ཐེ་བོ་ཤེས་རབ་རྒྱ་མཚོ།
བཙན་བྱོལ་ནང་གི་རྩོམ་པ་པོའི་གྲངས་ཀ་ནི་མཛུབ་མོ་ལྔས་བགྲང་མི་ཐུབ་པ་ཞིག་མེད་ནའང་། ལྟོས་བཅོས་ཀྱིས་བཤད་ན་ཁོང་ཚོའི་རྩོམ་ཡིག་ནི་ཧ་ཅང་ཚད་ལྡན་དེ་འདྲ་ཡོད་པ་དང་། ཁོང་ཚོས་སྤེལ་བའི་རྩོམ་ཡིག་གིས་བཙན་བྱོལ་སྤྱི་ཚོགས་ལ་ཤུགས་རྐྱེན་མི་ཆུང་བ་ཞིག་ཐེབས་ཀྱིན་ཡོད་པ་དང་། ཤུགས་རྐྱེན་གཙོ་བོ་ཡང་ཆབ་སྲིད་དམ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་ཐོག་ནས་ཐེབས་ཀྱི་འདུག དབྱིན་ཡིག་ཐོག་ནས་སྒྱུ་རྩལ་རྩོམ་ཡིག་འབྲི་མཁན་རེ་ཟུང་ཡོད་པ་ཕུད་ལོ་རྒྱུས་སོགས་ཀྱི་སྟེང་ནས་འབྲི་རྩོམ་གནང་མཁན་གྲགས་ཅན་རེ་ཟུང་ཡོད་ནའང་། ངའི་བཤད་བྱ་ནི་ང་རང་བོད་ཡིག་གི་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས་བོད་ཡིག་ཐོག་ལ་འབྲི་རྩོམ་གནང་མཁན་ཚོས་བཙན་བྱོལ་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ལ་ང་རང་ཉིད་ཀྱིས་མཐོང་སྣང་སྐོར་ལ་འགྲེལ་བརྗོད་རགས་ཙམ་བྱེད་འདོད་བྱུང་།
ས་ཆའི་ཚོད་ཀྱི་རི་དྭགས་ཀྱི་དཔེ་ལྟར་བཙན་བྱོལ་ནང་གི་ཟིན་བྲིས་པ་མང་པོ་ཞིག་ཡོད་པ་འདི་ཚོ་ཡང་རྩོམ་པ་པོ་ཆུང་ཆུང་ཞིག་ཏུ་བགྲང་ཆོག་པ་ཡིན། ང་རང་ཉིད་ཀྱིས་ནམ་རྒྱུན་རྩོམ་པ་པོ་ཞིག་ཡིན་ན། གཏིང་ཟབ་མོ་ཟབ་མོ་ཞིག་དང་རྒྱ་ཆེ་ས་ཆེ་ས་ཞིག་ལ་འཇུས་ནས་སུས་ཀྱང་མི་གོ་བ་ཞིག་དང་གང་གིས་ཀྱང་འགྲེལ་མི་ཤེས་པའི་ཐ་སྙད་ཀྱི་འཕྲེང་བ་བསྟར་རྒྱུ་ཞིག་རེད་བསམ་གྱི་མེད། སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ནམ་རྒྱུན་གདོང་ཐུག་རྒྱག་གི་ཡོད་ནའང་གཞི་རིམ་མི་མང་གིས་དོ་སྣང་མི་བྱེད་པའི་རིགས་རྣམས་གསལ་འདོན་བྱས་ནས་གཞི་རིམ་མི་མང་རྣམས་ལ་དོ་སྣང་འདྲེན་དུ་བཅུག་ནས་ཐག་གཅོད་གསར་པ་བྱེད་རྒྱུར་བསམ་གཞིག་བྱེད་དུ་འཇུག་དགོས་པ་དེ་རེད་བསམ་གྱི་འདུག
མ་གཞི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་བྱས་ནས་བསྡད་ཡོད་པ་དང་། ཕྱོགས་གཅིག་ནས་ཁོང་ཚོའི་བོད་ཡིག་གི་ཆུ་ཚད་ནི་བོད་ཡིག་ནང་ལ་འབྲི་རྩོམ་བྱས་པའི་རྩོམ་ཡིག་ཁག་གི་གོ་བ་ལོན་ཐུབ་པའི་ཚད་ལ་སླེབས་མེད་པའམ་ནུས་པ་ད་དུང་སྨིན་མེད་པ་བཅས་ཀྱིས་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོས་བཙན་བྱོལ་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཧ་ཅང་ཁག་པོ་བྱེད་ཀྱི་འདུག ཡིན་ཡང་། ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོ་ཚད་གཞི་ཧ་ཅང་དམའ་ས་ནའང་བསྡད་མེད། ཉེ་ཆར་རང་བྱུང་བའི་གནས་ཚུལ་ཞིག་གི་ཐོག་ནས་ང་ཚོས་ག་རེ་གསལ་པོ་ཤེས་ཐུབ་ཀྱི་འདུག་ལབ་ན། ངས་བསྟན་འཛིན་སྒང་ལ་བྱུང་བའི་གནས་ཚུལ་དེའི་ཐོག་ནས་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དེ་ཅི་འདྲ་ཞིག་གི་ཚད་ན་ཡོད་པ་དེ་ཧ་ཅང་གསལ་པོ་བྱས་ནས་ཤེས་ཐུབ་ཀྱི་འདུག
སྐབས་དེར་བོད་ནང་གི་སྤྱི་ཚོགས་དཔྱད་བརྗོད་པ་གྲགས་ཅན་ར་རྫ་འཇམ་དབྱངས་སྐྱིད་སོགས་ཀྱིས་མཚོན་པའི་སྙུག་ཐོགས་པ་མང་པོ་ཞིག་གིས་བརྩེ་སེམས་ཟབ་མོ་ཞིག་དང་རེ་བཞག་ཆེན་པོ་ཞིག་བློ་ཕམ་གྱི་མཆི་མ་རྡོག་པོ་ཞིག་གིས་བཏུམས་ནས་ང་ཚོ་ལ་བསྐུར་བྱུང་། ང་ཚོས་ཀྱང་བདེན་པའི་ཕྱོགས་སུ་ལངས་ནས་བསྟན་འཛིན་སྒང་ལ་བྱུང་བའི་གནས་ཚུལ་དེ་དང་ས་གནས་གཞིས་འགོས་སོགས་ཀྱིས་དྲང་བདེན་མ་ཡིན་པའི་ཐག་གཅོད་བྱེད་སྟངས་དེར་བརྒྱུད་ལམ་ཁག་སྤྱད་ནས་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་ཀྱང་གནས་ཚུལ་དེ་རང་དགར་སྐྱུར་མི་ཕོད་པ་དང་བདག་པོ་རྒྱག་དགོས་པ་ཞིག་ཏུ་བཟོས་ཡོད།
དེ་ལས་ཐག་ཅུང་ཙམ་རིང་ས་ཞིག་ནས་དཔེ་མཚོན་ཞིག་བླངས་ཏེ་བཤད་ན། 《མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་།》 ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཐེབས་པ་ཆེས་ཟབ་ཤོས་དེ་ཡིན་ལ། དཔྱད་བརྗོད་དེ་རིག་གཞུང་བགྲོ་གླེང་ཞིག་གི་སྟེང་ལ་མ་གཏོགས་སྤྱི་ཚོགས་ཁྲོད་ཡོངས་གྲགས་བྱས་ནས་བཀྲམ་མེད་ནའང་སྐབས་དེར་རྩོམ་པ་པོ་ལ་གནོན་ཤུགས་མི་ཉུང་བ་ཞིག་འཕྲད་ཡོད།
འོན་ཀྱང་རྩོམ་ཡིག་དེ་སྤེལ་བ་ལ་བརྟེན་ནས་དེས་རང་རེའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་རང་ལྟ་མཆོག་འཛིན་གྱི་བསམ་བློའི་འཁོར་རྒྱ་དོགས་མོའི་དེའི་མགོ་ལ་རྡུལ་ཕྲན་འབར་མདེལ་གྱིས་ཕོག་པ་ལྟར། གུ་ཡངས་དཀྱེལ་ཆེའི་ཕྱོགས་སུ་སྐུལ་འདེད་བླ་ན་མེད་པ་ཞིག་བཏང་ཡོད་པ་དང་། ངས་བསམ་ན་དེ་ནི་རྩོམ་པ་པོ་ཞིག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་སྟངས་ཆེས་རབ་དང་ཕུལ་དུ་གྱུར་པའི་དཔེ་མཚོན་ལེགས་ཤོས་དེ་རེད་བསམ།
ཡང་གཅིག་བཤད་ན། ང་ཚོས་རྩོམ་ཡིག་ཅི་ཞིག་བྲིས་ན་ད་གཟོད་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག འདི་ཡང་རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ནས་བཤད་ན་ཧ་ཅང་གིས་ཉམས་འཇོག་དགོས་སའི་གནད་དོན་གལ་ཆེན་ཞིག་རེད་སྙམ། གངས་སྐྱིད་ཀྱི་དབྱར་འདུན་དང་དགུན་འདུན་་སོགས་ཀྱིས་མཚོན་པའི་ང་ཚོའི་འཚོ་བ་དངོས་དང་ཉིན་རེ་བཞིན་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་གནད་དོན་ཐོག་ལ་རྩོམ་ཡིག་བྲིས་ཚེ་དེས་སྤྱི་ཚོགས་ཀྱི་དོ་སྣང་འདྲེན་ཚབས་ཧ་ཅང་ཆེན་པོ་འདུག ང་ཚོ་ཚང་མས་བོད་ཀྱི་དུས་བབ་ཀློག་གི་ཡོད་པ་སྨོས་ཅི་དགོས། དུས་བབ་ཀྱི་དྲ་ཚིགས་སྟེང་ལ་རང་ཉིད་ཀྱི་འཚོ་བ་དངོས་དང་ཐད་ཀར་འབྲེལ་བ་ཡོད་པའི་རྩོམ་ཡིག་རིགས་དང་། རྙོག་དྲའི་རིགས་ལ་ལག་པ་འཆང་བའི་རྩོམ་ཡིག་རིགས་ལ་ལྟ་ཀློག་བྱེད་མཁན་ཧ་ཅང་མང་པོ་བྱུང་དང་འབྱུང་མུས་རེད། དེའི་ངོས་ནས་བལྟས་ནས་བཙན་བྱོལ་སྤྱི་ཚོགས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་མེད་ཧ་ཅང་གསལ་པོ་རེད། འོན་ཀྱང་ཚང་མས་གསལ་པོ་ཤེས་དགོས་པ་ཞིག་ལ་དྲ་ཚིགས་སྟེང་ཡིག་སྙིགས་བཟོ་གྲྭའི་འགན་འཛིན་དག་ངས་འདི་ནས་རྩོམ་པ་པོ་ཞིག་ཏུ་བགྲང་གི་མེད། དེ་ཚོས་སྤེལ་བཞིན་པ་དེ་དག་རྩོམ་ཡིག་ཅིག་ཏུའང་བགྲང་གི་མེད། དེ་ཚོས་ནི་སྤྱི་ཚོགས་རུལ་སུངས་དང་མི་སྤུས་ཇེ་ཞན་དུ་གཏོང་གི་འདུག་པས་རེད།
ཟུར་ཞུ། རྩོམ་ཡིག་འདི་ཉེ་ཆར་གཟའ་ཉི་མའི་ཁ་བརྡའི་ཆེད་གྲ་སྒྲིག་བྱས་པ་ཞིག་ཡིན་ཡང་། སྐབས་དེར་ཁོ་བོ་ཞུགས་མ་ཐུབ་པར་བརྟེན་དེ་རིང་འདིར་བཀོད་པ་ཡིན།
སློབ་གྲོགས་དམ་པར་བཀླགས་ཡོད་པའི་བརྡ་ཙམ་ཡིན། ཞོར་དུ་ཞུ་རྒྱུར་རྩོམ་ཡིག་འདི་བཀླགས་མ་ཐག་བསམ་བློར་འཁོར་བ་ནི། བརྗོད་བྱ་ཧ་ཅང་ཆེན་པོ་ཞིག་དང་། བྲིས་པ་ཧ་ཅང་ཉུང་ཉུང་ཞིག་ཡིན་པའི་སྣང་བ་བྱུང། འདི་ལས་རྒྱས་ཙམ་ཡིན་ན་སྙམ་པ་ཡང་གཅིག་ཆར་དུ་སྐྱེས་ཐལ།
སྐུ་ཉིད་ཀྱིས་བཀླགས་ནས་བསམ་ཚུལ་བཤད་པར་དགའ་ཡོད། དུས་ཚོད་བྱུང་ཚེ་འདི་ལས་རྒྱས་ཙམ་ཨེ་འཁྱོངས་བལྟ་དགོས།
ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས།
་་་་།
མ་གཞི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་བྱས་ནས་བསྡད་ཡོད་པ་དང་། ཕྱོགས་གཅིག་ནས་ཁོང་ཚོའི་བོད་ཡིག་གི་ཆུ་ཚད་ནི་བོད་ཡིག་ནང་ལ་འབྲི་རྩོམ་བྱས་པའི་རྩོམ་ཡིག་ཁག་གི་གོ་བ་ལོན་ཐུབ་པའི་ཚད་ལ་སླེབས་མེད་པའམ་ནུས་པ་ད་དུང་སྨིན་མེད་པ་བཅས་ཀྱིས་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོས་བཙན་བྱོལ་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཧ་ཅང་ཁག་པོ་བྱེད་ཀྱི་འདུག ཡིན་ཡང་། ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོ་ཚད་གཞི་ཧ་ཅང་དམའ་ས་ནའང་བསྡད་མེད། ་་་་། ཟེར་ན་གོ་དོན་ག་རེ་ཡིན་ནམ། གསལ་བཤད་མང་ཙམ་བྱས་ན་མི་ལེགས་སམ།