ཤར་ཕྱོགས་ཁུག་རྟ།
ཕོ་རོག་དཀར་པོ་ཆགས་ན་སྔོན་ཐོན་པ་ཞེས་འཕྱ་སྟངས་ཤིག་གངས་ཅན་སྐྱིད་གཞོངས་ན་དར་ནས་བསྡད་ཡོད་ཁར། ད་ཐེངས་ཁ་བཙུམས་ནས་མ་བསྡད་པ་ཨམ་གཤིས་སུ་བསྒྲགས་ནས་འཕྱ་སྨོད་ཀྱང་བྱེད་སྲིད་མོད། བསམ་བློ་ག་ལེར་བཏང་དུས། དངོས་གནས་ཤ་མཆིན་པའི་སྟེང་འོག་བརྗེས་པ་ཟེར་བའི་སེམས་པ་སྐྱོ་ཕྱོགས་དེ་དབང་མེད་དུ་ཡ་ཆུང་ལ་མ་ཤོང་བར་ཁ་ནས་ཤོར་འགྲོ་བ་ཞིག་ནི་ཆགས་སོང་།
དེ་ཡང་༧པཎ་ཆེན་རིན་པོ་ཆེས་དབུ་ཁྲིད་པའི་གཞིས་ལུས་མི་མང་ལོ་ངོ་ ༥༠ ལྷག་གི་རིང་ལ་མགོན་དཔུང་དབུ་ཁྲིད་གཞུང་དང་བཅས་པ་བྲལ་རྗེས། གཞན་གྱི་གནོན་བཙུར་དྲག་ཤུགས་འོག་སྟབས་བསྟུན་གྱིས་ཉི་མཚན་རྩིས་ན་མི་འགྲོ་བའི་ངང་མི་ཚེ་བསྐྱལ་དགོས་བྱུང་ཡང་། བོད་ཀྱི་རིག་གནས་སྐད་ཡིག་དང་བཅས་པ་མུན་ནག་གི་མཁའ་ལ་སྐར་མ་བཞིན་བྲིས་ནས། བོད་ཀྱི་འཆི་གསོན་ལ་བླ་ན་མེད་པའི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། ངས་ད་ལྟ་ཡི་གེ་འདི་འབྲི་བཞིན་པའི་སྐབས་སུའང་། བོད་ནང་དུ་སྐུ་གཞོགས་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་རང་གི་ཚེ་སྲོག་མེ་ལ་སྲེག་དང་སྲེག་བཞིན་པའི་སྒང་རེད། ཁོང་ཚོའི་ན་ཟུག་དང་གཏོང་ཕོད་ཀྱིས་ངས་ཡང་ཡང་༧པཎ་ཆེན་རིན་པོ་དྲན་ལ། པཎ་ཆེན་རིན་པོ་ཆེས་ཚེ་སྲོག་བློས་བཏང་གི་དཀའ་སྤྱད་ཀྱིས་ཁོང་ཚོ་རྣམས་ཀྱིས་བོད་དང་བོད་ཀྱི་དྲི་མ་དངོས་གནས་དེ་རྟོགས་ཡོད་ལ། བོད་དྲི་ཡོད་པའི་བོད་ཀྱི་མདུན་ལམ་གྱི་ཆེད་དུ་རང་གི་ཚེ་སྲོག་ནི་མེ་སྒྲོན་ཆོག་ཆོག་གི་མར་མེ་ཅིག་དང་གཉིས་མེད་བསྒོམས་བཞིན་ཡོད།
ཡིན་ནའང་། རང་ཅག་བཙན་བྱོལ་བ་རྣམས་ལ་ད་ལོ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དབུ་ཁྲིད་ཁག་ཅིག་བྱུང་སོང་བ་སྟེ། ཕ་སྐད་བོད་ཡིག་ཀློག་འདོན་ཙམ་ཡང་མི་འཁྱོང་མཁན་གཅིག་མིན་གཉིས་སུ་བྱུང་དང་འབྱུང་བཞིན་པ་རེད། ང་ལ་གྲོགས་བོན་རྒྱས་བོད་ནང་སྐུ་གཞོགས་རྣམ་གཉིས་ཀྱིས་རང་སྲོག་བློས་བཏང་བའི་བརྡ་འབྱོར་སྐབས། ངས་བཀའ་ཁྲི་མཆོག་དང་ཕྱི་དྲིལ་བཀའ་བློན་གྱི་ལས་སྡོམ་སྙན་སྒྲོན་ལ་ཉན་བསྡད་ཡོད། ང་སེམས་སྐྱོ་ནས་ཟུག་འདར་ལངས་ནས་སྡོད་པའི་སྐབས་དེ་ཤེད་དུ་སྐུ་གཞོགས་རྣམ་གཉིས་ཀྱིས་ང་ཡང་བསྐྱར་པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་། ང་ལ་ཞེད་སྣང་དང་དངངས་སྐྲག་ལངས་སོང་། སྐུ་གཞོགས་རྣམ་གཉིས་གཙོ་བོར་གྱུར་བའི་ཁོང་ཚོ་སེམས་བསམ་པའི་དཀྱིལ་ནས་སྙིང་རྗེ་སོང་།
འབྲི་ཀློག་གལ་ཆེན་མ་རེད། དོན་དག་གལ་ཆེན་རེད་ཅེས་ཅིག་ཤེས་མདོག་མདོག་བྱེད་མཁན་དག་གིས་སྨྲ་སྲིད་ཀྱང་། བཙན་བྱོལ་ནས་ལོ་རྒན་ལྔ་བཅུ་ཕར་ལ་གཡུགས་ནས་དྲུག་ཅུའི་ཁའང་བཀང་ལ་ཉེ་ནས་འགྲོ་དུས། བཙན་བྱོལ་སྒྲིག་འཛུགས་ནང་བོད་ཡིག་བོད་སྐད་མི་དགོས་པའི་ཚད་རིམ་ཐ་ན་དབུ་ཁྲིད་རིམ་པའི་སྟེང་དུ་བསླེབས་སོང་། ༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་སྲིད་དབང་རྩིས་སྤྲོད་གནང་ཚར་བ་དང་། བོད་ཡིག་འབྲི་ཀློག་ཙམ་ཡང་མི་འཁྱོང་བས་བཀའ་བློན་འདི་གཉིས་ཀྱིས་གྲོས་ཚོགས་སུ་ཀློག་སྟངས་ཆ་མ་ཆག་ཅིག་བཏོན་པ་ན། བཤད་ཡ་གང་ཡང་མེད་པར། ཐོལ་ཐོལ་ལ་སེམས་པ་སྐྱོ་ཞིང་། སྐད་ཡིག་གལ་ཆེན་ཡིན་པའི་རིགས་པའི་གཞུང་ལུགས་དག་གི་གལ་གནད་བསྐྱར་ཟློས་བྱེད་འདོད་ཀྱང་མི་འདུག་ལ། ཞལ་རས་འཛུམ་ཞིང་ལག་གཉིས་ཐལ་མོ་སྦྱོར་བའི་བོད་ཀྱི་སློང་མོ་བ་གྲགས་ཅན་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་གི་རེ་བཞག་ཀྱང་ས་ལ་བསྲེས་བཞིན་པ་ཚོར་ཞིང་། ཞིང་གཤེགས་བཀའ་དྲིན་ཟླ་མེད་༧ཚོང་པ་རྒྱག་པ་གང་དེ་ཉིད་དེ་བས་ཀྱང་དྲན་པས་མནར་འགྲོ་བ་ཞིག་བྱུང་།
ད་ནི་བསམ་བློ་གང་བཏང་དང་བསམ་ཚུལ་གང་ཞུས་ཀྱང་། བོད་སྐད་ཡིག་གི་ཚེ་སྲོག་རྨང་ནས་འགྱེལ་བཞིན་འགྱེལ་བཞིན་འགྲོ་དུས། བོད་ཀྱི་ལས་བྱེད་ནས་དབུ་ཁྲིད་རིམ་པའི་ནང་བོད་ཀྱི་སྐད་ཡིག་མི་དགོས་པའི་གནས་སྟངས་ཇེ་གསལ་ཇེ་གསལ་འགྲོ་བཞིན་པའི་སྐབས་སུ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བསྐྱངས་པའི་བོད་སྐད་ཡིག་གི་ལྗིད་ཚད་ཀྱང་རྒྱ་མར་འཇོག་རིན་ཡང་ཡོད་པ་འདྲ་ཞིག་མཐོང་ལ། གལ་སྲིད་མི་རིགས་འདིའི་སྐད་ཡིག་འདི་ལྟར་ཉམས་སོང་དུས། འདིའི་ནག་ཉེས་རྒྱ་ནག་གཞུང་གཅིག་པུ་ཡེ་ནས་མིན་པའང་གསལ་ཞིང་གསལ་བོར་ཤེས་ཀྱི་འདུག འོན་ཀྱང་བོད་སྐད་ཡིག་གི་སྲོག་རྩ་བཙན་བྱོལ་ལ་ཐུག་ཡོད་མེད་ཀྱང་ད་ལྟ་ཤེས་ཚོད་དཀའ་བ་འདྲ་ཞིག་ཏུ་ཚོར།
༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་ལྟར་མ་སོང་བར། བོད་སྐད་ཡིག་གི་ཆེད་དུ་བོད་མི་ནང་ཁུལ་ལ་ལྟ་ཚུལ་འབྱུང་བཞིན་པའི་སྐབས་སུ། གཅིག་བྱས་ན་བོད་མི་རིགས་ལ་ཞེན་ཁོག་བྱེད་སྟངས་ཀྱི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་བར་ལ་རིང་ཐུང་ངེས་ཅན་ཞིག་ཤོར་སྲིད་ལ། དེས་༧གང་གིས་བྱས་པ་མཐའ་དག་ཀྱང་ནག་བསུབ་མི་གཏོང་བའི་ངེས་པ་མེད་པས་ན། ལར་ནས་བཀའ་བློན་དག་གི་འོས་ཆོས་སུ་བོད་པའི་སྐད་ཡིག་ལ་རང་ཚུགས་ཐུབ་པ་ཟེར་བའི་ཆ་རྐྱེན་ཞིག་བཀོད་ཐུབ་པ་ཡིན་ན་ཉི་མ་དེ་རིང་གི་གནས་ཚུལ་འདི་འདྲ་འབྱུང་མི་སྲིད་པ་རེད་ལ། བོད་ནས་གཅིག་གི་གཅིག་འཕྲོར་རང་སྲོག་མེ་ལ་སྦར་དུས། འདི་ནས་དབུ་ཁྲིད་ཚོས་བོད་ཡིག་ཀློག་མ་ཤེས་པར་བསྡད་ན་དངོས་གནས་པཎ་ཆེན་བླ་མ་ལྟ་བུའི་བོད་སྐད་ཡིག་གི་ཀ་ཆེན་ཚོ་དྲན་པ་ཞིག་རེད་ལ། གཟིམ་ཆུང་སྦུག་ན་ཐམས་ཅད་ལག་མཐིལ་གྱི་རི་མོ་བཞིན་གཟིགས་དང་གཟིགས་བཞིན་པའི་༧གོང་ས་མཆོག་དེའང་། པཎ་ཆེན་རིན་པོ་ཆེ་ལྟར་གངས་སྐྱིད་ལས་ཁུངས་དག་ཏུ་སྐུ་རླུང་ལངས་ནས་རྡུང་གི་མི་ཕེབས་ཀྱང་། ཐུགས་བསམ་ང་ཚོ་བོད་ཡིག་ལ་དགའ་མཁན་ཚོ་ལྟར་སྐྱོ་ནས་བཞུགས་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།
གཞན་ཡང་སྐད་ཆ་འདི་ཙམ་གྱིས་ཁོ་བོ་དེ་ནས་དེ་རུ་སྤྱུགས་ཀྱི་ཡིན་ཞེས་དབང་ཆེན་པོ་ཁྲེད་ཀྱིས་ཚད་རུང་། རྩ་དོན་བརླག་པའི་མི་སྨྲའི་རྟུལ་ཞུགས་དེར་རྟག་ཏུ་འགྲོ་ཐུབ་པ་ཞིག་རེད་མི་འདུག་གོ།
གནད་དོན་གཉིས་ཁ་སྦྱར་ནས་ཐོན་པས་ཤར་མར་སྦྱར།
༢༠༡༡། ༩། ༢༦།
རྩོམ་ཡིག་འདི་བོད་ནང་གི་གྲོགས་པོ་སྐོར་ཞིག་གི་གཟིགས་མོར་སོན་ཆེད་དྲ་ངོས་འདིར་བཞག་པ་ཡིན་ལ། ཉེ་ཆར་བྲེལ་འཚུབ་ཀྱིས་ཁ་བརྡའི་སྟེང་འཇོག་རྒྱུ་དྲན་པའང་བརྗེད་འདུག
གོང་ས་མཆོག་གི་ལམ་སྟོན་འོག་ཏུ་གནས་པའི་དབུས་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་འཇོག་མཁན་མི་ངན་བློ་ཆོས་ཤར་ཁུག་ཁྱོད་ད་དུང་ཁ་བཙུམ་ནས་གཙུག་གི་མ་བསྡད་ན། བོད་བསྟན་སྲིད་ལ་ལྷག་བསམ་དང་བོད་མི་རིགས་ལ་ཤ་ཞེན་ཅན་རྣམས་ཀྱིས་ཁྱོད་ཉིད་ནམ་ཡང་ཡན་པོར་བཏང་རྒྱུ་མ་རེད། ད་དུང་ཁ་ནས་ཨམ་བཤིས་ལབ་ཡག་གི་ཚིག་དེས་ཨམ་མདོ་ཀུན་འདྲུད་ཡོང་བ་དེ་ནམ་ཡང་ཁྱོད་ཀྱིས་གུས་བསབ་བྱེད་ཐུབ་ཀྱིན་མ་རེད། ང་ཡང་ཨ་མདོ་ནས་ཡིན་ཀྱང་། མི་ངན་ཁྱོད་ཀྱི་རྒྱབ་ཏུ་རྒྱུགས་པ་ལས་རང་སྲོག་རང་གིས་བཅད་དེ་ཤི་བར་དགའ། བཀུར་འོས་ཨམ་མདོ་བ་ཀུན་མི་ངན་འདི་ལ་རྒྱབ་སྐྱོར་དང་ཞེན་ཁོག་ནམ་ཡང་མི་བྱེད་རོགས།
༸པཎ་ཆེན་རིན་པོ་ཆེ་ཁ་ཡི་མཆུ་ནས་དྲན་མཁན་མང་པོ་བྱུང་ལ། འབྱུང་བཞིན་པ་རེད། ད་དུང་འབྱུང་རྒྱུར་ཐེ་ཚོམ་མི་འདུག་ལ། ཁོང་དང་འབྲེལ་བ་ཡོད་པའི་མི་སྣ་ཡང་ད་མང་དུ་མང་དུ་འགྲོ་བཞིན་འདུག
བློ་སེང་གི་བོད་ཡིག་མི་ཤེས་ཟེར་བ་ནི་བདེན་པ་མ་རེད་ལ། བོད་སྐད་ཀྱི་གསུངས་བཤད་གནང་བ་ཁོང་ལ་འགྲན་གྱུར་མཁན་དཀོན། དེ་བརྟེན། ཁོང་བཀའ་ཁྲིར་གདམས་ལ་ལོས་ཡིན། རྒྱ་སྤྱིའི་གསར་འགྱུར་གྲགས་ཅན་ཁག་ཏུ་ཁོང་ལྟར་བགྲོད་གླེང་གནང་ཐུབ་མཁན་བོད་ཀྱི་བཀའ་བློན་བྱུང་མྱོང་མེད། ཟམ་གདོང་གིས་བཙན་བྱོལ་གྱི་སྤྱི་ཚོགས་སུ་བགྲོད་གླེང་དང་གསུངས་བཤད་གནང་བ་ཙམ་ལས་བོད་ཀྱི་རྒྱ་སྤྱའི་གསར་ཁམས་ཁག་ཏུ་སྐད་ཆ་བཤད་ཐུབ་མེད། ཁུག་རྟས་དབྱིན་སྐད་ཡག་པོ་མ་ཤེས་བའི་སྐྱོན་ལས་ཅི་ཡང་མེད།
བོད་ཡིག་ལ་ཞེན་ཆགས་ཀྱིས་ང་ཡང་ཁ་བརྡར་ཨུ་ཚུགས་བརྒྱབ་ནས་ཡོང་པ་ཡིན། འོན་ཀྱང་། ལས་དོན་གང་ཡིན་ན་ཡང་འདས་པའི་ལོ་༥༠ལས་མ་འོངས་པའི་ལོ་༥༠དེ་གལ་ཆེ་བ་དེ་ཡང་མ་བརྗེད་པའི་ཐོག་ནས་ཁུག་རྟས་ཁུག་སྐད་བརྒྱབ་ན་མི་ལེགས་སམ།
ཤར་ཕྱོགས་ཁུག་རྟ་ལགས་ཁ་བཙུམ་སྟེ་ཅུང་སྡོད་ཐུབ་ན་མི་ལེགས་སམ། རང་དོན་མི་འགྲུབ་དུས་དཀའ་ངལ་ལས་ཡོད་རེད། ཡིན་ན་ཡང་ཁྱོད་རང་ཁ་བཏོད་འཇོག་ས་བཀུར་འོས་བཀའ་ཁྲི་བློ་བཟང་སེངྒེ་གཅིག་པུ་མ་རེད་བོད་མི་དམངས་རེད། ཁོང་བོད་མི་མང་ནས་བདམས་པ་ཞིག་རེད། ད་དུང་ཤེས་དགོས་པ་ཞིག་ལ་ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱེད་པ་ལ་དབྱིན་སྐད་བྱང་ཆུབ་པ་ཞིག་དགོས་ངེས། རང་བཙན་གཙང་མ་ཐོབ་ཚར་བའི་རྗེས་ལ་ཁྱེད་རང་འདོད་པ་བཞིན་བོད་ཡིག་བྱང་ཆུབ་པ་ཞིག་མེད་ན་མི་གདམ། བཀའ་ཁྲིའི་བོད་སྐད་ཙམ་ཡང་མ་ཤེས་ན་ང་ཚོ་ཁྱོད་ཀྱི་རྗེས་སུ་འབྲང་ངོ་། རེ་སྐུལ་ནང་ཁུལ་དུ་དེ་ཙམ་མ་ཁྲོས། ཁྱེད་ཀྱིས་བོད་ཀྱི་རིག་གནས་ལ་དོ་སྣང་དང་གུས་བཀུར་བྱེད་པར་མངོན་པ་བསྟོད་དོ།
ད་ཐན་བྱ་འདིས་དམིགས་ཡུལ་ཇེ་གསལ་རེད།ལ་ཕར་རྒྱབ་ཀྱི་རྒྱ་དམར་ལ་མི་སྡིག་པར་ཚུར་ནང་འཁྲུགས་རྒྱག་བསམ་འདི་ཁོ་ལ་འོས་འགན་ཞིག་ཡོད་ཡོད་པ་རེད།གངས་རིའི་སེང་ཆེན་ལ་ཐན་བྱས་འུག་སྐད་ཀྱི་ཅང་ཡོང་ཀི་མ་རེད།
ཤར་ཕྱོགས་ཁུག་རྟ་ལགས་ནི་བོད་ཡིག་སྲོག་རྩ་ཆད་ལ་ཉེ་བའི་དུས་ཀྱི་སྒོ་སྲུང་གོ་ཆོད་གཅིག་དང་། སྲིད་སྐྱོང་བ་ནི་སྐབས་དེར་སྲོག་གཅོད་པར་རྔམས་པའི་རྒྱལ་འགོངས་དང་གཉིས་སུ་མ་མཆིས་པས་དེའི་ཐད་རྩོད་པ་གང་ཡང་མེད། ང་ཚོར་དགོས་པ་ནི་བོད་ཡིག་འཚོ་དགོས་པ་ལས་བོད་མིའི་སྒྲིགས་འཛུགས་ཀྱི་དབུས་ཡན་ཡོངས་རྫོགས་ཀྱི་ལམ་ཁ་དབྱིན་ཡིག་ཏུ་བསྒྱུར་བཞིན་པ་མ་ཟད། བོད་ཡིག་སྲོག་རྩ་གཅོད་པར་རྔམས་པའི་རྒྱལ་འགོངས་དེ་མ་རེད།
དེའི་ཕྱིར་ང་ཚོས་བོད་ཡིག་སྐྱོབས་རོགས། གཞུང་ལས་ཁང་གི་བོད་ཡིག་དེ་མ་བརླག་མ་བོར་བར་ཤུགས་རྒྱབ་ཤོག་ཨ། ཨ་མའི་བུ་ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ལ་བཞད་གད་བྱེད་མཁན་སློང་མོ་བ་དེ་ཚོར་སྐབས་རེ་སྨན་ཐུན་གཅིག་ཙམ་གནང་ན་མགཏོགས་ད་ཚོ་ནི་ཉོས་ཟིན་པའི་བོད་ཡིག་སྲོག་འཕྲོག་རྒྱལ་པོའི་སྐྱག་པྲུག་ཤ་སྟག་རེད། སྐབས་རེ་དེ་ཚོར་ལམ་ནོར་ལྡོགས་ཤེས་ཀྱི་ཆེད་དུ་སྐབས་དང་དུས་སུ་གནད་ལ་འཁེལ་བའི་བྱ་སྐད་རྒྱབ་ཤཽག་ཨ། ངན་པ་རྒྱ་ཡན་དུ་གཏོང་མི་ཉན་ཡ།
བློ་སེང་ལགས་ཆབ་སྲིད་པ་སྲིད་སྐྱོང་དུ་བདམས་པ་ལས་བོད་དགེར་བདམས་པ་མ་རེད་ལགས།
སྲིད་སྐྱོང་བློ་སེང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་གོང་ས་མཆོག་གི་ཕྱག་ཡ་གཅིག་རེད། བོད་ཡིག་ཤེས་མི་ཤེས་དེ་ཚོ་གཡུག་ཞོག བོད་ཡིག་ཡག་ཐག་ཆོད་འདུག ད་ཤར་ཁུག་སོགས་ཀྱིས་ཚོད་བཟུང་ན་ཡག་པོ་རེད། ད་ལྟའི་དུས་ཚོད་འདི་ལྟ་བུར་ནང་འཁྲུག་རྒྱབ་བསྡད་ན་ཡག་པོ་མ་རེད། ངོ་མ་ཡིན། ད་མང་དྲགས་ཀྱི་འདུག ཨེ་གོ་ཐལ།
རྩོམ་ཡིག་འདི་འདྲ་ལ་བརྟེན་ཤར་ཕྱོགས་ཁུག་རྟའི་སྒང་ལ་ནང་དཀྲུགས་དང་གསང་མྱུལ་རྒྱ་དམར་གྱི་རྒྱུགས་ཁྱི་སོགས་བཤད་ན་ངོ་མ་འོས་པོ་ཅིག་མ་རེད་སྙམ།
རྩོམ་ཡིག་འདིའི་ནང་ཤར་ཁུག་གིས་ཁོ་རང་གི་མྱོང་ཚོར་ཙམ་ཅིག་བྲིས་པ་ཙམ་རེད།དེ་འབྲེལ་གྱི་བཀའ་བློན་ཁ་ཤས་ཀྱིས་བོད་ཡིག་ཡག་པོ་མི་ཤེས་ཟེར་པ་ཙམ་རེད།དེ་ཚོ་དངོས་ཡོད་རེད་འདུག
ད་ཆ་བཀའ་བློན་རྣམ་པར་དབྱིན་ཡིག་མཁྱེན་ཡོན་ཡག་པོ་ཡོད་ནའང་བོད་ཡིག་ཡག་པོ་མི་ཤེས་པ་ལྷག་པར་ཀློག་ཀྱང་ཡག་པོ་མི་ཤེས་མཁན་བཀའ་བློན་ཁ་ཤས་འདུག
ཡིན་ནའང་།དེ་ཚོ་བཀའ་བློན་རྣམ་པའི་ནོར་འཁྲུལ་གང་ཡང་མ་རེད་ལ།དེ་ལས་ཀྱང་བཀའ་ཁྲི་མཆོག་གི་ནོར་པ་གང་མ་རེད།རྒྱུ་མཚན་ང་ཚོའི་གཞུང་འདི་མང་གཙོ་རེད།འོན་ཀྱང་དེ་བཙན་བྱོལ་བོད་མི་ཚོར་བོད་ཡིག་དགོས་མཁོ་མེད་པའི་མངོན་རྟགས་ཤིག་རེད།དེ་འདྲ་ཡིན་ཙང་ཤར་ཁུག་གིས་དེ་ལ་སྨྲེ་ངག་བཏོན་པ་ཙམ་རེད།
བོད་མི་ཅིག་ཡིན་པའི་ཆ་ནས་བོད་ཡིག་དང་བོད་ཀྱི་རིག་གཞུང་དགོས་དང་མི་དགོས་གཉིས་ཀ་ཟེར་རྒྱུའི་ཐོབ་ཐང་ཡོད་པ་རེད།
བདེན་པ་བསྒྲགས་པའི་གཏམ།
སྲིད་སྐྱོང་བ་མི་མང་གིས་འདེམས་མཐོན་བྱུང་བ་བདེན་པ་རེད།
མི་མང་ནས་ཁོང་ལ་གུས་བཀུར་ཞུ་དགོས་པ་ཡང་བདེན་པ་རེད།
སྲིད་སྐྱོང་བའི་ཁ་བདེན་ཚིག་ལ་གནས་དགོས་པ་ཡང་བདེན་པ་རེད།
སྲིད་སྐྱོང་བ་སྐད་ཆ་སྙན་པོ་ཤོད་ཐུབ་པ་ཡང་བདེན་པ་རེད།
སྲིད་སྐྱོང་བས་མི་མང་ལ་མགོ་སྐོར་བཏང་ཏེ་སྲིད་སྐྱོང་བར་ལངས་ཐུབ་པ་ཡང་དེ་ལས་བདེན་པ་རེད།
སྲིད་སྐྱོང་བས་བོད་ཡིག་ཡག་པོ་མ་མཁྱེན་པ་བདེན་པ་རེད།
མ་མཁྱེན་ཡང་མཁྱེན་ཁུལ་བྱས་ཏེ་བང་ཆེན་དྲ་རྒྱར་བོད་རྩོམ་བཏོན་པ་ཡང་བདེན་པ་རེད།
ཤར་ཕྱོགས་ཁུག་རྟའི་ཕྱག་རིང་ལས་གྲུབ་པའི་རྩོམ་བྲིས་འོག་ལས་གནས་ཤོར་བཅུག་པ་ཡང་བདེན་པ་རེད།
ཤར་ཁུག་ལ་ཐེངས་༡༤ ལ་གསལ་བཤད་གོ་སྐབས་མ་བྱུང་བ་ཡང་བདེན་པ་རེད།
ཤར་ཁུག་ནོར་ཁྲུལ་ཡོད་ན་དགོངས་བསེལ་ཡོད་ཅེས་པ་ཡང་བདེན་པ་རེད།
བཀའ་ཤག་ལྷན་འཛོམས་ཐོག་བཀའ་མོལ་བྱུང་བ་ཡང་བདེན་པ་རེད།
བདེན་པ་རྟག་ཏུ་རྒྱས་པར་ཤཽག
བུ་ཕ་གསོད་ནའང་བདེན་པ་བཤད་རྒྱུ་ཡོད་པའང་བདེན་པ་རེད།
བོད་གཞི་བྱེས་གཉིས་སུ་ཨ་མདོ་བ་ཟེར་ན་ཆོལ་གསུམ་ཆིག་བསྒྲིལ་དང་ལྷག་བསམ་ཟོལ་མེད་དེ་འདྲ་ཞིག་རེད་འོན་གྱང་ད་ཐེང་མི་ངན་འདི་ལྟ་བུ་ཞིག་གི་ཉེར་ལེན་ལ་བརྟེན་ནས་ཨ་མདོ་བ་ཡོངས་ཀྱི་མིང་བརྫོད་ཀྱི་འདུག་ གངོས་གནས་བོད་མི་རིགས་ཀྱི་གནས་ཚུལ་ཡ་ང་བ་འདི་འདྲ་ཞིག་ཡོང་བཞིན་ཡོད་ཀྱང་ཤར་ཁུག་ལྟ་བུ་མི་ངན་འདི་ལ་རང་གི་ཁ་ཕོར་གྱི་དོན་དུ་ཀུ་ཅོ་འདོན་ཕུ་ནུ་ནང་དཀྲུག་གི་དབྱེན་སྦྱོར་བྱེད་བོད་མི་སེམས་ལ་གནག་པའི་བྱ་བ་རྩོམ་གྱིན་འདུག འདི་ལ་དམིགས་ཡུལ་ཞིག་ཡོད་པ་ནི་གོང་ས་མཆོག་གི་ཐུགས་དཀྲུགས་ནས་བོད་མི་ལ་དབྱེན་སྦྱོར་བྱེད་རྒྱུ་དེ་རེད་
ད་དུང་པན་ཆེན་དྲན་ཁུལ་དགོད་ཁ་མ་སློང་ མི་ཁྱེད་འདྲ་བ་མཁོ་ས་ཞིག་ཡོད་ན་དོལ་རྒྱལ་ཚོགས་པ་དང་རྒྱ་དམར་ཁྱུ་ཚོགས་ཡིན་ངེས་
ཁྱོད་ལ་མི་གཞི་འདི་འདྲ་ཞིག་མ་རྟོགས་་མེད་པ་ཤེས་ནས་རྒྱང་ཕུད་བཏང་བ་རེད་ཨེ་གོ ང་ཚོའི་སྲིད་སྐྱོང་སེང་གེ་མཆོག་ལ་༧གོང་ས་མཆོག་གི་ཐུགས་དགྱེས་པོ་གནང་ས་ཞིག་ཡིན་བློ་འཁེལ་ས་ཞིག་ཡིན
ཕ་ཡིས་བུ་ལ་རྩིས་སྤྲད་པ་བཞིན་གནང་བའི་ཉིནམོ་དེར་་བོད་མི་ཡོངས་ཀྱི་དགའ་སྤྲོའི་ཐལ་སྒྲ་སྒྲོགས་དུས་ཁྱོད་མིག་གཞར་སོང་བ་རེད་དམ། ་
ཤར་ཁུགས་ཀྱིས་བོད་དོན་ལ་སེམས་པ་དང་། བོད་རིགས་ལ་སེམས་པའི་ཁོ་བའི་སྙིང་གཏིང་གི་སྐད་ཆ་ཡིན་སྲིད། ཡ་ཡ། ཁྱེད་ཀྱིས་ཟེར་བ་བདེན་པ་རེད། རང་རེའི་བོད་ཀྱི་ལོ་རྒྱུས་སུ་དེ་སྔོན་བྱུང་མྱོང་མེད་པའི་སྲིད་སྐྱོངས་ཤིག་བོད་པས་བསྐོས་གྲུབ་པ་རེད། ཁོང་གི་ཕྱག་ལས་བསྟར་ཕྱོགས་ལ་རྐྱོན་བརྗོད་དང་བསམ་འཆར་སྨྲ་བའི་རང་དབང་ཡོད་པ་ནི། ང་ཚོ་བཙན་བྱོལ་དུ་ཡོད་པའི་དགེ་མཚན་ཆེ་ཤོས་དེ་རེད་ལ། དབུ་ཁྲིད་ལ་རྐྱོན་བརྗོད་སྨྲ་མཁན་མེད་ན། དབུ་ཁྲིད་ཀྱི་ཐབས་ལམ་གསར་རྒྱས་གཏོང་མི་ཐུབ། དབུ་ཁྲིད་ཀྱི་ཐབས་ལམ་གསར་རྒྱས་སུ་གཏོང་མ་ཐུབ་ན། འཇིག་རྟེན་འདིའི་ཐོག་ཏུ་དང་པོ་ནས་དབུ་ཁྲིད་ཀྱི་ཐབས་ལམ་ཆ་ཚང་བ་ཡོད་སྡད་མཁན་ཞིག་མི་སྲིད་པས་དབུ་ཁྲིད་ཡང་དག་པ་ཞིག་མི་རྙེད།
འོན་ཀྱང་ཉིད་ལ་སེམས་གཏིང་དུ་ཟུང་ངུ་འབྱིན་པའི་སྲིད་སྐྱོངས་བློ་བཟང་སེང་གེའི་ཞན་པའི་ཆ་ཤས་ནི། བོད་ཀྱི་སྐད་ཡིག་ཤེས་ཡོན་གྱི་ཆ་ནས་རེད།
ང་ཚོས་ཁོང་སྲིད་སྐྱོངས་སུ་བསྐོས་པ་དེ། བོད་ཡིག་སློབ་མཁན་ཞིག་ཏུ་བསྐོས་བཞག་བྱས་པ་མ་རེད། ང་ཚོས་ཁོང་བསྐོས་བཞག་བྱས་པ་དེ་བོད་ཀྱི་སྲིད་སྐྱོངས་མཁན་ནམ། སྲིད་དོན་གྱི་སྣེ་ཁྲིད་དུ་བསྐོས་པ་རེད། ཁོང་གིས་ཁོ་བའི་ལྟ་གྲུབ་ལོངས་ཕྱོགས་དང་། དེ་དག་ལག་ལན་དུ་བསྟར་ཚུལ་སྐོར་མི་མང་ལ་ངོ་སྤྲོད་གནང་བའི་སྐབས་སུ་བོད་ཀྱི་སྐད་ཡིག་ཞན་རྟེན་མི་མང་གིས་མ་གསན་པ་དང་། ཁོ་བས་གང་སྨྲ་འདོད་པ་སྨྲ་མ་ཐུབ་ནས་ལྷག་པའི་མཚན་གཞི་འདྲ་འཇོག་རྒྱུ་ཡོད་དམ།
ངས་ནོར་མེད་ན། གཙན་བྱོལ་འདིར་མཆིས་པའི། ཁོག་སྟོང་ཁ་མཁས་ཅན་གྱི་རྟའི་ཆོལ་ཁའི་ཁོངས་གཏོགས་ཀྱི་གསར་ཚར་རྣམས་དང་། ཁ་མེད་ལག་མེད་ཅན་གྱི་མིའི་ཆོལ་ཁའི་ཁོངས་གཏོགས་ཀྱི་གསར་ཚར་རྣམས་དང་། ཁ་འཇམ་ཁོང་རྩུབ་ཅན་གྱི་ཆོས་ཀྱི་ཆོལ་ཁའི་ཁོངས་གཏོགས་ཀྱི་གསར་ཚར་རྣམས་ཀྱི་ནང་དུ། བོད་སྐད་ཀྱི་ཐོག་ནས་གཏམ་བཤད་སྤེལ་མཁས་ལ། ད་ལྟའི་བློ་བཟང་སེང་གེ་ནང་བཞིན་པའི་བོད་སྐད་སྒྲ་དག་སྒྲོས་གཙང་། ཨམ་སྐད་ཡོད་ཀི་མེད་དང་༼ཡོད་རེད་མེད་རེད༽མ་འདྲེས། ཁམས་སྐད་བོ་མོ་དོང་པོ་༼བུ་མོ། དང་པོ༽ དང་མ་འདྲེས། དབུས་སྐད་བང་རྒོག་སྤེའུ་༼བྲང་རྒོག྄་སྤྲེལའུ༽དང་མ་འདྲེས་པ་བཀྱོན་མཁན་མཇལ་མ་སོང་།
གལ་སྲིད་བློ་བཟང་སེང་གེ་བོད་ཡིག་འབྲི་བ་ལ་དཀའ་ངལ་ཞིག་ཡོད་པའི་དབང་དུ་གཏོང་ན། ཁོང་སྲིད་སྐྱོངས་ཤིག་ཡིན་པས་དྲུངས་ཡིག་དུ་ཙམ་དགོས་ན་ཡོད་ཡོད་མ་རེད།
ཞིབ་ཏུ་བསམ་སྐབས་ཤར་ཕྱོགས་ཁུག་རྟས་དངོས་སུ་སྲིད་སྐྱོངས་ལ་རྐྱོན་བརྗོད་པའི་ཟོལ་དུ་སྣང་ནའང་དོན་དུ་ཁྱད་དུ་འཕགས་པའི་བསྟོད་བསྔགས་སུ་སོང་འདུག། རྒྱུ་མཚན་ནི། བོད་ཀྱི་སྐད་ཡིག་ཞན་པའི་རྐྱོན་ཙམ་ལས་གཞན་གྱི་རྐྱོན་ནི་ཐད་ཀར་ལོངས་པའི་དགྲ་བོས་ཀྱང་མ་དམིགས་པར་དོན་གྱིས་བརྗོད་ཀྱིན་འདུག་པས་ཡིན། བོད་ཀྱི་སྐད་ཡིག་ཞན་པོར་འདུག་དང་མི་འདུག་བོད་པ་གཙང་མ་ཞིག་ཡིན་ནས་ཁོང་གི་གསུངས་བཤད་ལ་གསན་པ་ཙམ་གྱིས་ཤེས་རྟོགས་ཐུབ། ཁྱེད་ཀྱིས་བློ་སེང་ལ་རྒྱུས་མངའ་ཡོད་མདོག། དེས་ཡིད་སྐྱོ་མདོག ཞེ་ཕམ་མདོག་གིས་དངོས་སུམ་གྱིས་མཐོང་བཞིན་པར་བསྙོན་གདིང་བས་ནི། སྨྱོན་པ་དང་གཉིས་སུ་མེད་དོ།
ནང་འཁྲུག་གི་སྐོར་ལ་ད་སྔར་སྐད་ཆ་གང་ཡང་བཤད་མེད་མོད། དྲང་མོར་བཤད་ན་ད་ནི་མཚམས་བཞག་ན་ཡག་ཤོས་རེད། གང་ཟག་སུ་འདྲ་ཞིག་ཡིན་ཀྱང་སྤྱི་སྒེར་གྱི་དབྱེ་བ་ངོས་འཛིན་ཐོབ་རྒྱུ་གལ་ཆེ་བ་དང་། ལྷག་པར་སྨྱུག་གུ་འཛིན་པའི་རྩོམ་པ་པོ་དང་། རྐུབ་སྟེགས་སྟེང་གི་སྲིད་སྐྱོང་བ་ཚོས་སྒེར་ལས་སྤྱི་བ་གལ་ཆེ་བའི་ངོས་འཛིན་འདི་ལ་ཐུགས་སྣང་དགོས་བར་སེམས།
གང་ཟག་གཉིས་སྒེར་ངོས་ནས་ཕན་ཚུན་ལ་དགའ་མིན་དང་། བློ་ཁ་འགྲིག་མིན་གྱི་གནས་ཚུལ་ཡོང་བཞིན་པ་ནི་སྤྱི་ཚོགས་ཀྱི་རང་གཤིས་ཡིན་ལ། དེ་ཙམ་ལ་ཁ་དཀྲིས་ཏེ་འཁོན་འཛིན་གྱི་ན་ཟུག་གཏོང་རེས་བྱེད་པ་ནི་ཅོལ་ཆུང་གི་བྱ་སྤྱོད་ཙམ་ལས་ངོས་འཛིན་ཐོབ་དཀའ་བ་ཡིན།
༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཕུལ་བའི་ལོ་རྒྱུས་ཀྱི་ཀྱོག་མཚམས་དང་། བོད་ནང་ཉིན་ལྟར་ཛ་དྲག་གནས་བབ། རྒྱ་གཞུང་གིས་ཕྱི་ནང་གསང་གསུམ་གྱི་གཡོ་ཁྲམ་དང་གནོན་ཤུགས། བོད་རྒྱ་གཉིས་ཀྱི་ཚ་ཚ་འུར་འུར་གྱི་འཐབ་རྩོད་སྐབས་མདུང་ཁ་ནང་ལ་བསྐོར་ཏེ་གཟའ་འཁོན་དམར་འཛིངས་བྱེད་པ་ནི་དཔའ་བོའི་བྱས་རྗེས་དང་། མཁས་པའི་མཁས་རྟགས། བཟང་པོའི་སྐད་གྲགས་འཇོག་སྟངས་སོགས་ལས་ལྡོག་སྟེ་དགྲ་དགའ་གཉེན་སྡུག་གི་ལས་དོན་ལས་མ་འདས།
མ་བུ་མོའི་ཁོག་ཏུ་བུ་ཤོང་ན། སྐྱེས་ཕོ་རབས་ཁོག་པར་ཚིག་ཤོང་དགོས་པས་རང་ཉིད་སྐྱེས་པ་ཕོ་ཞིག་ཡིན་པས་ལ་རྒྱ་བརྟན་བཟུང་དང་། མི་རིགས་ཤིག་ཆག་འཇིག་གི་སྐྱོ་གར་སྐབས་སུ་ཕྱི་ལ་བསྐོར་ལ་ཞ་ཉེ་མགོ་དང་། ནང་ལ་བསྐོར་ན་ཁྲོ་ལོག་མགོ་བྱས་ཚེ་སྐྱེས་པ་ཕོ་ཡི་གཟི་བརྗིད་སྟོན་མ་ཐུབ་པ་ཡིན་པས། བསམ་བློ་ནང་དུ་གཏད། འགྲམ་པ་ལག་པས་སྐྱོར་ཏེ་འདང་ཞིག་རྒྱོབ་དང་། གཞིས་ལུས་དཔའ་རྒོད་གཅིག་མཆོངས་གཉིས་མཆོངས་ཀྱིས་མེ་ལྕེ་དང་ཐལ་རྡུལ་དུ་གྱུར་ཉིན་ཡང་། ཕྱི་ཕྱོགས་ནས་ཁ་ཕོར་གྱི་རིན་ཐང་བརྩད་ནས་བསྡད་ན་ལས་རྒྱུ་འབྲས་སུ་ཁས་འཆེ་བའི་དམ་ཚིག་ཅིག་གང་ན་ལྷག་ཡོད།
དོན་དངོས་ཀྱི་དཔའ་རྒོད་དང་ལ་རྒྱ་ངོམ་འདོད་ན་དུས་དང་སྐབས་སུ་བབ་པའི་མི་རིགས་ཤིག་གི་འཐབ་རྩོད་ཀྱིས་བུ་རྒོད་ཚོར་སྡིངས་ཆ་ཆ་ཚང་བསྐྲུན་ཡོད་པས་རྩོད་དང་། རྒྱུག་དང་། སྟོན་དང་། རྒྱུག་སའི་ཐང་ཡོད་ལ། འཐབ་སའི་དགྲ་ཡོད། རྩོད་སའི་གཉའ་གནོན་ཡོད། སྟོན་སའི་འཛམ་གླིང་གི་མིག་སྒོ་ཕྱེས་ཡོད་པ་ཀུན་གསལ་མེ་ལོང་ལྟ་བུ་རེད་ལགས།
ཐ་མའི་རེ་སྐུལ་ནི། བུ་རྒོད་ཚོ། གཅིག་སྒྲིལ་བྱོས། དགོས་མེད་དང་ཆོ་མེད་ལ་མགོ་མ་འཁོར།
གལ་སྲིད་ཕོག་ན་དགོངས་འགལ་རྩ་ནས་མེད་པར་ཞུ། སེམས་གཏིང་གི་ཚོར་བ་དང་འབྲེལ་བའི་བསམ་ཚུལ་ཙམ་ཡིན། བོད་རྒྱལ་ལོ།
ཤར་ཁུག་གམ་བློ་ཆོས་འདིས་རྟག་པར་ག་རེ་ལབ་ཀྱི་ཡོད་རེད་ད། རྟག་པར་བཀའ་ཁྲིའི་བོད་ཡིག་ཤེས་ཀྱི་མི་འདུག་ལབ་ནས་དྲ་ནང་ཀུན་ལ་མ་འབེབས་དང་ཆེད་གསོད། སྒྲོ་བཏགས་སོགས་བྱེད་ཡག་འདི་དག་དངོས་གནས་བསམ་ཡོད་བོད་མི་ཞིག་ཡིན་ན་སྙིང་རླུང་ལྡང་ཡག་གི་སྐད་ཆ་ཤ་སྟག་མ་རེད་པས། བཀའ་ཁྲིའི་བོད་དབྱིན་ཧིན་བལ་སྐད་ཡིག་གཞན་ལ་རེ་ལྟོས་བྱེད་མི་དགོས་པར་འཛམ་གླིང་ཀུན་ནང་བོད་ཀྱི་སྲིད་བློན་གྱི་སྒྲ་ལས་གཡུ་འབྲུག་སྐད་ལྟར་གྲགས་བཞིན་པ་ཀུན་གྱིས་མཁྱེན་གྱི་ཡོད་པ་མ་ཟད་ཤར་ཁུག་གིས་ཀྱང་ཧ་གོ་གིན་ཡོད། བཀའ་ཁྲིའི་ལས་དོན་གང་ལ་གཞོམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་སྲིད་ན་ལྷམ་བཞིན་ཤར་ནུབ་མི་རིགས་ཡོངས་ཀྱི་མི་སྔར་བོད་དོན་གླེང་མོལ་གྱི་ལས་ལ་བྲེལ་བཞིན་མི་རིགས་སྤྱིའི་མིག་སྔར་དང་རྣ་བར་ལྷམ་བཞིན་པའི་སྒང་རེད། བཀའ་ཁྲིའི་མཁྱེན་རླབས་ལྟ་བུར་ཐེའུ་རང་ཁུག་རྟའམ་དམ་ཉམས་བློ་ཆོས་ཀྱི་སྐྱེ་བ་འདི་དང་ཚེ་རབས་གང་ལའང་འབད་རྩོད་ཁྲག་རྔུལ་གྱི་འགྲོ་སོང་བཏང་སྟེ་བགྲང་ཡས་གངྒར་གཞལ་ཀྱང་བ་སྤུའི་ཆ་ཤས་གཅིག་ཀྱང་གཞལ་ཐུབ་འདོག་མ་རེད། ཁོང་ལྟ་བུའི་གངས་ཅན་གྱི་ཕོ་རྒོད་ཤིག་ནི་རང་དབང་རྩོད་ལེན་དང་། ཆམ་མཐུན་སྤྱི་ཚོགས། མང་གཙོ་བཙོད་གནས་གང་ལའང་མིག་མ་ཞར་པའི་ཕོ་རྒོད་ཁོང་ལ། གོང་ས་མཆོག་གི་གཙོས་སྤྱི་དམངས་ཡོངས་ཀྱིས་ཁོང་ཉིད་ལ་ཤེས་འཇོན་གཉིས་ལྡན་ཞིག་ཏུ་རྩི་བཞིན་ཡོད་ལ། རང་དབང་འཐབ་རྩོད་གང་ཐད་ལ་དཔའ་གདེངས་ཀྱིས་རེ་བ་དང་ཡིད་ཆེས་སོགས་རྒྱག་བཞིན་ཡོད།
འོན་ཀྱང་སྟབས་མ་ལེགས་པ་ཤིག་ལ། རྟ་བདུན་དབང་པོའི་ལང་ཚོ་ངོམ་པའི་ཚེ། །གོ་སེར་ཅན་རྣམས་དབེན་ལ་གབ་པ་བཞིན། །གསུང་པ་ལྟར། མི་ངན་བློ་ཆོས་སེམས་ལ་བཀའ་ཁྲིའི་སྤྱི་བྱེའི་ཕྱག་ལས་ཀུན་ལ་གེགས་རྐྱེན་བཟོ་ཡག་དང་གནོད་སྐྱེལ་གང་ཐུབ་བྱེད་ཡག་གི་རིགས་འདི་དག་ནི་ཧང་སང་དགོས་པའི་ཉེས་ཚབ་ཤིག་ཡིན་པ་མ་ཟད། ཁོ་པར་བྱུར་ངན་དང་ལྟས་ངན་པའི་རང་བཞིན། རྒྱལ་འགོན་དང་སྲེ་རག དམ་སྲེ་རྒྱ་དམར་གྱི་གདོང་ཟླ་ཞིག་ཏུ་རང་བཞིན་འགྱུར་འགྲོ་གིན་ཡོད་རུང་། ད་དུང་རང་ཉིད་རང་གིས་དཔའ་བཀོང་བཞིན་མ་ཡིན་ཡིན་འདོག་གིས་སྐད་ཆ་འདི་ཚོ་ཁྲིམས་ལྡན་རྒྱལ་ཁབ་ཤིག་ཡིན་ན་སྲོག་ཐོག་གཏོང་ཡག་གི་གདམ་ཀ་ལས་གང་ཡང་ལྷག་མེད། མ་གཏོགས་དེང་སྐབས་བོད་མི་རིགས་འདི་ཉིད་གོ་ཆག་དང་འཇིགས་དངངས་ཀྱི་འོག་ཏུ་འཚོ་བཞིན་ཡོད་ཀྱང་མི་རིགས་ཀྱི་ལ་རྒྱ་དང་བོད་མིའི་བདེན་མཐའི་ཆེད་དུ་ཐ་ན་རང་གི་ཚེ་སྲོག་ལ་ཡང་བློས་གཏོང་བྱེད་མཁན་གྱི་དཔའ་བོ་ཉིན་ལྟར་ཧ་ལམ་འབྱུང་བཞིན་པ་དང་ཆིག་སྒྲིག་དང་བདེན་པའི་ངར་སྐད་ཕྱོགས་ཀུན་ནས་སྒྲགས་བཞིན་པའི་ནང་ལ། ཁུག་རྟའི་རང་རིགས་ལ་རྒྱབ་ལྟོས་བྱེད་ཡག་འདི་ནི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་དང་ཁོང་ཉིད་ཀྱི་ནག་ཉེས་དེ་ནམ་ཡང་དག་ཐབས་མེད་པའི་བྱ་ངན་ཞིག་རེད།
ཁ་མ་ཡོ་མིག་མ་ལོང་པའི་བོད་མི་ཡོངས་ཀྱིས་འོས་བསྡུས་ལམ་ནས་དྲང་པའི་བཀའ་ཁྲི་མཆོག་ལ། ཁུག་རྟས་ཚད་མེད་པའི་བགག་རྒྱག་དང་། མ་འབེབས་སོགས་དུས་ཀུན་བྱེད་ཡག་འདི་ག་རེ་བྱེད་ནས་དྲན་པ་རེད་རྣམ་པ་ཚོས་ཅིག་སོམས་དང་།
ངའི་ལྟས་ན་གལ་ཏེ་སྟབས་ལེགས་ལྟས་དབང་གིས་ཤར་ཁུག་བཀའ་ཁྲིའི་ཕྱག་ལས་ལྟ་བུའི་གོ་སྐབས་ཤིག་ཤར་དུ་སྲིད་དེ། ཐ་ན་ཕྱི་ཡི་གསར་འགོད་པ་ཞིག་གིས་ཁོད་པར་ཚ་འདྲི་ཞིག་བྱས་ན། དང་པོ་བློ་ཆོས་ཀྱི་ཁ་འདར། དེ་ནས་སྣ་འཕག དེ་ནས་སྐད་ལྡེབ། དེ་ནས་མིག་གྱེན་དུ་ལྡོག དེ་ནས་སྐྲ་གཟེངས། དེ་ནས་རྔུལ་ནག་རྒྱག དེ་ནས་ཧ་ལམ་དྲན་པ་རྒྱལ་འགྲོ་གིན་རེད། སྐབས་དེ་དུས་ངའི་བོད་ཡིག་ཤེས་ཀྱི་ཡོད་ལབ་ས་རག་གི་མ་རེད་ལ། ངའི་སྙན་ངག་ཤེས་ཀྱི་ཡོད་ལབ་ས་རག་གི་མ་རེད། ད་དུང་ངའི་དུས་གསུམ་ཕྲད་རྣམ་དབྱེ་དང་བཅས་པའི་བོད་ཡིག་ཤེས་ཀྱི་ཡོད་ཀྱང་ལབ་ས་རག་གི་མ་རེད། ང་བློ་བཟང་ཆོས་འབྱོར་ཡིན་དེ་བས་ཀྱང་ལབ་ས་རག་གི་མ་རེད། དེ་ལྟ་བུའི་དུས་སྐབས་ཤིག་ཤར་དུ་སྲིད་ན། གཟོད་ནས་བོད་མི་རིགས་ཀྱི་བསོད་ནམས་ཀྱང་ལྡབ་ཁ་ཤས་ཀྱིས་མར་ཆག་འགྲོ་རྒྱུ་ལས་ནམ་ཡང་རང་དབང་གི་གོ་སྐབས་ནི་འགག་ཚར་བ་རེད། ད་དུང་བསམ་གཞིགས་དང་ངོ་ཚ་མེད་པའི་ལས་ཀ་འདི་དག་ཁོ་པའི་སྦད་དེ་མ་སྤང་ན་བོད་བཞུགས་སྤུན་ཟླའི་སེམས་ལ་ཕོག་ཐུག་གིས་ནམ་ཡང་ཁོ་པར་ཕོ་རབ་ཤིག་རྩི་རྒྱུ་མ་རེད་ལ། དེ་འབྲེལ་ནམ་ཡང་བདེ་སྐྱིད་ཀྱི་ཉི་མ་ཞིག་དེ་བས་ཤར་འདོག་ཀྱང་མ་རེད། དེ་ལུགས་བློ་ཆོས་ཀྱི་བྱ་ར་ཞིག་བྱོས་དང་།
བཀའ་ཁྲི་དང་གདན་ས་དགོན་པའི་སྐོར་ལ་གླེང་གཞི་ཇེ་མང་རེད། །རྩོམ་པ་པོ་དག་གི་སྨྱུག་ཁ་བོད་ནང་དུ་བསྐོར་ནས་བོད་ནང་གི་བདེ་སྡུག་སྐོར་བརྗོད་རྒྱུ་ཡོད་ན་དངོས་གནས་ལྟ་འདོད་འདུག་ལ། དེ་མིན་ཉི་མ་འཁྱོལ་ཐབས་དང་ཟ་ལེ་རྒྱལ་དག་གི་སྒྲུང་ལའང་ཉན་འདོད་འདུག །ཞེ་འཁོན་དང་རྙོག་གཏམ་རིགས་ལ་ཁྱོན་ནས་དགའ་བོ་མེད།
དགོན་པ་མེད་ན་རིག་གཞུང་མེད།།
རིག་གཞུང་མེད་ན་སྐད་ཡིག་མེད།།
སྐད་ཡིག་མེད་ན་བོད་དོན་མེད།།
བོད་ལ་ཤ་ཚས་སྙིང་ཉེ་ན།།
དགོན་པའི་བཀའ་དྲིན་ཤེས་བར་མཛོད།།
བོད་ཡིག་སློབ་ཚན་གཙོ་བོ་ཡིན།།
སྡེ་སྣོད་གསུམ་ལ་སྦྱང་གི་ཡོད།།
སུམ་རྟགས་དག་གསུམ་ཁྲིད་ཀྱི་ཡོད།།
བོད་སྐད་དག་མ་སློབ་གི་ཡོད།།
དགོན་པའི་བཀའ་དྲིན་ཤེས་བར་མཛོད།།
རྒྱལ་རབས་ཆོས་འབྱུང་སློབ་གི་ཡོད།།
བོད་ཀྱི་བདེ་སྡུག་གླེང་གི་ཡོད།།
འཚེ་མེད་ལྟ་སྤྱོད་སློབ་གི་ཡོད།།
ཞི་བདེའི་ལམ་བཟང་སྐྲུན་བཞིན་ཡོད།།
དགོན་པའི་བཀའ་དྲིན་ཤེས་བར་མཛོད།།
ལུས་སྲོག་མཆོད་མེར་འབུལ་བཞིན་ཡོད།།
རྒྱལ་བའི་ཞབས་བརྟན་སྒྲུབ་བཞིན་ཡོད།།
གཉན་འཕྲང་ཅན་གྱི་དུས་སྐབས་འདིར།།
བོད་ལ་འདི་ལས་ལྷག་མེད་པས།།
དགོན་པའི་བཀའ་དྲིན་ཤེས་བར་མཛོད།།
སྤྱིར་ན་མ་གྱུར་སེམས་ཅན་དང་།།
ཡང་སྒོས་ཁ་བ་ཅན་གྱི་མི།།
སྐྱོབ་པའི་སྙིང་སྟོབས་དགེ་འདུན་སྡེ།།
མུན་པ་སེལ་བའི་སྒྲོན་མེ་ཡིན།།
དགོན་པའི་བཀའ་དྲིན་ཤེས་བར་མཛོད།།
རྒྱལ་བ་པཎ་ཆེན་རྣམ་གཉིས་དང་།།
བོད་ཀྱི་མཁས་དབང་ཕལ་ཆེ་བས།།
ཀ་ཁ་ག་ང་བསླབས་ནས་ནི།།
འཛམ་གླིང་ཡོངས་སུ་སྐད་གྲགས་བཞག།
དགོན་པའི་བཀའ་དྲིན་ཤེས་བར་མཛོད།།
དགོན་པའི་བཀའ་དྲིན་ཞེས་པ་འདི་སྤྱི་ལོ་༢༠༡༡་ཟླ་བ་༡༢་ཚེས་༡་ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསུང་ཆོས་ཞུ་བར་བསྐྱོད་སྐབས་ལམ་བར་དུ་འཐོལ་བྱུང་དུ་བྲིས།
རེད་པས།
འདི་ན་རྩོམ་ཡིག་རིང་པོ་རིང་པོ་དང་། རྙོག་དྲ་མང་པོ་མང་པོ་བཤད་ཀྱི་འདུག འོན་ཀྱང་བཤད་སྟངས་ཙམ་ལས་ཡང་སྙིང་བཀའ་ཁྲིས་བོད་ཡིག་ཤེས་ཀྱི་མི་འདུག་ཟེར་གྱི་འདུག འདི་ནི་བདེན་པ་རེད། བཀའ་ཁྲིས་བོད་ཡིག་མི་ཤེས་པ་བདེན་པ་རེད། བྱས་ཙང་མི་ཤེས་པ་ལ་ཤེས་ཀྱི་མི་འདུག་ལབ་པ་ཙམ་ལ་ཉེས་པ་ཅང་ཡོད་ན། འོ་ན་བཀའ་ཁྲི་བོད་ཡིག་ལ་མཁས་པའི་དབང་པོ་རེད་ལབ་ན་ཆོ་འདུག་གམ། མི་ཤེས་པ་ལ་ཤེས་ཀྱི་མི་འདུག་ལབ་མི་ཆོག་པའི་ཁྲིམས་དེ་བློ་བཟང་སེང་གེས་ཨ་རིར་ཧ་ཝ་ཏྲིའི་སློབ་གྲྭ་ནས་སྦྱངས་པའི་ཁྲིམས་ཤིག་མིན་འགྲོ།
འོ་ན། བཀའ་ཁྲིས་བོད་ཡིག་མི་ཤེས་པ་ང་ཚོས་སྦེད་གསང་བྱས་ན་ཁོང་ལ་རྒྱབ་སྐྱོར་རེད་དམ། དེས་བོད་ཀྱི་རྩ་དོན་ལ་ག་རེ་ཕན་གྱི་ཡོད་པ་རེད་དམ།
ད་ནི་བློ་བཟང་སེང་གེས་བོད་ཡིག་ཤེས་ཀྱི་མི་འདུག་ལབ་མཁན་ཚོར་སྲོག་ཆད་ཕོག་རྒྱུ་ཡིན་ས་རེད། འདི་ནི་རྒྱལ་བོ་གླིང་དར་མའི་མགོ་ན་རྭ་ཡོད་པ། མི་གཞན་པ་ལ་མ་ཤེས་པ་བྱེད་ཆེད་ཁོང་གི་རྭ་མཐོང་མཁན་ཚོ་དམར་གསོད་བཏང་བའི་བྱིས་སྒྲུང་སྙན་པོ་དེ་དང་འདྲ་སེ་ཆགས་ས་རེད།
བཙན་བྱོལ་ནང་བོད་སྐད་དག་པོ་བཤད་མཁན་གཞུང་ཞབས་ལས་བྱེད་བཀའ་ཁྲི་བློ་བཟང་སེངྒེ་ལས་ལྷག་ཞིག་ད་སྔོན་མཇལ་མ་བྱུང་། མ་དགའ་མཁན་དག་གིས་གང་བཤད་བཤད་རེད། དྲ་རྒྱ་ནང་བཤད་པ་ནང་བཞིན་དོན་ལ་གནས་ན་མ་འོང་བོད་ལ་བཀའ་བློན་ཁྲི་པ་བརྒྱ་ལྷག་ཡོང་ངེས་འདུག དོན་དངོས་ལ་བསམ་ན་སྤྱི་དོན་སྒྲུབ་རྒྱུ་སྨོས་ཅི། རང་གི་ལྟོ་གོས་རྩམ་ཡང་སྒྲུབ་མ་ནུས་ནས་རྡ་ས་དང་རྡི་ལི་སོགས་སུ་ཁྱི་རྐུན་ནང་བཞིན་བྱས་ནས་བདག་མེད་གསང་ལམ་དག་ཏུ་རྒྱུགས་བཞིན་གཞན་ལ་སྐྱོན་བརྗོད་ཚད་མེད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག་པས་མཁྱེན་ལྡན་རྣམས་ཀྱིས་བློ་བཟུར་བོར་གནས་པའི་ངང་ནས་གཟིགས་པར་ཞུ།
ཁ་བའི་བུ་འམ་ཁུག་རྟ་དོན་གཅིག་རེད།
ཕ་སྐད་གཙང་མ་དུར་སའི་གཡང་དུ་ལྷུང་བའི་གཅོང་རོང་ནས།
ཕ་མའི་ཕ་མ་པཎ་ཆེན་བླ་མ་དྲན་པའི་སྨྲེ་ངག་ཤོར།
ཕ་མ་བཞུགས་དུས་མ་བཀུར་ཕྱིས་ནས་འགྱོད་ཀྱང་ཅི་ལ་ཕན།
ཕ་རོ་ཟ་རྒྱུ་དེ་ཚོའི་གྲས་ལ་ཡིད་ཆེས་ཁྱོན་ནས་མེད།
ཐན་བྱ་ལ་པཎ་ཆེན་རིན་པོ་ཆེ་དྲན་པའི་གཤིས་ཀ་མེད། པཎ་ཆེན་བཅུ་བ་བལ་ཡུལ་ཕེབས་དུས་ངོ་ལོག་པ་སྡོམ་མེད་ཨ་ལགས་འཇིགས་མེད་ཟེར་བའི་རྒྱུགས་ཁྱི་གཙོ་གྲས་རེད། བོད་ནང་ཁུལ་དཀྲུགས་རྒྱུ་དེ་རྒྱལ་བ་པཎ་ཆེན་གྱི་དགོངས་གཞི་མིན་པར་ཁྱེད་དང་ཨ་ཇིགས་སོགས་ཀྱིས་སྔ་ཕྱི་ཁྲག་དཀྲུགས་དཀྲུགས་བྱས་ནས་བོད་གངས་ཅན་ལྗོངས་ལ་ལས་ཀ་ཅི་བྱེད་ཡོད་མེད་མི་བསམ་ཤེས་ཚོས་ཤེས་ལེ་རེད་ད།
ཤར་ཕྱོགས་ཁུག་རྟ་ཁྱེད་རང་། དྷ་སའི་ལས་ཁུངས་ནས་ཐོན་པ་དང་གཙུག་ལག་ཁང་གི་སྒོ་ནས་ཁ་ཕྱོགས་རྒྱལ་བ་དོན་གྱི་བདག་པོའི་ཕོ་བྲང་དུ་གཏད་ནས་རང་ཚིག་གང་ཞིག་བོར་བ་མི་དྲན་པར་འདུག
སྐད་ཆ་ཆུང་ཆུང་འདི་འདྲ་ཞིག་མཐོ་༸གོང་ས་མཆོག་དང་། རིང་གཞིས་བཞུགས་བོད་མི། བར་མང་མོས་བསྐོས་པའི་རང་གི་སྲིད་སྐྱོང་ལའང་བརྩིས་མེད་རང་རྒྱལ་ལྐུགས་པའི་ཨུ་ཚུགས་འདི་ལ་ཞེ་མེར་ལང་གིན་འདུག་ད།
སྤྱི་ཟེར་བར་བསམ་བློ་ཐོངས། ད་འགྲིག་ཐག་རེད། དྲ་གྲོགས་རྣམས་དང་།
སྤྱི་འཐུས་སྨོག་རུ་བསྟན་པའི་སྐད་ཆར་ལྟོས་དང་། མ་བུ་མོའི་ཁོག་ཏུ་བུ་ཤོང་ན། སྐྱེས་ཕོ་རབས་ཁོག་པར་ཚིག་ཤོང་དགོས། བསམ་བློ་ནང་དུ་གཏད། འགྲམ་པ་ལག་པས་སྐྱོར་ཏེ་འདང་ཞིག་རྒྱོབ་དང་། རང་མི་རིགས་ལ་ལ་ཞེན་དང་རུས་ཤིག་ཡོད་ན་ལྟོས་དང་། ལྟ་རན་ནས་འདུག མེད་ན་ཤི།
མཁྱེན་སྤྱན་ཡངས་པའི་ཤར་ཕྱོགས་ཁུག་རྟ་ལགས།
བདག་གིས་ཁ་སྔོན་ནས་ཁྱེད་དང་བཀའ་ཁྲིའི་གནས་རྙོག་དེའི་ཐད་ཁྱེད་ལ་གནས་ལུགས་ཡོད་པའི་བདེན་ཁ་ཕུལ་ཟིན།འོན་ཀྱང་བདག་གི་རེ་བར་ཁྱེད་ཀྱི་ད་ནས་བཟུང་གནས་རྙོག་དེ་བྲེལ་གྱི་རྩོམ་ཡིག་དྲ་ནང་དུ་མ་སྤེལ་རོགས་ཞུ་རྒྱུ་ཡིན།ཅིའི་ཕྱིར་ཟེར་ན།ཕྱོགས་གཉིས་ཀྱི་ལངས་ཕྱོགས་སུ་གནས་པའི་བློ་རྒྱ་ཆུང་བའི་དྲ་འབུ་གང་མང་ཞིག་གིས་དེའི་བར་ནས་དགོས་མེད་ཀྱི་ཚིག་མཚོན་འདེབས་པ་དང་།གནས་རྙོག་འཕར་མ་བཟོ་བ།རྒྱ་མིའི་རྒྱུག་ཁྱི་དང་དོལ་ཚོགས་སྐོར་གྱི་བྲེལ་མེད་གནད་དོན་གླེང་བཞིན་འདུག
ལྷག་པར་གནས་རྙོག་དེ་དོན་པའི་རྗེས་ལ་བཀའ་ཁྲི་སྒེར་གྱི་གནས་ཚུལ་དེས་རྐྱེན་བྱས་ནས་དབུས་བོད་མིའི་སྒྲིག་བཙུགས་སྤྱི་དང་།བཀའ་ཁྲིའི་དབུ་གནས་ཀྱི་ཆེ་མཐོང་ཉམས་དམའ་པོར་གྱུར་ནས་ཁྲིམས་མཐུན་གྱི་བོད་མི་སྒྲིག་བཙུགས་དེ་དང་དབུ་ཁྲིད་དེར་བཀུར་མཁན་ཇི་ཉུང་དུ་སོང་ན།དེ་ནི་ང་ཚོའི་རྩ་དོན་ཐོག་གསབ་པར་དཀའ་བའི་གྱོན་གུན་ཞིག་རེད་སྙམ།
གཞན་ཡང་དེང་སྐབས་བོད་ནང་རྒྱལ་གཅེས་དཔའ་བོ་མང་པོ་ཞིག་སྐུ་ལུས་མཆོད་མེར་བསྒྲོན་པའི་དུས་སྐབས་འདིར་ང་ཚོ་བྱེས་པ་ཚོར་དེ་ལྟའི་སྙིང་སྟོབས་མ་མཆིས་རུང་རྡོག་རྩ་ཆིག་སྒྲིལ་ལ་འབད་རྒྱུ་ནི་མ་མཐའི་འོས་འགན་ཡིན་པས་སྐུ་ཉིད་ཀྱི་དག་སེལ་ཇི་ལྟར་གནང་ཡང་ཕྱོགས་གཉིས་ཀྱི་ཞེན་འཁོག་གདོན་གྱིས་བཟིར་བའི་བློ་ཆུང་ཉུང་ཤས་ལ་རྒྱུ་ཆུང་རྐྱེན་ཆེ་དང་ཕན་མེད་གནོད་གཞིར་འགྱུར་ཉེན་ཆེ།
དེས་ན་སྐུ་ཉིད་ཀྱིས་འཕྲལ་ཕུག་རྒྱང་གསུམ་ལ་གཟིགས་པ་དང་བོད་མིའི་མཐུན་སྒྲིལ་ཆེན་མོར་དགོངས་ཡངས་དཀྱིལ་བཞེས་ཀྱི་གནས་རྙོག་དེ་འབྲེལ་གྱི་རྩོམ་ཡིག་རྣམས་ད་ནས་བཟུང་རྒྱུད་ལམ་གང་རུང་དུ་མ་སྤེལ་བའི་རེ་བ་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ།
ཕ་རོལ་དགྲ་ལ་མ་གཏད་ནང་ལ་བསྐོར།
ཕ་རོ་མ་ཟད་མ་ཡང་ཟ་གིན་འདུག
ཕ་སྐད་ཏོག་ཙམ་ཤེས་རློམ་ཁུགས་རྟའི་རིགས།
ཕ་མཐར་བསྐྲད་དེ་དམིགས་མེད་བཟོས་ན་མི་ལེགས་སམ།
༧སྔོན་ཡུན་རིང་མ་ལོན་པའི་དུས་ཏེ་བློ་སེང་ལ་བཀའ་ཁྲིར་ཐོབ་རྗེས་༧གོང་ས་མཆོག་གིས་རེ་བ་ཆེན་པོས་ཕྱི་རྒྱལ་གྱི་གྲོགས་པོ་སྐོར་ཞིག་ལ་ངོ་སྤྲོད་ཞུས་ཡོད།
སྐབས་དེར་༧གོང་ས་མཆོག་གིས་ཀྱང་ཐབས་མེད་པར་བློ་བཟང་སེང་གེའི་བོད་ཡིག་གི་ཐད་གཞི་ནས་རྒྱུགས་ལེན་གྱི་ཡིན་ཞེས་བཀའ་ཕེབས་ཡོད། འདི་ནི་དོན་དངོས་རེད། ཁོང་གིས་ཕ་སྐད་ཕ་ཡིག་ཙམ་ཏུ་མ་ཟད། བོད་ཀྱི་རྒྱལ་རབས་དང་རིག་གནས། བོད་མིའི་སེམས་ཁམས་བཅས་ལ་རྦད་དེ་ཀླད་གོར་ཡིན་པ་ནི་གསལ་བོ་རེད་འདུག་པས། ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་དེ་དོན་དང་ལྡན་པ་ཞིག་རེད།
སྐད་ཡིག་མེད་ཤུལ་ན་མི་རིགས་ཟེར་བ་ཞིག་གང་ན་ཡོད། དེ་བས་རྩོམ་འདི་བོད་ནང་ལ་འཕྲོད་ཐབས་བྱེད་རྒྱུ་གལ་ཆེན་རེད།
བཀའ་ཁྲི་བློ་སེང་ལ་རྒྱལ་བ་རིན་པོ་ཆེས། བོད་ཡིག་རྒྱུགས་བླང་རྒྱུ་ཡིན་འདའ། ཞེས་གསུངས་པ་ལྟར། བློ་སེང་གིས་མི་མང་མདུན་བོད་ཡིག་རྒྱུགས་འཕྲོད་ཡོད་མ་རེད། དེ་དངོས་ཡོད་གནས་ཚུལ་ཡིན་པ་ཁུག་རྟའི་རྩོམ་ནང་གསལ་པོར་བཀོད་འདུག དེ་ལ་ཁམས་པ་དང་མ་མདོའི་ཕྱོགས་ཞེན་ཟེར་བའི་སྐད་ཆ་ཡོད་མ་རེད། དེ་འདྲའི་ཞེན་འཁོགས་བཟུང་བའི་མི་དེ་གླེན་ལྐུགས་ཞིག་རང་རེད། ད་འོ་ན། ང་ཚོའི་སྨྲ་བརྗོད་རང་དབང་གང་དུ་སོང་། གཅིག་ལ་བཤད་ན། དབུས་གཙང་བའི་རྒྱབ་ཏུ་ལངས། གཅིག་ལ་བཤད་ན། ཁམས་པས་རྒྱབ་ཏུ་ལངས། གཅིག་ལ་བཤད་ན། ཨ་མདོས་རྒྱབ་ཏུ་ལངས། དེ་ནི་ངས་མཆན་འདེབས་པ་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་ལ་དམིགས་ནས་བཤད་པ་ལས་། རྒྱ་ཆེའི་མི་མང་ལ་ནམ་ཡང་ངས་གུས་བཀུར་དང་ཡིད་ཆེས་ཞུ།
ཤར་ཕྱོགས་ཁུག་རྟ་ལགས། ཁྱོད་ཀྱིས་ད་དུང་བཙན་བྱོལ་བོད་མིའི་གཤིས་ཀ་དང་འགྲོ་སྟངས་མ་ཤེས་པ་ལ་ང་ངོ་མ་བློ་ཕམ་ཡོད། ཚང་མས་ཁ་ནས་རྒྱལ་བ་རིན་པོ་ཆེ་སྐྱབས་སུ་མཆི། ཁོང་གི་བཀའ་བསྒྲུབ་དགོས་རེད་ད། ང་ཚོའི་ཡ་རབས་དྲང་བདེན་ཟེར་རྒྱུ་རེད། འོན་ཀྱང་དེ་ནི་ཁ་ཙམ་རེད། དོན་ལ་ང་ཚོར་དྲང་བདེན་དང་། སྐད་ཆ་དྲང་མོ་ཟེར་བ་ཞིག་འགྲོ་ས་མེད་པ་རེད།
དེ་ལས་མཐོ་སར་སྤྲེལ་ལད་འཁྲབས། དམན་པར་མཐོང་ཆུང་ཅུང་ཟད་བྱེད་དགོས་ཡོད་རེད། བོད་སྐད་ཧ་ཅང་མ་བཤད་ན་བཟང། དེའི་ཚབ་ལ་དབྱིན་སྐད་ཁྱག་གེ་ཁྱོག་གེ་ཤོད་ལ། དེའི་ཞོར་ལ་མཐོ་ས་ཁོ་ནར་སྤྲེལ་ལད་འཁྲོམས་ཤིག་དང་། དེ་དུས་བཙན་བྱོལ་ནང་ཁྱོད་ལ་རླུང་རྟ་དར་ངེས་རེད། ད་ནས་དེ་ལྟར་གནོངས་ཤིག་ཁུག་རྟ་ལགས།
ཨོ་ད་དེ་འདྲ་རེད། དེ་ཡིན་དུས། ཤར་ཁུག་ལགས་ད་ནས་དྲང་བདེན་གྱི་ལམ་ལ་མ་འགྲོའོ། །
མཆན་ཤིན་ཏུ་མང་པོ་འདུག འོན་ཀྱང་ཁུག་རྟའི་རྩོམ་གཞི་དང་དེ་ཙམ་འབྲེལ་བ་མེད་པར། སྒྲོ་བཏགས་ཁོ་ནས་ངན་པའི་རྒྱབ་ཏུ་ངན་པ་ལང་བཞིན་རྣམ་དཔྱོད་མཁའ་ལ་རྒྱུ་སྐར་ལྟར་བཀྲ་བའི་ཤར་ཁུག་གི་སྨྱུག་ཁར་སྒོ་ལྕགས་རྒྱབ་རྩིས་རང་བྱེད་པ་ཤིན་ཏུ་ཐ་ཤལ་ཁོར་ནར་བསམ་ཡོད།
པཎ་ཆེན་བླ་མའི་བཀའ་སློབ་རིན་ཆེན་དང་མ་འཕྲད་ཅིང་།
གངས་ཅན་བོད་པའི་ཡ་རབས་གོམས་གཤིས་བཟང་པོ་དེ་མ་འཇགས་པའི།
ཕྱི་ཡི་ཤེས་བྱ་ནང་གི་ནོར་བུར་འགྲན་པའི་ཀླད་མེད་རྐྱལ་སྟོང་ཚོགས།
བདེན་བརྫུན་དབྱེ་འབྱེད་སྨྲ་བརྗོད་རང་དབང་དབེན་ན་རྒྱ་ལས་སྡུག
བཀའ་ཁྲིས་བོད་ཡིག་ཤེས་ཀྱི་མི་འདུག་ཞེས་པ་ནི་བདེན་པ་གཏན་ནས་མ་རེད། ཁོང་གིས་བོད་ཡིག་ཀྱི་ལམ་ནས་རྩོམ་ཡིག་སྤེལ་ཡོད་པ་ཡང་དྲ་རྒྱ་ཉུལ་མཁན་ཞིག་ཡིན་ན་ཤེས་གསལ་རེད། བོད་ཡིག་ཀློག་སྐབས་ཐག་ཐོག་ཅུང་ཟད་ཡོད་པ་བདེན་ན་ཡང་དེ་འདྲ་ནི་གདན་སའི་དགེ་བཤེས་ཚོ་ལ་ཡང་ཡོད། མ་གཞི་ནས་བཙན་བྱོལ་བའི་བོད་ཡིག་སློབ་གྲྭ་ཁ་ཤས་ཡོད་པ་ཕུད་སློབ་གྲྭ་ཐོན་མཁན་ཁྲོད་བཀའ་ཁྲིའི་བོད་ཡིག་ལས་ལྷག་ཙམ་ཤེས་མཁན་སུ་ཞིག་གཏོན་རྒྱུ་ཡོད། བཙན་བྱོལ་བའི་སློབ་གྲྭ་ཐོན་མཁན་ཚོས་བོད་ཡིག་གི་བསྐུར་ཡིག་ཙམ་ཡང་འདྲི་མི་ཤེས་པ་ཡོང་གྲགས་རེད། ད་དུང་བཀའ་ཁྲིའི་བོད་ཡིག་གནས་ཚད་ལ་སྐྱོན་བརྗོད་བྱེད་རྒྱུ་ཞིག་ལྷག་འདུག་གམ། ད་ནི་ངོ་མ་གཞི་མེད་སྐྱོན་བརྗོད་མཁན་ཚོས་ཚོད་གཟུང་ན་ལེགས།
ཁ་བའི་མིང་གི་འོག་ཏུ་ཞ་བའི་བློ་ཆོས་ལགས། གོང་རྩོམ་དེ་དག་ཚང་མ་བྱིའུ་ཤར་ཁུག་དང་འབྲེལ་བ་ཤ་སྟག་ལས་དོན་མེད་ཅང་སྨྲ་ཨི་སྲིད་སོམས་དང་། སེར་མོ་རྣམས་ཀྱིས་འབྱུང་པོ་ཕྱི་རུ་འདོན་དུས་རྔ་རྡུང་དྲིལ་བཀྲོལ་དང་དྲག་སྔགས་ཀྱི་བདེན་པ་བདར་བ་མ་ཤེས་སམ།
ཚོང་པ་རྒྱག་པ་བོད་ལ་དུང་ཞེན་རང་ཆེ་ནས།
ལུང་དང་ལུང་ཁུག་ཀུན་ལ་བོད་ཡིག་གི་སློབ་གྲ།
མེད་ནས་ཡོད་པར་གྱུར་པའི་བཀའ་དྲིན་ལ་བསམ་ན།
སེམས་ཁོང་རུས་པའི་གཏིང་ནས་མིག་ཆུ་རེ་ཤོར་སོང་།
ཡོད་ན་ཡོད་པས་མི་འགྲིག་འོད་མཚན་གྱི་མགོན་པོ།
མེད་ན་སེམས་ནས་དྲན་པའི་འོད་མཚན་གྱི་མགོན་པོ།
ཀླད་མེད་པུར་རྒྱལ་བོད་མིའི་བྱ་སྤྱོད་ལ་བསམ་ན།
མགོན་ཁྱེད་བདེ་ལྡན་ཞིང་དུ་རྟག་ཏུ་རང་ཞུགས་རོགས།
ཡང་སྤྲུལ་ལག་པར་ཡོད་དུས་ལག་པ་ནས་སྐྱུར་སོང་།
ཡང་སྤྲུལ་ལག་པར་མེད་དུས་ལག་པ་ཡི་སྨྲེ་དངགས།
ཕྱི་ནང་མི་མཚུངས་སྙིགས་ལྔའི་འགྲོ་བ་་ཡི་གཤིས་ལ།
མགོན་ཁྱོད་ཐུགས་བརྩེའི་དབྱིངས་ནས་བཟོད་པར་རང་གསོལ་ལོ།