱི་ཉམས་མྱོང་དེ་དག་གིས་ང་ཚོའི་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། ང་ཚོ་སྐྱེ་སྟོབས་དཔལ་དང་ལྡན་པར་གྱུར་ཡོད། འདི་ནི་ངའི་ཡིད་ཆེས་ཡིན།
དྲན་སོས་པ་ཞིག་ལ། ༢༠༠༡ལོའི་ཟླ་༡༠ཚེས་༢༨མགོར་ངས་མཁན་རིན་པོ་ཆེ་ཐོག་མར་མཇལ་ཞིང་། ཁོང་ནི་ཧ་ཅང་ཆེ་བའི་རྡོ་ཁབ་ལེན་ཞིག་དང་འདྲ་ཞིང་།,ལམ་འགྲོ་རྒྱུག་པ་ཞིག་ལ་ང་ཡང་། ཁབ་ལེན་གྱི་འཐེན་ཤུགས་ཆེན་པོ་དེའི་བསྡུད་དུ་རུང་བའི་ལྕགས་ཀྱི་ལྡེའུ་ཆུང་ཆུང་ལྟ་བུ་ཞིག་ཏུ་གྱུར།
དེའི་ཕྱིར་དཀོན་མཆོག་གསུམ་གྱི་རྗེས་ཞུགས་པའི་ནང་པ་ཞིག་གི་འོས་སུ་གྱུར་པ་ཙམ་འདི་ཡང་། ཡོངས་སུ་མཁན་རིན་པོ་ཆེའི་བྱམས་བརྩེས་རྗེས་སུ་བཟུང་འཛིན་དང་ལམ་སྟོན་གྱི་བཀའ་དྲིན་ཡིན།
དེ་ཙམ་མ་ཟད། ང་ལ་ཚོགས་གསོག་པའི་གོ་སྐབས་ཧ་ཅང་མང་པོ་གནང་ཞིང་ཁྱད་པར་དུ་རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་སྨོན་ལམ་འདི་འཚོགས་རྒྱུའི་གོ་སྐབས་ཀྱང་གནང་བ་རེད།
ཐོག་མར་མཁན་པོ་འཇམ་དབྱངས་བློ་གསལ་མཆོག་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་ཡང་ཁོང་གི་ཤུགས་ཆེའི་རྒྱབ་སྐྱོར་གྱི་དབང་གིས་མཁྱེན་བརྩེ་རིན་པོ་ཆེ་སྨོན་ལམ་གྱི་དབུ་བཞུགས་གནང་རྒྱུར་བསྐྱར་དུ་གསོལ་འདེབས་ཞུས་རོགས་གནང་ཡོད།
དེ་ནས་མཁན་པོ་འཇམ་དབྱངས་མཁྱེན་བརྩེ་དང། མཁན་པོ་ངག་དབང་འོད་ཟེར། བླ་མ་ཀུན་དགའ་དཔལ་ལྡན་། མཁན་པོ་བཀྲ་ཤིས་རྡོ་རྗེ་སོགས་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་ལས་ཀ་བྱེད་མཁན་གྱི་དགེ་འདུན་པ་ཉེར་གཅིག་ཁོང་རྣམ་པར་ཡང་ཐུགས་རྗེ་ཆེ་ཞུ་གིན་ཡོད། ཁོང་རྣམ་པས་ཚོགས་པ་འདིའི་ལས་ཀ་ཆེ་ཕྲ་ཡོངས་ལ་ང་ཚོ་མ་སླེབས་པའི་བཟའ་འཁོར་གཉིས་ཀྱི་སྔོན་ནས་མགོ་འཛུགས་ཀྱི་ཕྱག་ལས་གནང་ཡོད་པ་དང། ང་ཚོ་འདི་ནས་ཁ་བྲལ་རྗེས་སུ་ཡང་། བསྡུ་གསོགས་རྩིས་སྤྲོད་སོགས་རྗེས་ཀྱི་དཀའ་ལས་ཚང་མ་ཡང་སྤྲོ་བཞིན་ཞལ་མི་གྲགས་པར་དང་དུ་ལེན་གནང་མཛད་གི་རེད།
མཐར་ཚང་མ་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་གིན་ཡོད། རྒྱུ་མཚན་ནི། རབ་བྱུང་དང་དད་ལྡན་གྱི་སྡེ་ཟུང་གཤོག་ཟུང་ལྟ་བུའི་རོགས་རེས་ལ་བརྟེན་ནས་ཧ་ཅང་ཕུན་སོགས་ཚོགས་པ་བྱུང་བ་རེད།
གདུང་སྲས་རིན་པོ་ཆེའི་སྐུ་དངོས་སུ་ཆིབ་བསྒྱུར་གནང་བར་ཡང་ཐུགས་རྗེ་ཆེ་ཞུ། ང་ཚོའི་སྨོན་ལམ་འདིར་རྗེ་རིགས་ཀྱི་ངང་ཚུལ་མངའ་ཞིང་། ཁྱད་དུ་འཕགས་པའི་རིགས་རྒྱུད་ཀྱི་གདུང་གསོབ་པའི་ཁེངས་སྐྱུང་གཤིས་འཇམ་དང་བརྗིད་ཉམས་མངའ་བའི་༸གོང་མ་རིན་པོ་ཆེའི་ཕོ་བྲང་གི་གདུང་སྲས་ཞིག་མཇལ་བའི་གོ་སྐབས་ཐོབ་པ་འདིས་ང་ཚོར་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་ལ་ཡིད་ཆེས་བླ་ལྷག་ཏུ་སྐྱེས་ཡོད།
ཐ་མ་འདིར་ངས་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ཀྱི་ཆིབ་བསྒྱུར་དབུ་བཞུགས་ཀྱི་བཀའ་དྲིན་བསྐྱངས་ཤིང་། རྣམ་པ་སྣ་ཚོགས་པའི་ཐབས་མཁས་ཀྱི་སློབ་སྟོན་གནང་སྟེ། ང་ཚོའི་མ་རིག་པའི་སེམས་ཀྱི་འཐིབ་པོ་འབྱེད་གནང་མཛད་པར་ཐུགས་རྗེ་ཆེ་ཞུ།
མི་འགའ་རེས་ག་རེ་བྱས་ནས་མཁྱེན་བརྩེ་རིན་པོ་ཆེ་སྨོན་ལམ་ལ་གདན་དྲོངས་པ་རེད་ཟེར་ན། ཉིས་སྟོང་བདུན་གྱི་ལོ་གུས་པས་རིན་པོ་ཆེར་དངོས་འཇལ་གྱིས་ཞུས་ཤིང་། དེ་རྗེས་སླར་ཡང་མུ་མཐུད་གསོལ་བ་བཏབ་སྟེ། དེའི་ཁར་མཁན་པོ་འཇམ་དབྱངས་བློ་གསལ་མཆོག་ལྟ་བུའི་ཁྱད་དུ་འཕགས་པའི་མི་སྣ་ཞིག་ཡོད་ཅིང། ཁོང་གིས་བསླར་ཡང་གསོལ་བ་བཏབ་པ་ལས་ལེགས་འགྲུབ་བྱུང་བ་ཞིག་རེད།
སྤྱིར་བཏང་སྣང་ཚུལ་གྱི་སྐད་ཆའི་ཡོང་སྟངས་ནི་དེ་འདྲ་རེད་མོད། དོན་ལ་རིན་པོ་ཆེའི་བྱམས་བརྩེའི་སྤྲུལ་སྒྱུར་ནི་རྟག་ཏུ་མ་བསྐུལ་རང་བཞིན་གྱིས་བྱུང་བ་ཞིག་སྟེ། དེའི་ཕྱིར་ཚོགས་པ་འདིའི་བརྒྱུད་རིམ་ཁྲོད་དུ་དོན་ལ་ནམ་ཡང་རིན་པོ་ཆེའི་ཐུགས་རྗེའི་དབུ་འདྲེན་དང་བཅས་པ་ཡིན་ངེས། ཐུགས་རྗེ་ཆེ། རིན་པོ་ཆེ།
མཐར། སྨོན་ལམ་ཆེན་མོ་འདིའི་དགེ་བའི་རྩ་བ་སྤྱིར་འཇིག་རྟེན་ཁམས་ཀྱི་ཀློང་ཆེན་མོའི་རྡུལ་ཕྲ་རབ་གྱིས་ཡོངས་སུ་བཀང་དེ་བཞལ་ཡང་རྡུལ་ཉིད་ཀྱིས་མི་འདང་པ་ལྟ་བུའི་རྒྱ་ཆེ་བའི་དགེ་བའི་རྩ་བ་རྒྱ་ཆེ་བ་བདག་གིས་ཡོངས་སུ་བླ་ན་མེད་པའི་ཆོས་ཀྱི་དབྱིངས་སུ་བསྔོ་བར་བགྱི་ན། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ནད་དང་སྡུག་བསྔལ་དང་བྲལ། རྟག་ཏུ་བདེ་བ་དང་མི་འབྲལ། སྡིག་པ་དང་མི་དགེ་བའི་ལས་ཀྱི་དབང་དུ་ཡང་མི་འགྲོ་བར་དགེ་བ་གང་བརྩམས་པ་མྱུར་བ་ཉིད་དུ་འགྲུབ་པ་དང་། མཐོང་ཐོས་དྲན་རེག་གི་སྐྱེ་བོ་མཐའ་དག་ཆོས་ཀྱིས་དགའ་བས་སྤྱོད་ཅིང་བདེ་བ་ཅན་ཀྱི་ཞིང་དུ་ལྷན་ཅིག་ཏུ་སྐྱེ་བར་ཤོག་ཅིག ཐུགས་རྗེ་ཆེ།
སྤྱི་ལོ་༢༠༡༡ ལོའི་ཟླ་༡༠ ཚེས་༢༩ལ། མཆོག་གསུམ་གྱི་སློབ་མ་ཆོས་དབྱིངས་ལྷ་མོ་ནས།黃瑞柔
མིང་དང་ཚིག་གི་ངེས་པ་ཅུང་རྟོགས་ཤིང་། །
སྒྲ་དང་དོན་གྱི་སྒྱུར་ཚུལ་ཅུང་སེམས་པའི། །
འཁོས་ཆུང་མི་ཚེ་སྐྱེལ་བའི་བརྡ་རྟགས་ངས། །
འདི་ནི་འབྱུང་འགྱུར་ལོ་ཙཱའི་རྟེན་འབྲེལ་ཙམ། །
དེ་བཞིན་ཕྱོགས་མེད་གནས་ན་བཞུགས་པ་ཡི། །
བདག་ལ་གཅེས་ཤིང་བརྩེ་བ་གང་གང་དེར། །
བྱས་ནས་གྲུབ་པའི་འབྲས་བུ་ཆུང་ཆུང་ཞིག །
ཆེན་མོ་ཡིན་ཡང་སེམས་ཀྱི་ཁྱད་དུ་འབུལ། །
ཞེས་ཀྱང་སྨྲའོ། །
འདི་ནི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་མི་ཕྱེད་པའི་དད་པ་མངའ་བའི་ཐའེ་ཝན་གྱི་དགེ་བསྙེན་མ་ཆོས་དབྱིངས་ལྷ་མོ་རང་ཉིད་ཀྱིས་ཉིས་སྟོང་བཅུའི་ལོར་གོང་གསལ་སྨོན་ལམ་གྱི་ཐོག་གཏམ་བཤད་བྱས་པ་ལས། སྐབས་དེར་དུས་ཡུན་སོགས་ཀྱི་དབང་གིས་སྐད་སྒྱུར་སོགས་ཅི་བཞིན་བྱུང་ཡོད་མེད་དང་མོ་རང་གི་ཞུ་དོན་དངོས་བཤད་གྲྭའི་གྲྭ་མང་དང་དབུ་བཞུགས་དག་གིས་ཞིབ་གསལ་མཁྱེན་རྟོགས་ཡོང་ན་སྙམ་པའི་རེ་བས་གཏམ་བཤད་ཟིན་བྲིས་འདི་བོད་སྒྱུར་བྱེད་རོགས་ཞེས་སྐུལ་མ་བྱས་པ་དང་དུ་བླངས་ཏེ། ཚིག་གི་གནས་རྣམས་ཚིག་མཛོད་སོགས་ལ་ཞིབ་ཏུ་བརྟགས་ཏེ་ཡོངས་སུ་རྟོགས་པར་བྱས་རྗེས་དོན་གྱི་སྡེབ་ནི་གངས་ཅན་པ་རྣམས་ཀྱི་ངག་གི་ཆོས་ཉིད་ལ་མི་འགལ་ཞིང་ཇི་ལྟར་འཇེབས་པ་དེ་ལྟར་གཙིགས་སུ་བཟུང་ནས་ཐའེ་ཝན་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་རང་གི་འདུག་ཁང་དུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར། ༢༠༡༡ ༠༨ ༢༠
དངོས་གནས་ཡག་པོ་བསྒྱུར་གནང་འདུག བཀྲིན་ཆེ། བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཧ་ཅང་ཟབ་ཅིང་རྣ་བ་སྙན་པ་ཞིག་འདུག དད་སྦྱིན་དེའི་དད་པ་དང་ལྷག་བསམ། དགེ་རྩ་ལ་ཡིད་ཆེས་དང་རྒྱུ་ནོར་གཏོང་ཕོད་བཅས་ལ་སེམས་གཏིང་ནས་ཡིད་རངས་དང་སེམས་འགུལ་ཐེབས་པ་བྱུང་། རྗེས་སུ་ཡི་རངས་ཞུ། རྫ་ཚེ་རིང་བཀྲིས་ཁྱེད་ལོ་ཙྰ་བ་དགེ་ཆོས་ལྟ་བུའི་ཚིག་དོན་གཉིས་ཐད་ཉམས་འགྱུར་ཕུན་སུམ་ཚོགས་པ་ཞིག་འདུག འདི་འདྲའི་བརྩམས་ཆོས་མང་ཙམ་བསྒྱུར་ཐུབ་པའི་སྐུལ་སློང་དང་རེ་བ་ཞུ་ཡག་ཡིན།
ཆེན་མོ་ཡིན་ཡང་སེམས་ཀྱི་ཁྱད་དུ་འབུལ། །ཞེས་པ། ཆེན་པོ་མིན་ཡང་སེམས་ཀྱི་ཁྱད་དུ་འབུལ་ཞེས་པར་བཅོས་རོགས། དེ་ལ་སོགས་པ་དག་ཆ་ལ་ཞུས་དག་ཞིབ་མ་ཐོན་པ་འགའ་རེ་འདུག་པ་ཐུགས་འཇགས་འཚལ།
དེ་བཞིན་དྲ་གྲོགས་མཆོག་དགའ་ལགས་ནས་སྐུལ་མའི་གསུང་གནང་བར་བཀའ་དྲིན་ཆེ་ཞུ།
ས་སྐྱ་པ་ཞིག་གི་ལས་འགན་རྙིང་མ་བ་ཞིག་གིས་བསྒྲུབས་འདུག ཕྱོགས་ལྷུང་གི་གདོན་ནད་ཁ་དར་བའི་སྤྱི་ཚོགས་ནས་འདི་འདྲ་མཐོང་བར་གློ་བ་རེ་དགའ།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་བ་ལས།
མི་ལ་དགེ་བའི་གཞི་ཡོད་ན། ལྷ་ནི་དེ་ཡི་ཕྱི་བཞིན་འབྲངས། །ཞེས་པའི་རྣ་ཐོས་ནི་དངོས་འབྲེལ་རེད་འདུག
ཁ་དྲོ་རྫ་ཚེ་བཀྲ་ལགས་ཐུགས་རྗེ་ཆེ་ཞུ། ཆོས་དབྱིངས་ལྷ་མོ་ནི་བསྟན་པ་མཆོད་སྦྱིན་གྱི་བདག་པོ་ཞིག་རེད། མ་ཟད་ཁོང་གིས་སེམས་འགུལ་ཐེབས་པའི་གསུང་བཤད་འདི་བོད་བསྒྱུར་གནང་ཐུབ་པ་ཡག་མོ་འགེ །
བསྟན་པའི་སྦྱིན་བདག་ཆོས་དབྱིངས་ལྷ་མོ་མཆོག་ནི་ནང་ཆོས་ལ་རྒྱུ་མཚན་འཚོལ་ཏེ་མི་འགྱུར་དད་པ་བརྟན་པོར་གནས་པའི་གཏོང་ཕོད་ཅན་གྱི་སྦྱིན་བདག་ཞིག་ཡིན་ལ། ཁོང་གིས་བདེ་བ་གཤེགས་པ་མཁན་ཆེན་ཐམས་ཅད་མཁྱེན་པའི་ཐུགས་དགོང་རྫོགས་པའི་ཆེད། གནས་མཆོག་ཁྱད་པ་ཅན་རྡོ་རྗེ་གདན་དུ་ཉིན་བཅུའི་རིང་རྫོང་སར་རིན་པོ་རྣམས་གཉིས་དབུ་གཞུགས་ཐོག་དགེ་འདུན་པ་སྟོང་ལ་ཉེ་བས་་བཟང་སྤྱོད་སྨོན་ལམ་འབུམ་ཚོགས་གནང་བ་ལ་བསྙེན་བཀུར་གྲལ་རྒྱས་ཕུན་སུམ་ཚོགས་པ་ཞིག་གིས་སྨོན་ལམ་ལེགས་གྲུབ་བྱུང་བ་རེད། དེས་ན་ཁོང་གིས་བསྟན་པ་ལ་ལྷག་བསམ་དང་དགེ་བའི་གཤེས་གཉེན་གྱི་བཀའ་དྲིན་རང་ཉིད་ཀྱིས་བཏང་བའི་དད་རྫས་ཆུད་ཟོས་སུ་མ་སོང་བར་ངེས་ཤེས་གསལ་པོའི་ཐོག་དགའ་བ་ཁྱད་པ་ཅན་སྐྱེ་སྟེ། རང་ཉིད་ཀྱི་སེམས་ཁམས་སུ་མྱོང་ཚོར་གྱི་འཆར་དབྱིབས་རྣམས་རྒྱ་ཡིག་ཐོག་ཏུ་ཟིན་བྲིས་སུ་བཀོད་པ་ཡོད་པ་དག མཁན་པོ་ཚེ་བཀྲ་ལགས་ནས་འབྱོར་བ་ཅན་རྣམས་ཀྱིས་མི་སྣ་འདི་དང་འདི་འདྲ་དག་ལ་མེས་དཔེ་བལྟ་འོས་པ་སོགས་དང་། བོད་བསྒྱུར་དུ་བྱེད་ན་བྱེད་རིན་ཡོད་པ་བཅས་ལ་དགོངས་གཞེད་གསལ་པོའི་ཐོག་ནས་བརྗོད་བྱ་གཏིང་ཟབ་པ་དེ་ཚོ་རང་བཞིན་གྱི་གོ་ཐུབ་པ་དང་། བརྗོད་བྱེད་ཚིག་སྦྱོར་སྙན་ཞིང་ཡིད་སེམས་འགུག་ཐུབ་པ་ཞིག་བསྒྱུར་འདུག་པས་རྗེས་སུ་ཡིད་རང་དང་སྦྲགས་ཐུགས་རྗེ་ཆེ་ཞུ། རིག་འདོད་པ་འགའ་རེས་ས་སྐྱ་པའི་ལས་འགན་རྙིང་མ་བས་སྒྲུབ་འདུག་ཟེར་བ་འདྲ་མཉམ་པ་མ་བཞག་པའི་སྐད་ཆ་རེ་བཤད་འདུག་ནའང་རྫོགས་སར་བཤད་གྲྭ་ནི་རིས་མེད་དོན་གཉེན་རྣམས་ལ་བསྐལ་བཟང་ཆོས་ཀྱི་དགའ་སྟོན་བསྩལ་ས་ཞིག་དང་་རང་མོས་ལྟ་བའི་སྒྲོ་མདོགས་གཅད་ས་ཞིག་ཡིན་པས་མཁན་པོ་ཚེ་བཀྲ་ཡང་རྫོང་སར་བཤད་གྲྭའི་གྲྭ་པ་ཞིག་རེད་ལ་མཁན་སྤྲུལ་གཉིས་ཀྱི་དངོས་སློབ་ཀྱང་ཡིན་པས་འདི་ལྟ་བུ་ཞིག་བསྒྱུར་ན་བསྒྱུར་འོས་པ་ཞིག་རེད་ལ་ཧ་ཅང་འཚམས་པ་ཞིག་ཀྱང་རེད། །
མཁན་པོ་ཚེ་བཀྲ་མཆོག་གི་མཁྱེན་ཡོན་དང་རྩོམ་གཤིས་ལ་རྟག་ཏུ་གུས་བཀུར་དང་ཡི་རངས་བྱེད་མཁན་ཞིག་ཡིན་པ་མ་ཟད་ཁྱད་པར་ཁོང་གིས་བྲིས་པ་མཁན་ཆེན་མཆོག་གི་རྗེས་དྲན་དེས་སེམས་ཚོར་ནན་མོ་ཞིག་སྦྱིན་མྱོང་། ཡིན་ནའང་ད་ལན་གྱི་བསྒྱུར་རྩོམ་འདི་ལ་ཡིག་ནོར་མང་བ་མ་ཟད་སྡེབ་སྦྱོར་གྱི་སྤུས་ཚད་ཧ་ཅང་ཞན་སྟབས་མཁན་པོ་ཁོང་ངོ་མས་བསྒྱུར་ཡིན་གསུངས་ན་ཡིད་ཆེས་པ་དཀའ། ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་གིས་རྒྱ་ཡིག་དང་བོད་ཡིག་བརྗེ་བོ་རྒྱག་ཚར་བ་མིན་འགྲོ་ཧ་ཧ། ཀུ་རེ་ཡིན་དག་བཅོས་ཡང་དག་པ་ཞིག་བྱེད་གནང་རོགས།
མིའུ་ཕྲུག་གིས་ཟེར་པ་ལྟར། ནམ་རྒྱུན་ངས་མཁན་པོ་མཆོག་གི་རྩོམ་གྱི་བརྗོད་བྱ་བརྗོད་བྱེད་གང་སྤྱིའི་ཐོག་ནས་ཧ་ཀྱང་ཡིད་འཕྲོག་པ་དང་ཚོར་བ་སྐྱེན་པོ་སྤྱིན་ནུས་མཁན་ཞིག་ཏུ་ངོས་འཛིན་གྱི་ཡོད། འོན་ཀྱང་ད་ལན་གྱི་བསྒྱུར་རྩོམ་འདི་རྒྱ་སྐད་ནས་ཐད་བསྒྱུར་གྱིས་གཞན་སྐད་ལ་ལྟོས་དགོས་པ་ལྟ་བུ་མིན་པར་མཁན་པོ་ཁོང་གིས་
“དོན་གྱི་སྡེབ་ནི་གངས་ཅན་པ་རྣམས་ཀྱི་ངག་གི་ཆོས་ཉིད་ལ་མི་འགལ་ཞིང་ཇི་ལྟར་འཇེབས་པ་དེ་ལྟར་གཙིགས་སུ་བཟུང་ནས་” གསུངས་དོན་ལ་བལྟས་ན་སྡེབ་སྦྱོར་སོགས་གངས་ཅན་པའི་སྐད་ཡིག་གི་འགྲོས་བཞིན་བསྒྱུར་ཡིན་ཚོད་ལ། དེས་ན་རྩོམ་ཤུས་དང་སྡེབ་སྦྱོར་དག་སུམ་སོགས་ཀྱི་སྤུས་ཚད་ ཀློག་མཁན་མགུ་བ་བསྐྱེད་པ་ཞིག་ཏུ་མ་མཐོང་པས་སྟབས་འགྲིགས་ན་ཞིབ་གཟིགས་ཐོག་ལེགས་བཅོས་ཞིག་གྲུབ་ན་དགེ་བར་སྣང་ཞུ། དགོངས་དག་ཞུ། གང་ལྟར་ཡང་སྐུ་ངལ་ལ་མ་འཛེམ་པ་བསྒྱུར་གནང་མཛད་པར་ཧ་ཀྱང་ཐུགས་རྗེ་ཆེ་ཞུ།།
གཞན་རྩོམ་གྱི་བྲོ་བ་མྱོང་སྟངས་མི་འདྲ་བར་འདུག ངས་ནི་ཁོང་གི་སྒྱུར་རྩོམ་དེ་ཡག་པོ་ཞིག་ཏུ་མཐོང་སོང་། རང་ཉིད་ཀྱིས་སྔོན་ཆད་དབྱིན་སྒྲུང་རེ་བསྒྱུར་པའི་ཉམས་མྱོང་གཞིར་བཞག་གིས་བལྟས་ན། གཞན་རྩོམ་སྒྱུར་དུས་བོད་རྩོམ་ཤར་མར་འབྲི་བ་ལྟ་བུ་ཞིག་མིན་པར་དོན་ལ་གཟས་ན་ཚིག་གི་མགོ་རྔ་འཆོལ་འགྲོ་བ་དང་། ཚིག་སྦྱོར་ལ་བསམ་བློ་བཏང་ན་དོན་དག་འཆོལ་འགྲོ་བ་དེ་འདྲ་འདུག་པས། ཁོང་གི་སྒྱུར་རྩོམ་དེ་ནི་མ་དཔེ་མ་མཐོང་ཞིང་མཐོང་ཡང་རྒྱ་ཡིག་བོང་བུའི་རླིག་པ་ལྟ་བུ་ཞིག་བསྟན་ཀྱང་ཀློག་མི་ཤེས་པ་ཁོ་བོ་ལྟ་བུར་མཚོན་ན་ཚིག་སྦྱོར་ཧ་ཅང་ཡག་པོ་ཞིག་འཁྱོངས་འདུག་པའི་ཚོར་བ་སྟེར་ཐུབ་ཀི