སེར་ཤུལ་རིན་ཆེན་དོན་གྲུབ།
འགྲོ་བ་མིའི་སེམས་གཤིས་ཀྱི་མྱོང་ཚོར་ལ་འཇུས་ནས་བདེ་སྡུག་གི་གནས་བབ་གླེང་དགོས་པའི་གནས་ལུགས་འདི་བདེ་བ་སྒྲུབ་འདོད་པ་དང་སྡུག་བསྔལ་སེལ་འདོད་ཡོད་པའི་སྐྱེ་བོ་ཀུན་ཀྱིས་དཔྱད་ཞིབ་ཀྱི་རྨང་གཞིར་བཟུང་དགོས་པ་ཞིག་རེད། གནས་སྟངས་འདིའི་ཐོག་ནས་གཟུ་བོའི་ཡིས་དཔྱད་ཅིང་འཚོལ་སྐབས་འདི་འདྲ་ཞིག་མཐོང་སྟེ། སྡུག་བསྔལ་ནི་རང་འདོད་ལ་རྒྱབ་ཀྱིས་ཕྱོགས་པའི་གནས་ཚུལ་དང་འཕྲད་སྐབས་དང་། རང་ཉིད་ཀྱི་འདོད་པའི་བྱ་དངོས་དག་མ་ཐོབ་པའི་གནས་སྐབས། རང་ཉིད་གཞན་ལ་ཡིད་ཆེས་བྱེད་མི་ཐུབ་པའི་གནས་སྐབས་དག་ཏུ་ཡོང་བཞིན་ཡོད། དེ་ནི་ང་ཚོས་ཉིན་རེའི་འཚོ་བའི་ནང་དུ་མཐོང་ཆོས་སུ་གནས་པ་ཞིག་ལས་ལུང་རིགས་ཀྱིས་བསྒྲུབ་དགོས་པ་ཞིག་མིན་ངེས། དེས་ན་ང་ཚོར་རང་གི་འདོད་ ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་པའི་གནས་ཚུལ་འཕྲད་སྐབས་དེར་གདོང་ལེན་བྱེད་མ་ཐུབ་པའམ་སྐབས་དེར་སྡུག་བསྔལ་ཡོང་བ་འདི་ནི་རང་གི་སེམས་གཤིས་ལ་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་རེད། གུ་དོག་པའི་སྤྱི་ཚོགས་ཀྱི་ནང་དུ་ཚེ་སྲོག་གི་མེ་སྟག་འཛད་བཞིན་པའི་སྔ་གཞུག་ལ་བསམ་ན་ང་ཚོར་ཁག་མེད་ཐབས་མེད་ཀྱིས་ནོར་འཁྲུལ་མང་པོ་ཞིག་འབྱུང་གིན་ཡོད་ལ། བསམ་བློ་རྨོངས་ཞེན་དང་། ཡུན་རིང་གོམས་པའི་འདོད་པའི་དབང་ཤུགས་ཀྱིས་འདྲུད་ནས་མི་འོས་མི་ལེགས་པའི་གནས་ཚུལ་མང་པོ་ཞིག་འབྱུང་གི་ཡོད། ང་ཚོས་ཞིབ་ཚགས་མིན་པའི་ལྟ་ཕྱོགས་ཀྱིས་བསམ་ཤེས་བྱེད་ཐུབ་པའི་གནས་ཚུལ་གང་མང་ཞིག་ཉེས་ཚབ་ཆེ་བའི་ཕྱོགས་སུ་འཐེན་ནས་སྒེར་དང་། ཚོགས་པའི་མཚན་སྙན། བསྟན་པ། ལེགས་སྤྱོད་སོགས་ལ་བརྩི་བཀུར་དང་རིན་ཐང་མེད་པའི་ལྟ་ཚུལ་གྱི་གནས་སྟངས་སྐབས་མང་པོར་ཡོང་བཞིན་ཡོད། སེམས་གཤིས་ཚད་འཛིན་གྱི་སྦྱོར་བ་ནི་ཆེས་དཀའ་ཁག་རང་བཞིན་གྱི་ལས་བྱ་ཞིག་ཡིན་པས་སེམས་དུལ་ནས་ལེགས་ལམ་བདམ་རྒྱུ་ནི་ཧ་ཅང་གི་དཀའ་ཁག་གི་སྦྱོར་བ་ཞིག་ཡིན་པ་སྨྲོས་ཅི་དགོས། རྒྱུ་མཚན་དེས་འགྲོ་བ་མི་གང་ཞིག་མི་འོས་པའི་ལས་ལ་ཞུགས་པའི་སྐབས་དང་དུས་དག་ཏུ་ཉེས་ཚབ་ལེགས་དཔྱད་ཀྱིས་གནས་ལུགས་ཀྱི་ཚད་ལ་འཇལ་དགོས་པ་ནི་རིན་ཐང་ལྟ་ཚུལ་གྱི་ལེགས་ལམ་དང་པོ་དེ་ཡིན། སེམས་གཤིས་ཚད་འཛིན་དཀའ་བ་དང་། འདོད་པའི་སེམས་ཀྱི་དབང་ཤུགས་ཆེ་བ། སེམས་འདུལ་བའི་ཕྱོགས་ལ་དགའ་མོས་ཡོད་པ་ཙམ་གྱིས་སེམས་གཤིས་ཚད་འཛིན་མི་ཐུབ་པའི་གནས་ལུགས་འདི་ཚོ་རེ་རེ་ནས་ཤེས་རྟོགས་ཐུབ་ན་ད་གཟོད་སེམས་ཀྱི་གསང་བ་དང་། ལག་ལེན་གྱི་སྔོན་འགྲོ་སྦྱོར་བའི་སྐབས་སུ་སེམས་གཤིས་རྒྱུས་ལོན་མཁན་ཏེ་ནང་བསྟན་སྨྲ་བ་ཚོར་ཁྱད་ཆོས་གཞན་ཞིག་ཡོད་པ་ཚོར་ཐུབ། མདོར་བསྡུས་ཏེ་བརྗོད་ན། འདོད་ཆགས་དང་། ཞེ་སྡང་། བདག་འཛིན་སོགས་ཀྱི་ཁ་གཏད་ན་བླ་མ་དང་། དགེ་བཤེས། སྤྲུལ་སྐུ། གྲྭ་བ། བཙུན་མ། སྐྱ་བོ་སོགས་སུ་ཡིན་ཡང་ལས་སླ་བོ་ཞིག་གཏན་ནས་མེད་པས་སུ་རུང་གིས་འདི་དག་གི་དབང་ལས་ཉེས་སྐྱོན་ཅུང་ཙམ་བཟོས་པར་ཧང་སང་སང་དང་། ཚབ་ཚབ་ཆེ་བྱེད་དགོས་དོན་ཆེར་མེད། ང་ཚོས་ཚད་འཇལ་གྱི་ཚངས་ཐིག་ནི་ཉེས་སྤྱོད་ཀྱི་དུས་ཡུན་དང་། ཉེས་ཚབ་ཆེ་ཆུང་། ལེགས་ཕྱོགས་ཀྱི་དགེ་མཚན་གཞན་བཅས་གཤིབ་བསྡུར་གྱིས་གཏན་ལ་འབེབས་དགོས། དེ་ནི་མིའི་འགྲོ་བར་རིན་ཐང་ཚད་འཇལ་གྱི་བླ་མེད་དྲང་ཐིག་ཁོ་ན་ཡིན།།
༢༠༡༡/༡༡/༣༠