ཁྲན་ཝན་ཅཱན་གྱིས་བརྩམས།
ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར།
བོད་རང་དབང་གི་སླད་དུ། ཟླ་ཤས་རིང་བསྟུད་མར་བོད་ཀྱི་གྲྭ་བཙུན་༡༡དྲག་ཏུ་འབར་བའི་མེ་དཔུང་ཟླུམ་པོ་རེ་རེའི་གཟུགས་སུ་སྤྲུལ་བ་རེད། ཁོང་ཚོས་རང་ལུས་མེར་བསྲེག་གི་སྔོན་དུ་ “ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་དགོས།”“བོད་ལ་རང་དབང་དགོས”སོགས་ཀྱི་འབོད་ཚིག་བསྒྲགས། ཚེ་སྲོག་རེ་རེ་བཞིན་མེ་དཔུང་དྲག་པོའི་ལྷུམས་ནས་དུས་གཏན་དུ་ཡལ་སྐབས། ཁོང་ཚོས་འཛམ་གླིང་ལ་གཟས་ཏེ་དོན་དམ་གྱི་བརྡ་འཕྲིན་འདི་འདྲ་ཞིག་བསྐྱལ་ཡོང་བ་སྟེ། བོད་ཁ་བ་གངས་ཅན་པའི་ལྗོངས་འདི་ནི། མི་རབས་ནས་མི་རབས་བར་ལྷ་དང་བླ་མར་དད་ཅིང་བྱམས་སེམས་ལྡན་པའི་མི་རིགས་ཤིག་ཡིན་ནའང་། ད་ནི་རྒྱ་དམར་པོའི་དབང་བསྒྱུར་ལ་བཟོད་བསྲན་བྲལ་བའི་ཚད་དུ་སླེབས་སོང་ཟེར་བ་འདི་རེད།
ཉེ་བའི་ཆར། རང་ལོ་༣༥ཡིན་པའི་རྟའུ་རྫོང་དགའ་ལྡན་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོས། ཟླ་བ ༡༡པའི་ཚེས་༣ཉིན་རྫོང་ཁྲོམ་གཞུང་ན་རང་ལུས་མེར་བསྲེག་པའི་བརྙན་འཁོར་དྲ་ཐོག་ཏུ་བསྐྱལ་བ་དེས། རྒྱལ་ཕྱི་ནང་གི་མི་སེམས་ལ་གཡོ་འགུལ་དྲག་པོ་བཏང་། བརྙན་འཁོར་ནང་དུ་ན་བཟའ་དམར་སེར་བསྣམས་པའི་ཁོ་མོའི་རང་ལུས་ཡོངས་རྫོགས་དྲག་ཏུ་འབར་བའི་མེ་ལྕེས་འཁྱུད་པ་དང་། འཁོར་བསྐྱོད་མེ་ཟླུམ་ཞིག་གི་དབྱིབས་སུ་གྲུབ་འདུག་ལ། མེ་ཟླུམ་འདི་མཆོང་རྒྱུགས་དང་ཙོག་འདུག་མེད་པར་འདྲ་སྐུ་ཞིག་དང་མཚུངས་པར་དྲང་ངེར་ལངས་བཞིན་མེ་ལྕེ་དགུང་དུ་མཆེད། མེ་འོད་ཁྲོད་ཀྱི་གཟུགས་བརྙན་དེར་འོད་ཆིལ་ཆིལ་དུ་བཀྲ་ཞིང་ཕྱི་གསལ་ནང་གསལ་དུ་ཆགས། བོད་རིགས་བུད་མེད་གཞན་ཞིག་གིས་མེ་དཔུང་ཕྱོགས་སུ་དྲི་མེད་ཀྱི་ཁ་བཏགས་གཡུགས་ཤིང་། དེ་ལས་མང་བའི་མི་ཚོགས་ཀྱིས་བྲེད་སྐད་རྒྱག་བཞིན་སྐད་འབོད་ཀྱིས་སྐད་འཛེར་ཤུགས་ཟད་འདུག དེའི་རྗེས་ཀྱི་པར་རིས་ནི་མུན་ནག་ཁྲོད་མི་ཁྲིར་བརྒལ་བས་ལག་ཏུ་མར་མེ་བཟུང་ཏེ། དགོན་པའི་ནང་དུ་ལྗིད་ཏིག་ཏིག་གི་སྨོན་ཚིག་མཚན་གཞུང་གི་བར་སྣང་སྙེག ལག་ཏུ་དར་ཁ་ཐོགས་པའི་མི་ཚོགས་ཀྱི་བསྟར་བསྒྲིགས་ཏེ་དགོན་པའི་ནང་དུ་འཛུལ་བཞིན། གསལ་ལ་མི་གསལ་བའི་བང་ཕྲེང་གི་འགོ་རྔ་ཤེལ་ངོས་སུ་མཐོང་མ་ཐུབ། མཇུག་ཏུ་དྲག་ཤུལ་གྱིས་སླེབས་པའི་ཉེན་རྟོག་རླངས་འཁོར་དང་དམག་མིའི་འཚུབ་ཆའི་རྡོག་སྒྲ་རེད། ཁོར་ཡུག་གི་རྣམ་པ་ཇི་ལྟར་ཡ་ང་ཞིང་རྔམ་བརྗིད་ལྡན་པ་ཞིག་རེད། མིས་ མིག་ཆུ་མི་ཤོར་ནའང་གནམ་བཤུམ་ངེས་ཤིང་།མི་ཡིད་སྐྱོ་སྤྲོ་མ་ལངས་ཀྱང་གནམ་ཁྲོ་ ངེས། འདི་ནི་བཙན་གནོན་འོག་གི་མི་རིགས་ཤིག་གིས་མི་རིགས་གཞན་གྱི་དབང་བསྒྱུར་ལ་འཆི་གསོན་གྱི་འཐབ་རྩོད་ཅིག་རེད། འདི་ནི་བོད་མི་རིགས་ཀྱི་འཚོ་གནས་ཀྱི་ཆེད་དུ་ཚེ་སྲོག་གིས་བྲིས་པའི་སྐྱོ་གདུང་གི་རོལ་དབྱངས་ཤིག་རེད།
མི་ རིགས་འདྲ་མཉམ་དང་། དད་མོས་འདྲ་མཉམ་གཞི་རྩའི་འདུ་ཤེས་འཛིན་སྟངས་སུ་གྱུར་བའི་དུས་རབས་འདིར། མི་སེར་སྤེལ་བའི་རིང་ལུགས་དང་མི་རིགས་བཙན་གནོན་རང་ལུགས་ཀྱི་དུས་རབས་མཇུག་ བསྒྲིལ་བའི་དུས་སྐབས་འདིར། ཀྲུང་གོའི(རྒྱ་ནག)བོད་ལྗོངས་སུ། བོད་མི་རིགས་ཀྱིས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བཙན་གནོན་མྱོང་བཞིན་མཆིས་ལ། དུས་རབས་འདིར་མི་རིགས་སུ་ལའང་ཡོད་མ་མྱོང་བའི་སྡུག་བསྔལ་མྱོང་བཞིན་ཡོད། དངངས་སྐྲག འུ་ཐུག འཛམ་གླིང་འདིར་མི་རིགས་ཤིག་མི་རིགས་གཞན་གྱིས་བཙན་འཛུལ་དང་དབང་བསྒྱུར། བྲན་གཡོག རྒྱུ་ནོར་བཙན་འཕྲོག བཟའ་ཟླ་བཙན་གཡེམ། ཕ་མ་སྡུག་གསོད། འོན་ཀྱང་། ཁོང་ཚོའི་སེམས་ཁམས་སྔར་བཞིན་ཁོ་ཚོ་རང་ཉིད་ལ་གཏོགས། ཡིན་ནའང་། རྒྱ་དམར་གཞུང་གིས་ཐ་ན་བོད་མིའི་བསམ་བློའི་རང་དབང་ཡང་བཙན་འཕྲོག་བྱས་ཤིང་། སེམས་རྒྱུད་ཀྱི་ལྷ་ཁང་ཡང་བརྙས་བཅོས་བྱས། བོད་མི་རིགས་ནང་ཆོས་གཙོ་འཛིན་གྱིས་འཚོ་ཐབས་བྱེད་པའི་མི་རིགས་ཤིག་ལ་འདི་ལྟར། འདི་ནི་སྲོག་གཅོད་པ་ལས་ཀྱང་གདུག་རྩུབ་ཆེ་བའི་བཙན་གནོན་ཞིག་རེད། གྲྭ་བཙུན་རེ་རེ་བཞིན་ཡོད་པའི་རྒྱུ་མཚན་གྱིས། མེ་དཔུང་གི་ཁྲོད་ནས་རང་དབང་ལ་རེ་བའི་ཡ་ང་བའི་འབོད་སྒྲ་སྒྲོག་ཅིང་།གསོན་སྡུག་ལས་འཆི་བཟང་གི་དཔེ་ལྟར། འདི་ནི་རང་དབང་བརླག་པ་ལས་ཤི་བར་བདམས་པའི་མི་རིགས་ཤིག་རེད། རྒྱུ་དངོས་འབྱོར་བ་ལ་རྔམ་པའི་འཛམ་གླིང་འདིའི་ཐོག མི་རིགས་འདི་འཛམ་གླིང་ས་ཡི་ཡང་རྕེར་གནས་ཡོད་པ་མ་ཟད། ཁོང་ཚོའི་བསམ་བློ་ཡང་མིའི་རིགས་ཀྱི་ཚད་མཐོ་ཤོས་རེད།
རྒྱ་དམར་དབང་བསྒྱུར་ཤོག་ཁག་གིས་ཅིའི་ཕྱིར་ཁོང་ཚོའི་ཆབ་འོག་ཏུ་ཡོད་པའི་མི་རིགས་ཤིག་ལ་དེ་ལྟར་གདུག་རྩུབ་དང་གུ་ཡངས་མི་གཏོང་བ་རེད། དེ་ནི་ཤོག་ཁག་འདིའི་རྩ་བའི་གླེན་ལྐུགས་དང་ང་རྒྱལ་མཆོག་འཛིན་རེད། དད་འདུན་གྱི་བསམ་བློ་མེད་ཅིང་རྒྱུ་ནོར་དབང་ཆ་ཁོ་ནར་རྔམ་པའི་ཤོག་ཁག་འདིའི་ངོས་ནས་བཤད་ན།བོད་མིའི་དད་པ་ནི་རྨོངས་ཞེན་དང་། ཁོང་ཚོའི་འཚོ་ཐབས་ནི་རྗེས་ལུས། ཁོང་ཚོ་སྲོག་སྐྱོབ་པ་ཞིག་གི་འདུ་ཤེས་འཛིན་ཏེ་ཁོང་ཚོ་སྐྱོབས་པ་དང་། བསྒྱུར་བཅོས་གཏོང་བ།རྒྱུ་ཤུགས་དང་མི་ཤུགས་འབོར་ཆེན་བཏང་ཏེ། ཁོང་ཚོའི་འཆར་འགོད་ལྟར་བོད་ལྗོངས་འཛུགས་བསྐྲུན་བྱེད། ཡིན་ན་ཡང་ཁོང་ཚོས། མི་རིགས་འདིས་དྲིན་དུ་མི་ཚོར་བ་མ་ཟད་ཉིན་རེར་བཞིན་ཁ་གཏད་དུ་འགྱུར་བཞིན་པའི་ཚུལ་མཐོང་མ་ཐག ཁོང་ཚོ་ཁ་སྐྱེངས་རླུང་འཕར་ནས། ཁྱོད་ཚོ་དབང་དུ་བསྡུ་མི་ཐུབ་པར་ང་ཡིད་མི་ཆེས་ཞེས།གདུག་རྩུབ་དང་གླེན་རྨོངས་ཀྱི་སྲིད་ཇུས་འདྲ་མིན་རེ་རེར་བཞིན་ལག་ཏུ་བསྟར། བོད་མི་གོམ་པ་རེ་རེར་བཞིན་འུ་ཐུག་པའི་གནས་སུ་བཙན་གྱིས་དེད་དེ། བོད་ལ་དབང་བསྒྱུར་དེ་དེང་རབས་སྤྱི་ཚོགས་ནང་ཆེས་གདུག་རྩུབ་ཅན་གྱི་མི་རིགས་བཙན་གནོན་ཏུ་གྱུར་པ་རེད།བོད་མིའི་ངོས་ནས་བཤད་ན། རྒྱ་དམར་གྱིས་བོད་ལྗོངས་སུ་འཛུགས་བསྐྲུན་གྱིས་སྲོལ་རྒྱུན་འཚོ་ཐབས་ལ་གཏོར་བཤིག་གཏོང་བ་མ་ཟད། རྩ་ཆེ་བའི་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་གཏོར་བརླག་དང་། རྒྱ་དམར་གྱིས་བཅོས་བསྒྱུར་ནི་ཁོང་ཚོའི་རིག་གཞུང་རྩ་མེད། སེམས་ཁམས་རྡོག་རོལ་དུ་བཏང་བ་ཞིག་རེད། རྒྱ་དམར་གྱིས་ཅི་བྱས་ཅི་ལས་ཐམས་ཅད་བོད་མི་རིགས་རྩ་མེད་གཙང་དག་བྱེད་པ་ཞིག་རེད།སྤྱིར་འདི་ལྟ་བུའི་ཁ་གཏད་དེ་ལས་ཡོངས་སུ་གཡོལ་ཐུབ་པ་ཞིག་ཡིན། དེང་རབས་འགྲོ་བ་མིའི་རིགས་ཀྱི་གཅིག་གྱུར་རིག་གནས་ཀྱི་བསམ་བློར་གཞིར་འཛིན་ཅིང་།ད་ཡོད་བོད་རིགས་རང་སྐྱོང་གི་ཁྲིམས་སྲོལ་ལ་གཞིར་བཅོལ་ཏེ། བོད་མི་རང་གི་མངོན་འདོད་ལྟར་འཚོ་བ་སྐྱེལ་བཅུག་ན། རྒྱ་གཞུང་གིས་དཀའ་ཚེགས་འབད་འབུངས་བརྒྱུད་མི་དགོས་ཤིང་།བོད་མི་རང་ཉིད་ཀྱང་སེམས་བདེ་བག་ཕེབས་ངང་འཚོ་ཐུབ་ལ། བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་ཀྲུང་གོའི་མི་རིགས་གཞན་དག་དང་མཉམ་དུ་ཞི་བདེ་འཆམ་མཐུན་ངང་གནས་ཐུབ། འོན་ཀྱང་། རྒྱ་དམར་དབང་བསྒྱུར་པའི་ཟས་བཅུད་ཀྱིས་མི་བཞུ་བའི་གླེན་ལྐུགས་དེ་དང་། དེའི་ཁར་ལྷན་སྐྱེས་ཀྱི་གདུག་རྩུབ་དེས།ད་ལྟའི་རྣམ་པ་འདི་བཟོས་པ་རེད། རྒྱ་གཞུང་གིས་བོད་མི་རྣམས་གོམ་པ་རེ་རེར་བཞིན་འུ་ཐུག་པའི་གནས་སུ་དེད་བཞིན་པའི་སྐབས་འདིར། བོད་མི་ཚོས་ཀྱང་གོམ་པ་རེ་རེར་བཞིན་ཐག་ཆད་པའི་ཕྱོགས་སུ་གོམ་པ་སྤོ་བཞིན་མཆིས།
རྒྱ་ནག་གི་མིའི་༼ཀྲུང་ཧ་ཆེན་པོ༽འི་འདུ་ཤེས། རྒྱ་ ནག་མི་སེར་དང་དབང་བསྒྱུར་ཤོག་ཁག་གཉིས་འདྲ་མཚུངས་སུ། མི་རིགས་སུ་ཞིག་ཡིན་ནའང་རྒྱ་ནག་ལས་ཁ་འབྲལ་ཏེ་རང་བཙན་བྱེད་པར་མི་འདོད།འོན་ ཀྱང་། གཅིག་གྱུར་གྱི་སྔོན་འགྲོ་ནི་མཛའ་བརྩེ་དང་ཕན་ཚུན་བར་བསམ་ཤེས། གཅིག་གིས་གཅིག་ལ་བརྩི་བཀུར། གཞན་གྱི་རིག་གནས་དང་འཚོ་ཐབས་ལ་དགའ་ཞེན། ད་དུང་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས་སོགས་ཀྱི་ཐོག་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་ལས། བཙན་དབང་གིས་ཁྱོད་ཀྱི་ལུགས་སྲོལ་ལྟར་འཚོ་གནས་བྱེད་བཅུག་པ་དེ་མ་རེད། ཁོང་ཚོར་འདོད་མོས་མེད་བཞིན་ཀླད་བསྒྱུར་བྱེད། ཁོང་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་ན་བཙན་གནོན་དང་།བཙན་གནོན་གྱི་མཇུག་འབྲས་ནི་རྩ་བ་ནས་ངོ་ལོག་པ་རེད། དྲག་གནོན་གྱིས་ཁྲག་དྲི་བྲོ་བའི་དོན་རྐྱེན་བཟོས་པ་དང་། ཁྲག་དྲིའི་བར་ནས་ཤ་འཁོན་གྱི་འདུ་ཤེས་སླེབས་ཤིང་། ཤ་འཁོན་གྱིས་ཁ་འབྲལ་བཏང་བ་དང་། དེ་ལས་རང་བཙན་གྱི་འདུན་པ་སྐྱེས་ཤིང་སེམས་ཐག་ཆོད་ངེས། མན་ཇུ་རྒྱལ་རབས་ཀྱིས་རྒྱ་ནག་དུ་མི་ལོ་སུམ་བརྒྱ་ལ་ཉེ་བའི་རིང་དབང་བསྒྱུར་བྱས་པ་དང་།༼མགོ་བསྐྱུར་ན་སྐྲ་མི་བསྐྱུར་བ༽་དང་། ༼སྐྲ་བསྐྱུར་ན་མགོ་མི་བསྐྱུར་༽བ་ནས་༼ཡི་གེའི་བཙོན་ར༽་བར་གྱི་དྲག་པོའི་དབང་བསྒྱུར་བྱས་ཏེ། རྒྱ་རིགས་མི་རབས་འགའི་རིང་ལ་བརྗེད་མི་ཐུབ་པའི་ཤ་འཁོན་བཟོས། མཇུག་མཐར་མན་ཇུའི་རྒྱལ་རབས་འགོ་རྟིང་སློག་ཀྱང་། འཇར་ པན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱས།རྒྱ་ནག་དེ་༼ཤར་ཡ་གླིང་ ཆེན་པོའི་ཐུན་མོང་དར་སྤེལ་ས་བཅད་༽ཀྱི་ཁོངས་སུ་བསྡུས་པ་དང་།རྒྱ་ནག་མི་དམངས་ ཀྱིས་ལོ་ངོ་བརྒྱད་རིང་གི་དཀའ་སྤྱོད་ཀྱི་འཐབ་འཛིང་ཁྲོད་མི་ཁྲི་ཁྲག་བརྒལ་བའི་ ཚེ་སྲོག་ཤོར་བ་འདི་ཡང་སྙིང་ཅིའི་ཕྱིར་དུ་རེད་དམ། དམིགས་ ཡུལ་ནི་མི་རིགས་ཀྱི་ལར་ཞེན་དང་རང་བཙན་གྱི་དོན་དུ་རེད། ཀྲུང་ཨུའི་འབྲེལ་ལམ་ཉམས་ཉེན་གྱི་འཐབ་འཁྲུགས་བྱུང་བའི་ལོ་དེའང་ཅིའི་ཕྱིར་ རེད། རྒྱ་ནག་དམར་ཤོག་རང་བཙན་ངོ་བོའི་ཆེད་དུ་མ་རེད་དམ། སྤྱིར་ཨུ་རི་སིས་རྒྱ་ནག་ལ་གཞི་རྒྱ་ཆེ་བའི་རོགས་སྐྱོར་ཀྱིས་རྒྱ་ནག་འཛུགས་བསྐྲུན་བྱས་ཀྱང་། རྒྱ་དམར་སྲིད་གཞུང་རོགས་སྐྱོར་མཚམས་འཇོག་བྱས་པར་འཐད་པར་བྱུང་བ་དང་། ཨུ་རི་སི་འཛུབ་སྟོན་ལ་ཉན་མ་འདོད་པ་རེད། བོད་མི་རིགས་ནི་བྱམས་བརྕེ་དང་དྲང་བདེན་གཏིང་ཟབ་སྲུང་བའི་མི་རིགས་ཤིག་རེད། ཁོང་ཚོའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ནི་བྱང་སེམས་ཀྱི་ཐུགས་རྒྱུད་མངའ་ཤིང་། སྙིང་རྗེ་གུ་ཡངས་དང་ལྡན་པ་མ་ཟད། དེང་རབས་སྤྱི་ཚོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་རིན་ཐང་ལྟ་ཚུལ་དང་ཡོངས་སུ་མཐུན། ཁོས་ རྒྱ་དམར་དབང་བསྒྱུར་པ་དང་རྒྱ་རིགས་ཀྱི་གཅིག་གྱུར་ཆེན་པོའི་འདུ་ཤེས་རྟོགས་ ཡོད། སྤྱིར་བརྙས་བཅོས་ཚད་མེད་མྱོང་ཞིང་ཟུངས་ཁྲག་གྲངས་མེད་བཞུར་ཡོད་ཀྱང་། སྔར་མུས་བཞིན་རྒྱ་ནག་གི་མངའ་ཁོངས་སུ་བསྡད་འདོད་ཡོད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་འཚོ་བ་སྐྱེལ་འདོད་ཡོད་པ་རེད། ཐ་ན་གུང་ཁྲན་ཏང་གི་དབུ་ཁྲིད་ལའང་ངོས་ལེན་གནང་བ་རེད། ཁོང་ཚོོའི་དགོས་འདུན་གཅིག་པུ་ནི། ཁོང་ཚོའི་འཚོ་ཐབས་ལྟར་འཚོ་བ་སྐྱེལ་རྒྱུ་དེ་རེད། ཡིན་ན་ཡང་། རྒྱ་དམར་དབང་བསྒྱུར་པས་མཐའ་གཅིག་ཏུ་འདི་ལྟའི་མཛའ་བརྩེའི་དགོས་འདུན་ལ་སྣང་མེད་ངང་། ཁ་ཡ་དྭང་ལེན་མི་བྱེད་པ་དང་ནུས་ཤུགས་གང་ཡོད་ཀྱི་སྐྱོན་འཛུགས་དམའ་འབེབས་དང་ངན་ཁག་འདྲི་བ་མ་ཟད། ཆེས་གདུག་རྩུབ་ཅན་གྱི་བྱེད་ཐབས་སྤྱད་དེ་དྲག་གནོན་བྱས། མཇུག་འབྲས་ནི་བོད་མི་དམངས་ཀྱི་སེམས་ཁམས་ཉིན་རེ་རེར་བཞིན་ཁ་འབྲལ་དུ་ཕྱོགས་ཏེ། རང་བཙན་གྱི་ལམ་དུ་སྐྱེལ་བ་རེད། འདི་ནི་རྒྱ་ནག་མི་དམངས་ཀྱི་བལྟ་མི་འདོད་པའི་སྐྱོ་གར་ཞིག་རེད། རྒྱ་ནག་མི་དམངས་ཀྱིས་འདོད་པའི་གཅིག་གྱུར་ནི་བོད་མི་དང་མཉམ་དུ་ཞི་བདེ་འཆམ་མཐུན་ངང་གནས་རྒྱུའི་༼གཅིག་གྱུར༽་དེ་རེད།དེར་བརྟེན།གལ་ཏེ་ཉིན་ཞིག་བོད་རང་བཙན་ཐོག་བསྐྱོད་ན། དེ་ནི་རྒྱ་དམར་གཞུང་གིས་བཙན་གྱིས་དེད་པའི་མཇུག་འབྲས་རེད། བོད་དོན་ཐག་བཅད་ནི་མིག་རྩར་སླེབས་ཟིན་པ་དོགས་པ་ཐེ་ཚོམ་མེད།གྲྭ་བཙུན་༡༡་གི་རང་ལུས་མེར་བསྲེག་གིས་གསལ་པོ་བསྟན་ཟིན། བོད་མི་རིགས་འཐབ་རྩོད་ཁྲོད་འཆི་མི་སྲིད་ཅིང་། ཞུམ་པ་མེད་པའི་སྙིང་སྟོབས་འཐབ་རྩོད་ཁྲོད་འཚོ་བཞིན་ཡོད། བོད་ཀྱི་གནད་དོན་ཇི་ལྟར་ཐག་བཅད་བྱ་མིན་ནི་རྒྱ་ནག་སྲིད་གཞུང་གིས་ངེས་པར་བསམ་ཞིབ་དགོས་པའི་དུས་ལ་བབ་ཡོད།བོད་དོན་ཐག་བཅད་ནི་བོད་མིའི་སྙིང་སྟོབས་ལ་རག་ལས་ཤིང་བོད་མིའི་རྣམ་དཔྱོད་ལའང་རག་ལས་ཡོད། གལ་སྲིད་རྒྱ་ནག་ལ་བོད་ཁ་འབྲལ་བཏང་བའི་འདོད་པ་མེད་ན། རྒྱ་ནག་དམངས་ཁྲོད་ཀྱི་བྱམས་བརྕེ་དང་རྣམ་དཔྱོད། རྒྱ་ནག་དམར་ཤོག་ནང་ཁུལ་མི་སྣས་ངོས་འཛིན་དང་བློ་སྟོབས་དགོས། མི་ལོ་ཉི་ཤུའི་ཡར་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཞབས་ཧུའུ་ཡཱང་པཱང་(jeep)རླངས་འཁོར་རུ་བསྡད་དེ་བོད་ལ་བསྐྱོད་ཅིང་། སྐུ་དངོས་ཀྱིས་བོད་མི་དབུལ་ཕོངས་ལ་ཐུག་འཕྲད་དང་། བོད་མིའི་དཀའ་སྡུག་མྱོང་ཚོར། བོད་མིའི་སྡང་སེམས་ལ་རྒྱུས་ལོན། བོད་མིའི་མངོན་འདོད་ལ་ཤེས་རྟོགས་གནང་། དེ་ནས་བཟུང་བོད་ཀྱི་སྲིད་ཇུས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་དང་གཏན་འབེབས་བྱས། སྔར་གྱི་ལོ་རྒྱུས་གྱུར་ཟིན་པའི་དུས་ཚོད་དེ། བོད་དོན་ཐག་གཅོད་ཀྱི་རེ་བའི་སྒོ་མོ་ཕྱེས་པའི་དུས་ཚོད་སྐད་ཅིག་མ་དེ་རེད། འོན་ཀྱང་། འཁྱུག་ཙམ་གྱི་དུས་ཚོད་དེའི་རྒྱུན་མཐུད་ནས་སྒོ་ཕྱེ་ཐུབ་པའི་མི་ཞིག་ཡོང་བའི་རེ་བ་ཡོད།
གཅིག་མཚུངས་སུ། མི་རིགས་ཤིག་གི་རྒྱུན་ལྡན་མ་ཡིན་པའི་འགག་རྩའི་དུས་སུ་རྒྱུན་དུ་དཔའ་བོ་ཐོན་ཡོང་བ་རེད། མེ་དཔུང་ཁྲོད་ཀྱི་དཔལ་ལྡན་ཆོས་འཚོ། མེ་ཁྲིམས་འཕྲེད་ཤིང་སྟེང་གི་ཧྥ་རན་སིའི་ལྷ་མོ་ཏྲིན་ཏི་བཞིན།སྐབས་དེར་ཧྥ་རན་སིའི་ས་ཆེན་ཡོངས་རྫོགས་དབྱིན་ཇི་ཡི་གཏུམ་སྤྱོད་རྡོག་བརྫིས་ཁྲོད་དུ་ལྷུང་ཡོད་ཅིང་།ཁོང་མོས་ལྷ་ཡི་གསུངས་སྐད་ཐོས་ཏེ། རང་ལུས་ལ་བརྟེན་ནས་ཧྥ་ནེ་ཞི་སྐྱོབས། དཔལ་ལྡན་ཆོས་འཚོ་ནི་བོད་མི་རིགས་ཀྱི་ལྷ་མོ་རེད། མོ་དཔའ་ངར་ཆེ་ཞིང་བློ་བརྟན་འགྱུར་བ་མེད། བྱམས་སེམས་དང་སྙིང་རྗེ་ལྡན། སངས་རྒྱས་ཀྱི་བཀའ་གསུང་ཡོད་པས། ཁོང་མོས་བོད་མི་རིགས་འཆི་གསོན་གཉེན་འཕྲང་གི་དུས་སྐབས་འདིར། རང་ཉིད་ཀྱི་ཚེ་སྲོག་མེ་རུ་བསྒྲོན་ཏེ། བོད་རང་དབང་གི་འབོད་སྒྲ་སྒྲོག མོའི་ལུས་སྟེང་ལ་འབར་བའི་མེ་ལྕེ་མཆེད་དུས་ནས་བཟུང་། ཁོང་མོ་བོད་མིའི་སེམས་ཁོངས་སུ་ནམ་ཡང་མི་ནུབ་པའི་རྡོ་རིང་ཞིག་ཏུ་གྱུར་ཟིན།
མ་རྩོམ༢༠༡༡་༡༡་༢༧
རྒྱ་ཡིག་གི་མ་རྩོམ་ཡོང་ཁུངས་http://www.boxun.com/news/gb/pubvp/2011/11/201111270706.shtml
ཁྲན་ཝན་ཅཱན་གྱིས་བརྩམས་ནས་ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར་པའི་རྩོམ་ཡིག་ཡག་པོ་མཐོང་བྱུང་།རྩོམ་པ་པོ་དང་ཡིག་སྒྱུར་གཉིས་ཆ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་གངས་ཅན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མི་ཡུལ་ལ་བཞག་པའི་ལོ་རྒྱུས་ལ་ཡི་རངས་དང་།གོང་བཀུར་རྗེས་དྲན་བྱ་རྒྱུ་ནི་ང་ཚོ་བོད་མི་རྩམ་གཟན་བྱིངས་ཀྱི་འོས་འགན་དེ་ཆགས་ཡོད།
བོད་ཀྱི་བུད་མེད་ཀྱི་སྙིང་སྟོབས་ཀྱང་རང་ག་བ་ཞིག་མིན་པ་ནི་ལོ་རྒྱུས་བདེན་དཔང་གསལ་བོ་ཆགས་སོ།
ཁྲན་ཝན་ཅཱན་ལགས་ཀྱིས།
བོད་ཁ་བ་གངས་ཅན་པའི་ལྗོངས་འདི་ནི། མི་རབས་ནས་མི་རབས་བར་ལྷ་དང་བླ་མར་དད་ཅིང་བྱམས་སེམས་ལྡན་པའི་མི་རིགས་ཤིག་ཡིན་ནའང་། ད་ནི་རྒྱ་དམར་པོའི་དབང་བསྒྱུར་ལ་བཟོད་བསྲན་བྲལ་བའི་ཚད་དུ་སླེབས་སོང་ཟེར་བ་འདི་རེད། ་་་་་་་་
གྲྭ་བཙུན་རེ་རེ་བཞིན་ཡོད་པའི་རྒྱུ་མཚན་གྱིས། མེ་དཔུང་གི་ཁྲོད་ནས་རང་དབང་ལ་རེ་བའི་ཡ་ང་བའི་འབོད་སྒྲ་སྒྲོག་ཅིང་།གསོན་སྡུག་ལས་འཆི་བཟང་གི་དཔེ་ལྟར། འདི་ནི་རང་དབང་བརླག་པ་ལས་ཤི་བར་བདམས་པའི་མི་རིགས་ཤིག་རེད། རྒྱུ་དངོས་འབྱོར་བ་ལ་རྔམ་པའི་འཛམ་གླིང་འདིའི་ཐོག མི་རིགས་འདི་འཛམ་གླིང་ས་ཡི་ཡང་རྕེར་གནས་ཡོད་པ་མ་ཟད། ཁོང་ཚོའི་བསམ་བློ་ཡང་མིའི་རིགས་ཀྱི་ཚད་མཐོ་ཤོས་རེད། ་་་་་་་
བོད་མིའི་ངོས་ནས་བཤད་ན། རྒྱ་དམར་གྱིས་བོད་ལྗོངས་སུ་འཛུགས་བསྐྲུན་གྱིས་སྲོལ་རྒྱུན་འཚོ་ཐབས་ལ་གཏོར་བཤིག་གཏོང་བ་མ་ཟད། རྩ་ཆེ་བའི་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་གཏོར་བརླག་དང་། རྒྱ་དམར་གྱིས་བཅོས་བསྒྱུར་ནི་ཁོང་ཚོའི་རིག་གཞུང་རྩ་མེད། སེམས་ཁམས་རྡོག་རོལ་དུ་བཏང་བ་ཞིག་རེད། རྒྱ་དམར་གྱིས་ཅི་བྱས་ཅི་ལས་ཐམས་ཅད་བོད་མི་རིགས་རྩ་མེད་གཙང་དག་བྱེད་པ་ཞིག་རེད། ་་་་་
ཁོང་ཚོོའི་དགོས་འདུན་གཅིག་པུ་ནི། ཁོང་ཚོའི་འཚོ་ཐབས་ལྟར་འཚོ་བ་སྐྱེལ་རྒྱུ་དེ་རེད། ཡིན་ན་ཡང་། རྒྱ་དམར་དབང་བསྒྱུར་པས་མཐའ་གཅིག་ཏུ་འདི་ལྟའི་མཛའ་བརྩེའི་དགོས་འདུན་ལ་སྣང་མེད་ངང་། ཁ་ཡ་དྭང་ལེན་མི་བྱེད་པ་དང་ནུས་ཤུགས་གང་ཡོད་ཀྱི་སྐྱོན་འཛུགས་དམའ་འབེབས་དང་ངན་ཁག་འདྲི་བ་མ་ཟད། ཆེས་གདུག་རྩུབ་ཅན་གྱི་བྱེད་ཐབས་སྤྱད་དེ་དྲག་གནོན་བྱས། མཇུག་འབྲས་ནི་བོད་མི་དམངས་ཀྱི་སེམས་ཁམས་ཉིན་རེ་རེར་བཞིན་ཁ་འབྲལ་དུ་ཕྱོགས་ཏེ། རང་བཙན་གྱི་ལམ་དུ་སྐྱེལ་བ་རེད། ་་་་་་
མི་ཤེས་ཤེས་མདོག་བསྟན་པ་རེད། ཁོ་རེ།
རྒྱ་ནག་གི་དམངས་གཙོ་དང་རང་དབང་གི་དོན་དུ་ཡོད་ཚད་བློས་གཏོང་ནུས་ཤིང་། རྩོམ་རིག་སོགས་ལ་བྱང་ཆུབ་པའི་སྐུ་ཞབས་ཁྲེན་ཝུའིས་ཅན་གྱིས་བོད་མི་རིགས་ལ་བཅངས་པའི་མཛའ་སེམས་ལ་ལྷད་མེད་ལ། ཤེས་ཡོན་ཅན་ཁོང་ནི་བོད་ཀྱི་དངོས་ཡོད་ལོ་རྒྱུས་སོགས་ཀྱང་ཕྲ་ཞིང་ཕྲ་བར་མཁྱེན་མཁན་ཞིག་ཡིན་པ་ད་བར་ཁོང་གིས་བོད་དང་བོད་མིའི་ཆེད་དུ་བྲིས་པའི་དཔྱད་རྩོམ་ཁག་ལས་གསལ་པོར་རྟོགས་ཐུབ། སྐབས་འདིར་ཁོང་གི་རྩོམ་ཡིག་བོད་སྒྱུར་ཞུ་མཁན་ཏྲེ་ཧོར་ཐུབ་བསྟན་ལགས་སུ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་འབྱུང་འགྱུར་རིན་ཐང་བྲལ་བའི་དཔྱད་རྩོམ་དེ་རིགས་མང་ཙམ་བསྒྱུར་གནང་ཡོང་བ་ཞུ། གོང་དུ་མཆན་འགོད་མཁན་ཁ་ཡ་ཞེས་པས་་མ་ཤེས་ཤེས་མདོག་བསྟན་པ་རེད་་ཅེས་གསུངས་འདུག་པས། འོ་ན་ཁ་ཡ་ཁྱེད་རང་གིས་ད་བར་མཁྱེན་པའི་ཀློང་ནས་ཐོན་པའི་རྩོམ་རིགས་སམ། ཡང་ན། བོད་དོན་དང་འབྲེལ་བའི་སྐོར་ལ་དཔྱད་བརྗོད་ཅི་ཙམ་སྤེལ་མྱོང་། དངོས་གནས་ཁ་བདེ་པོ་ཁྱོད་ཀྱིས་རྩོམ་ཐུང་ཞིག་བྲིས་དང་། ང་ཚོས་གཞི་ནས་བལྟ་ཆོག།
ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་གལ་ཆེ་ཤོས་དཔལ་འབྱོར་དོན་གཉེར་གྱི་འཇིག་
རྟེན་ཞིག་ཡིན་པས། ང་ཚོ་བོད་པ་མི་བཅུས་བོད་ཀྱི་དྲང་བདེན་གྱི་ལོ་རྒྱུས་བྲིས་པ་དང་རྒྱ་མི་མི་གཅིག་གིས་བོད་ཀྱི་བདེན་པའི་གནད་དོན་བྲིས་གནང་ན་རིན་ཐང་ཆེ་ཞིང་། ལྷག་པར་བོད་དང་རྒྱ་ནག་ཏུ་ཡོད་པའི་རྒྱ་མི་སོགས་བོད་མི་དང་ཐ་དད་པའི་མི་རིགས་ཀྱིས་བྲིས་གནང་བའི་རྒྱ་ཡིག་གམ་སྐད་ཡིག་གཞན་གྱི་ཐོག་ཏུ་བྲིས་གནང་བ་དེ་དག་ནི་ལོ་རྒྱུས་ཀྱི་དཔང་པོ་བླ་ན་མེད་པ་ཞིག་ཡིན་པས་སྐུ་ཞབས་རྩོམ་པ་པོ་མཆོག་དང་ལོ་ཙཱ་བ་
ཏྲེ་ཧོར་ཐུབ་བསྟན་ལགས་ལ་ཐུགས་རྗེ་བཀྲིན་ཤིན་ཏུ་ཆེ་ཞེས་བཟང་ལན་འབུལ་རྒྱུ་ཡིན།།