སྤོབས་པ་མཐའ་ཡས།
རྟེན་བྱིན་ཅན་རྒྱ་གར་ཤར་ལི་འདི།།
བཟོ་བོ་མཁས་པའི་རྩལ་གྱིས་བསྐྲུན།།
སྦྱིན་བདག་ཕྱུག་པོའི་ནོར་གྱིས་བླུས།།
བླ་མ་དམ་པས་རབ་གནས་མཛད།།
ཕྱི་ན་ཐིག་ཚད་ལྡན་དང་གཅིག།
ནང་ན་གཟུངས་ཞུགས་འཛོམས་དང་གཉིས།།
གསང་བ་བྱིན་རླབས་ཆེ་དང་གསུམ།།
སྐུ་འདི་འདྲ་མཇལ་བ་ད་རེས་ཙམ།།
ཕེབས་པ་རྒྱ་གར་ཤར་ནས་ཕེབས།།
དབང་བ་སྒང་བ་བོད་ལ་དབང༌།།
གྱར་བ་ཚོང་ཁྲོམ་དབུས་སུ་གྱར།།
བསམ་བཞིན་སེམས་པ་སྐྱོ་བ་ལ།།
དང་པོ་དགོན་པའི་མཆོད་ཁང་འགྲིམས།།
བར་དུ་རྐུན་པོའི་ལག་ཁུག་འགྲིམས།།
ཐ་མ་ཚོང་པའི་ཁྲོམ་སྟེགས་འགྲིམས།།
འདི་འདྲའི་འོ་བརྒྱལ་ཆེ་ལུགས་ལ།།
ཞལ་ཕར་བསྐོར་ཐེངས་མ་བརྒྱ་ལ་བལྟས།།
ཞལ་ཚུར་བསྐོར་ཐེངས་མ་སྟོང་ལ་བལྟས།།
ཞལ་རས་དགྱེས་པས་བཞད་པ་འདྲ།།
ཆོས་འཆད་ཕྱག་རྒྱ་གཡོ་བ་འདྲ།།
ཞལ་སྨིན་མཚམས་མཛེས་པའི་མཛོད་སྤུ་ལ།།
རྡོ་ཕ་ལམ་དཀར་པོའི་ཕྲ་རྒྱན་སྤྲས།།
སྤྱི་གཙུག་བདེ་ཆེན་འཁོར་ལོ་ལ།།
རང་བསྲེལ་ནོར་བུའི་གཟུངས་ཞུགས་བཞུགས།།
སྐུ་ལ་བརྗིད་པའི་བྱིན་ཅིག་ཆགས།།
ཞལ་ལ་དགྱེས་པའི་ཉམས་ཤིག་ངོམ།།
སྤྱན་ལ་བརྩེ་བའི་མདངས་ཤིག་འཕྲོ།།
ངོ་མཚར་མཚན་དཔེའི་གཟི་བྱིན་འབར།།
རྟེན་འདི་ཉིད་བདག་ལ་དབང་གྱུར་ན།།
ངས་ཉིན་མཚན་དུས་དྲུག་མི་གཡེལ་བར།།
མོས་གུས་ལྟེམ་རྐྱང་མེད་པ་ཡིས།།
ཕྱག་མཆོད་པ་རྒྱུན་མི་འཆད་པ་བྱེད།།
ཉོ་བསམ་ཡང་རིན་གྱིས་འདངས་ཐབས་མེད།།
འཇོག་བསམ་ཡང་སེམས་ཀྱིས་བཟོད་ཐབས་མེད།།
སློང་བསམ་ཡང་བདག་པོས་སྟེར་ཐབས་མེད།།
འཕྲོག་བསམ་ཡང་དཔུང་གིས་ཐུབ་ཐབས་མེད།།