སྤྱི་ཟུར་དྭང་ཤར་ཡོན་ཏན་རྒྱ་མཚོ།
བོད་ནང་ཕྱི་ལོ་ ༢༠༠༨ ལོར་ས་ཕྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་ཕྱི་ལོ་ ༢༠༡༡ བར་རྒྱ་གཞུང་ལ་འཚེ་མེད་ཞི་བའི་ངོ་རྒོལ་ཆེད་བོད་མི་གཞོན་སྐྱེས་ཚོས་རང་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་ཇེ་མང་ནས་ཇེ་མང་འཐོན་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ད་ལྟའང་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་བོད་ཀྱི་ཆོས་རིགས། མི་བརྒྱུད་དང་བཅས་པ་རིམ་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་དུ་གྱུར་བ་རེད།
དེའི་རྐྱེན་རང་རེའི་བཙན་བྱོལ་ནང་ནས་ཀྱང་ཛ་དྲག་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་འགུག་ཐུབ་པ་ཞིག་དང་། རྒྱ་ནག་གཞུང་ལ་འགུལ་དཀྱོག་རྒྱག་ཐུབ་པའི་བོད་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུའི་དུས་ལ་སླེབས་འདུག ཕྱི་ལོ་ ༡༩༩༤ ཟླ་ ༣ ཚེས་ ༡༠ གསུམ་བཅུའི་དུས་དྲན་གསུང་འཕྲིན་ནང་༧གོང་ས་མཆོག་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་ཀྱི་དཀའ་རྙོག་སེལ་བའི་དོན་དུ་དབུ་མའི་ལམ་གྱི་ཐབས་ཤེས་འབད་བརྩོན་ལོ་བཅུ་བཞིར་བྱས་རིང་། དོན་འབྲས་གང་ཡང་མ་སོན་ཞེས་གསལ་བསྒྲགས་ཕེབས་དང་བཙན་བྱོལ་བོད་མི་རྣམས་ཀྱིས་རང་རེའི་རྩ་དོན་སྒྲུབ་རྒྱུ་རང་ཐོག་ཏུ་འགན་ཁུར་ཆེན་པོ་ལེན་དགོས་པའི་དུས་ཚོད་སླེབས་པ་ཤེས་ཏེ། བོད་ཀྱི་གནས་སྟངས་ཉག་ཕྲ་བ་ལས་སྐྱོབ་ཕྱིར་དང་བོད་ཀྱི་དཀའ་རྙོག་ཞི་བའི་ལམ་ནས་སེལ་བའི་དོན་དུ་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྣ་དྲངས་པ་ལ་བརྟེན་ནས། བཙན་བྱོལ་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བརྒྱད་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་བར་དུ་ཞི་བའི་གོམ་བགྲོད་བྱ་རྒྱུའི་འཆར་གཞི་བཀོད་དེ་རང་སྲོག་བློས་གཏོང་གི་ཆོད་སེམས་བརྟན་པོས་བོད་མི་ ༥༠༨ ཙམ་གྱིས། ལོ ༡༩༩༥ ཟླ ༣ ཚེས ༡༠ ཉིན་གོམ་བགྲོད་བྱ་རྒྱུའི་གཏན་འཁེལ་དེ་གྲ་སྒྲིག་ཡོངས་སུ་ཟིན་ཡང་། ༧གོང་ས་མཆོག་ནས་དུས་སྐབས་རན་ཞིང་འཚམས་པ་ཞིག་མ་སྨིན་པས་སླར་ཡང་བྱ་ཕྱོགས་ཇི་དགེ་བསམ་ཞིབ་གྲོས་བསྡུར་བྱ་ལེགས་ཀྱི་ལམ་སྟོན་བཀའ་སློབ་ཕེབས་དགོངས་ལྟར། བསྐྱར་གྲོས་གནང་སྐབས་གནས་སྐབས་རིང་ལྷ་ས་བར་གོམ་བགྲོད་བསྐྱོད་འཆར་ཕྱིར་འཐེན་གྱིས་དེའི་ཚབ་ཏུ། བཞུགས་སྒར་ནས་ལྡི་ལི་བར་གོམ་བགྲོད་བྱ་རྒྱུ་ཐག་བཅད་པ་བཞིན། ལོ་དེའི་ཟླ ༣ ཚེས ༡༠ ཉིན་༧གོང་ས་མཆོག་གོམ་བགྲོད་དབུ་འཛུགས་དང་། ཕྱི་ཟླ ༣ ཚེས ༢༨ ཉིན་མཇུག་སྒྲིལ་བཅས་སུ་ཆེད་ཕེབས་གནང་། མཇུག་སྡོམ་མཛད་སྒོའི་སྟེང་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་”ང་རང་གི་མཐོང་ཚུལ་ལ་ང་ཚོའི་གོམ་བགྲོད་འདི་འགོ་འཛུགས་བྱས་པ་མ་གཏོགས་དེ་རིང་མཇུག་སྡོམ་རྒྱབ་རྒྱུའི་གནས་ཚུལ་ཞིག་ལ་སླེབས་པ་རྩ་བ་ཉིད་ནས་ངོས་ལེན་ཞུ་གི་མེད”། ཅེས་འབྱུང་འགྱུར་བྱེད་ཕྱོགས་ཐད་ལམ་སྟོན་གསལ་བོ་ཕེབས་ཡོད།
༡༩༩༥ ཕྱི་ཟླ ༣ ཚེས ༣༠ ཉིན་ལྡི་ལིར་ཐེངས་དང་པོའི་གོམ་བགྲོད་མཇུག་སྒྲིལ་སྐབས་གོམ་བགྲོད་པ་ ༥༠༨ ཚང་འཛོམས་གོ་བསྡུར་ཞུས་པའི་གྲོས་ཆོད་དོན་ཚན་གསུམ་པའི་དགོངས་དོན་དུ་འབྱུང་འགྱུར་འཛམ་གླིང་སྤྱི་དང་། བྱེ་བྲག་རྒྱ་ནག་གཞུང་གི་ཆབ་སྲིད་འགྱུར་འགྲོས་དང་བསྟུན་གོ་སྐབས་རན་ཞིང་འཚམས་པ་ཞིག་ལ་ལྷ་ས་བར་དང་རྒྱ་གར་ནང་ཁུལ་བཅས་སུ་ཞི་བའི་གོམ་བགྲོད་ཀྱིས་མཚོན་ལས་འགུལ་རྣམ་གྲངས་འདྲ་མིན་སྤེལ་རྒྱུ་འཁོད་ཡོད་པ་མ་ཟད། སྐབས་དེའི་འགན་ཡོད་རྣམས་ལས་གནས་ནས་འཕོས་མིན་ལ་མ་ལྟོས་པར་མི་མང་ལས་འགུལ་གྱི་ཆེད་དུ་གྲ་སྒྲིག་ཟིན་པའི་དངུལ་རྣམས་མ་འོངས་པའང་མི་མང་རང་གི་ལས་འགུལ་ཆེད་ནར་གཏོང་དགོས་ཚུལ་ཀྱང་འཁོད་ཡོད།
སྐབས་དེར། གྲོས་ཆོད་དེར་མཚན་རྟགས་བསྐྱོན་མཁན། ཚོགས་གཙོ་དབུས་གཙང་སྐུ་ཚབ་ཡོན་ཏན་རྒྱ་མཚོ། ཚོགས་གཞོན་བུད་མེད་སྐུ་ཚབ་ངག་དབང་ལྷ་མོ། དྲུང་ཆེ་གཞོན་ལྷན་སྐུ་ཚབ་བློ་བཟང་སྙན་གྲགས། དངུལ་གཉེར་མདོ་སྨད་སྐུ་ཚབ་བློ་བཟང་བསྟན་འཛིན། རྒྱུན་ལས་ཆིག་ཚོགས་སྐུ་ཚབ་ཕྱག་མཛོད་ངག་དབང་བསྟན་པ། དབུས་གཙང་སྐུ་ཚབ་ཕྲེང་ཟུར་རྡོ་ལགས། གཞོན་ལྷན་སྐུ་ཚབ་དབྱངས་ཅན་སྒྲོལ་དཀར། མདོ་སྨད་སྐུ་ཚབ་སྤེན་པ་ཚེ་རིང་། རྡ་ས་མདོ་སྟོད་སྐུ་ཚབ་རྡོ་རྗེ་ཚེ་རིང་། རྡ་ས་མདོ་སྟོད་སྐུ་ཚབ་རྒྱ་རི་བུ་ཕྲུག མངའ་རི་སྤྱི་མཐུན་སྐུ་ཚབ་བློ་བཟང་གྲགས་པ། བུད་མེད་སྐུ་ཚབ་ཆོས་ཉིད་བཟང་མོ། ཆིག་ཚོགས་སྐུ་ཚབ་ཨ་མདོ་ཀུན་དགའ། དགུ་བཅུ་གསུམ་སྐུ་ཚབ་ཨ་ཎི་དཔའ་ཆེན། དགུ་བཅུ་གསུམ་སྐུ་ཚབ་ཡེ་ཤེས་རྟོགས་ལྡན། མངའ་རི་སྤྱི་མཐུན་སྐུ་ཚབ་པདྨ་ཀུན་བཟང་བཅས་འདུས་པའི་སྐུ་ཚབ་མི ༡༦ ཡོད།
སྐབས་དེར་ཞི་བའི་གོམ་བགྲོད་ཀྱི་ཆེད་དུ་རྒྱལ་གཅེས་ལྷག་བསམ་ཅན་གྱི་མི་མང་ནས་ཞལ་འདེབས་གནང་བའི་དངུལ་ལྷག་རྣམས་མ་འོངས་ལས་འགུལ་གྱི་ཆེད་དུ་རང་གཞུང་དཔལ་འབྱོར་ལས་ཁུངས་སུ་བསྐྱེད་བཅོལ་ཞུས་ཡོད། རྗེས་སུ་དཔལ་འབྱོར་ལས་ཁུངས་ནས་མ་བསྐྱེད་གྲངས་གཙང་བསྡོམས་ཧིན་སྒོར་ས་ཡ་བཞི་དང་འབུམ་ལྔ་ ༤༥༢༠༡༨༤ གོང་གསལ་ཚོགས་པ་བརྒྱད་ལ་ཕྱིར་སློག་གནང་། ཚོགས་པ་བརྒྱད་ཀྱིས་དངུལ་དེ་དག་ཆ་བགོས་ཀྱིས་ཧིན་སྒོར་ ༥༦༥༠༢༣ རེ་རྒྱ་གར་དངུལ་ཁང་དུ་བསྐྱེད་འཇོག་བྱས་ཡོད་པ་རེད།
ད་ཆ་དུས་ཚོད་གང་ནས་ལྟོས་ཀྱང་། སྔར་ཡོད་འབྲུ་དོན་དུ་གསལ་བའི་ལས་འགུལ་སྤེལ་བའི་དུས་སྐབས་རན་ཞིང་འཚམས་པ་ཞིག་ཏུ་སོང་། བོད་ཀྱི་རྩ་དོན་ལ་ཕན་པའི་མི་མང་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་རོགས་ཞེས་རྒས་པོས་ལྷག་བསམ་ཟོལ་མེད་ཀྱིས་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ལས་འགུལ་ནང་རང་ངོས་ནས་མཐུན་འགྱུར་གང་ཡོང་ཞུ་རྩིས་ཡོད་པ་བཅས།
༢༠༡༡ ། ༡༡། ༢༥། ཉིན།
ང་ནི། ཁྱོད་ཀྱི་ཀུན་སློང་ལ་དོགས་པ་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། མི་རྣམས་ཀྱིས་དེ་སྔོན་ཁྱོད་རང་རང་བཙན་ཐོག་རྒྱག་གཅིག་མཆོངས་གཅིག་ཅིག་ཏུ་མཐོང་བ་དང་། ད་སྐབས་ཡང་། དབུ་མའི་ཐོག་རྒྱག་གཅིག་མཆོངས་གཅིག་རེད་འདུག གང་ལྟར་ག་དུས་ཡིན་རུང་། སྔོན་ཐོན་རེད། དེ་རྟགས་གཅིག་རེད། ད་དུང་དེ་སྔོན་རྡ་སར། རང་རིགས་ཟླ་བ་ནོར་བུ་སོགས་རྡུང་རྫོག་བྱེད་མཁན་གྲས་མིན་པས། ང་ཚོར་གནས་ཚུལ་ཡོད་པ་རྣམས་གྲོས་མོལ་ཐོག་ནས་སེལ་དགོས་པ་རྒྱལ་བའི་དགོངས་པ་རྨ་མེད་པ་རེད། འོན་ཀྱང་གནས་ལུགས་ཀྱི་སྔོན་དུ་ལག་པ་འགྱོགས་པ་དེ་ནི། མིའི་བྱང་ཚད་དམའ་བའི་སྐྱོན་དུ་འཛམ་གླིང་ན་གྲགས་འདུག གང་དུ་རྒྱལ་བའི་བཀའ་ཡིན་ཚུལ་རང་ཉིད་ཀྱི་འདོད་པ་སྒྲུབ་མཁན་རྣམས། རྒྱལ་བ་མཆོག་ལ་ཐད་ཀར་བཀུར་འདེབས་ཞུ་མཁན་ལས་ཧ་ཅང་གཏིང་གནག
སྤྱི་ཟུར་ཁོང་གི་བསམ་འཆར་ལ་ཡི་རང་ཡོད། གོང་གི་མཆན་གཉིས་ལ་བལྟས་ན་སྤྱི་ཟུར་ཁོང་ལ་སྒེར་ནད་ལྗིད་མོ་ཞིག་ཡོད་པར་སྙམ། རྒྱུ་མཚན་གང་ཡིན་ཆ་མ་འཚལ་ལོ།།
ཁོང་གི་ལྷག་བསམ་ལ་རྗེས་སུ་ཡི་རིང་ཞུ། ཁོང་དང་ཁོང་ལྟ་བུའི་མི་རབས་རྒན་པ་སྐོར་ཞིག་གིས་སྒྲུབ་པ་འདྲ་ཞིག་དེང་གི་འུ་ཅག་གིས་སྒྲུབ་ཐུབ་ཀྱི་ཡོད་དམ། དྲི་བ་འདི་ཐེངས་དང་པོར་རང་ཉིད་ལ་དྲིས། ཐེངས་དང་པོར་རང་ཉིད་ཀྱིས་རང་ཉིད་ལ་ལན་འདེབས་བྱོས། དངོས་གནས་ལས་རྒྱུ་འབྲས་ལ་རུང་གི་མ་རེད། རང་ཉིད་ལས་འགུལ་ནང་ཞུགས་འདོད་མེད་པ་དང་། ཞུགས་མི་ཐུབ་ན་ཐད་ཀར་ཤོད། མི་གཞན་ལ་ཁ་དམག་རྒྱག་གི་མ་འདུག འདི་ཁྱོད་ཀྱི་སྨྲ་བརྗོད་རང་དབང་གི་ཚད་ཐིག་ལས་བརྒལ་བ་རེད།
བོད་ནང་གི་བློས་གཏོང་ཆེན་པོ་འདི་དག་གིས་སྐྲུན་པའི་རྒྱལ་སྤྱིའི་ཐོག་གི་བོད་ཀྱི་ད་ལྟའི་གཟུགས་བརྙན་འདི་མ་བརླག་གོང་འུ་ཚོས་ངེས་པར་དུ་དེ་ལ་དཔག་པའི་ལས་འགུལ་ཞིག་སྤེལ་ཐུབ་ན་གོ་སྐབས་ཡག་པོ་ཞིག་རེད་འདོད་ཀི། བརྗོད་གཞི་གལ་ཆེན་པོ་འདི་འདྲའི་རིགས་ལ་དྲ་ལམ་གྱི་མི་བུ་ཚང་མས་གྲོས་ཁ་བསྡུར་ན་བཟང་གི་འདོད། ལྷག་པར་དུ་དྲ་ལམ་གྱི་རྒན་རབས་པ་དག་གིས་་་་་་་་་་འཆར་གཞི་དང་བཅས་པ་ཡོད་པའི་ལམ་སྟོན་མང་ཙམ་ལ་རེ་སྒུག་བྱས་ཡོད། དྲན་སྐུལ་ཞུ་རྒྱུར། མི་སུ་ཡིན་ཡང་རང་ཉིད་ཀྱིས་སྒྲུབ་ཐུབ་པ་ཞིག་ཚད་ཐིག་ལ་བཟུང་ན་དོན་ལ་ཕན་ཐོགས་ཆེ་བ་ཡོང་གི་རེད།
ཁོང་དང་ཁོང་ལྟ་བུའི་མི་རབས་གོང་མ་ཚོས་བཞག་པའི་ལོ་རྒྱུས་ཀྱི་ནག་ཐིགས་འདིས་མ་འོས་བོད་མི་གཞོན་སྐྱེས་ཚོའི་འཐབ་རྩོད་ལ་འགག་རྡོ་ལྟ་བུ་ཆགས་ཀྱི་ཡོད་པར་ཤེས་དགོས།
ཁོང་གིས་བྲིས་པའི་ཤོ་ལོ་ཀ་དང་པོ་དེས།
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་རྒྱ་ནག་སྲིད་འཛིན་ཧོའུ་ཅིན་ཐའོ་ལ་ཕུལ་བའི་ཡི་གེ་༼རྒྱ་ནག་དམར་པོའི་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་ཉིན་རེ་ལས་ཉིན་རེ་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་གང་ལ་ཐུག་ཡོད་དམ།༽ ཞེས་པའི་དྲི་བར་ལན་མདོར་ཙམ་ཞིག་བྲིས་པ་འདྲ་པོ་འདུག
སྤྱི་ཟུར་ཁོང་གི་གསུང་པ་ལྟར་ཛ་དྲག་ལས་འགུལ་སྤེལ་དགོས་པ་ངོ་མ་རེད། འོན་ཀྱང་དབུ་མ་ཡིན་ཟེར་ནས་རྐང་ཐང་འདྲ་འགྲོ་སྡད་ན་དོན་འབྲས་གང་ཡང་མེད། དེ་བས་རྔ་ལ་དཔག་པའི་གྲོ་ཞིག་ཁྲབ་དགོས་པ་ལྟར་དགྲ་བོ་རྒྱ་དམར་གྱི་ཆབ་སྲིད་གཡོ་ཁྲམ་ལ་དཔག་པའི་བོད་པའི་ཆབ་སྲིད་ལང་ཕྱོགས་ཀྱང་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་ཡོད། མ་གཞི་སྲིད་སྐྱོང་གསར་པས་གནང་རྒྱུ་གསར་པ་ཞིག་དཀའ་མོ་རེད། ལམ་ཁ་ཚང་མ་ཟམ་གདོང་ཚང་གི་མེད་པ་བཟོས་ཚར་ཡོད། དབུ་མ་དབུ་མ་ཟེར་ནས་ཆོས་དང་ཆབ་སྲིད་འདྲེས་མའི་བྱ་བ་ཞིག་གིས་ལོ་གྲངས་མང་པོ་སྐྱལ་ཟིན་པས་ད་ཕལ་ཆེར་ཛ་དྲག་ཅིག་བྱེད་རྒྱུ་དཀའ་མོ་རེད། ཁྱོད་རང་མ་ཤི་བར་རང་བཙན་ལང་པྱོགས་བཟུང་ན་ད་གཟོད་ཛ་དྲག་ལས་འགུལ་ནང་མཉམ་ཞུགས་བྱས་ན་ལེགས།
མི་རྒན་དེས་སོ་སོ་སྤྱི་འཐུས་ཡིན་དུས་སྤྱི་བའི་མི་ཞིག་བྱས་པའི་ལོ་རྒྱུས་ནི་མེད། ཆོལ་གསུམ་ཕན་ཚུན་དཀྲུགས་པའི་ལོ་རྒྱུས་ནི་གྲངས་ལས་འདས། ད་སེམས་ཤུགས་དེ་གང་ནས་སླེབས་པ་ཡིན་ནམ།
མངའ་ཕྲིན་གྱི་རྔ་ཞིག་བརྡུང་། ཅོ་ཉིས་གར་ཁྲབ། འགྱུར་བསྟན་དང་བཙན་བྱོལ་མིང་ཅན་གཉིས་ལྟ་མོ་བ་བྱས་ཏེ་རང་བཙན་ལས་འགུལ་སྤེལ་རྩིས་ཡིན་ས་རེད་ད།
རང་ཡུལ་ཙོང་ལ་བྲེལ་བའི་མི་ངན་དང་།
རང་བཙན་སེམས་ནས་དོར་བའི་བཀོར་གཟན་གཉིས།
རང་རིགས་རང་མགོ་རྡུང་བའི་ཐོ་བ་གསུམ།
འདི་གསུམ་བོད་མིའི་སྙིང་གི་ཚེར་མ་རེད།
རང་བཙན་སྙིང་ལ་སྡང་བའི་སྐབས་འཚོལ་དང་།
རང་གཞུང་མཚན་བྱང་བཅད་མཁན་རླུང་བུ་གཉིས།
རང་རིགས་ཁ་བྲལ་གཏོང་བའི་ལམ་ཕྱོགས་གསུམ།
འདི་གསུམ་བོད་མིའི་་སྲོག་གི་ཤན་པ་རེད།
ངས་བཤད་རྒྱུར། མི་འདི་རིགས་རླུང་བུའི་རྒྱག་ཕྱོགས་དང་བསྟུན་ནས་བསྐྱོད་མཁན་ཞིག་ལས། དོན་ངོ་མ་རང་ཉིད་ལ་ལྟ་བ་དང་ལངས་ཕྱོགས་ཅི་ཡང་མེད་མཁན་ཞིག་ལ་དོགས་པ་ཡོད། ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་ཧ་ཅང་མང་བས། ཡར་རྒྱས་ཀྱི་མདུན་ལམ་འགོག་གི་འདུག
ལས་འགུལ་སྤེལ་དང་། རྣམ་པ་གསར་པའི་ལས་འགུལ། ངས་ཀྱང་མཉམ་ཞུགས་བྱེད། དེ་མིན་གྲྭ་སའི་སློབ་གཉེར་ལ་བར་དུ་གཅོད་ཅིང་། གྲྭ་པ་རྣམ་གཡེང་འཚོལ་ས་དང་། ཁྱིམ་པ་དུག་ཐག་འཐེན་མཁན་རྣམས་ཀྱི་གནས་སྐབས་ཀྱི་འཚོ་རྟེན་ཆེད། བོད་བར་སླེབས་རྒྱུ་མེད་པའི་གོམ་བགྲོད། འཆི་རྒྱུ་མེད་པའི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་བཅས་ལ་དང་ལེན་དཀའ་ཙམ་དང་། རང་རིགས་ཉི་ཚེ་བའི་ཟ་ཁང་དང་ཚོང་ཚང་མ་སྒོ་བརྒྱབ་བཅུག་ཅིང་འཚོ་བར་དོ་ཕོག་གཏོང་བའི་ཁྲོམ་སྐོར་དང་མར་མེའི་ཁྲོལ་སྐོར་ལ་དེ་ཙམ་གྱི་སྤྲོ་སྣང་མི་འདུག་གོ
ལྷག་བསམ་དང་སེམས་ཤུགས་ཅན་གྱི་སྤྱི་ཟུར་ཁོང་གི་སྙིང་སྟོབས་ལ་ཡི་རངས་ཡོད་ལ་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།།
དེ་སྔ་རང་བཙན་ལ་རྒྱག་གཅིག་མཆོང་གཅིག་དང་ད་ཆ་དབུ་མའི་ལམ་ལ་རྒྱུག་གཅིག་མཆོང་བྱེད་མཁན་ཞིག་ཡིན་ན་མི་དེར་རྣམ་དཔྱོད་ཡོད་པའི་རྟགས་རེད།མི་དེས་དུས་རབས་ལ་ཚོད་འཛིན་ཡང་དག་པ་ཞིག་བྱེད་ཐུབ་པའི་རྟགས་རེད།དེ་མིན་གྱི་རྟགས་གང་ཡང་མེད་པ་རྟགས།
ལ་རྒྱའི་བདག་པོ་ལགས། སྣང་ཚུལ་དང་གནས་ཚུལ་གཉིས་སྐབས་འགར་འགལ་བ་རེད་དོ།
ལས་འགུལ་སྤེལ་ཤོག་་་་། ལས་འགུལ་ནང་རང་ངོས་ནས་མཐུན་འགྱུར་གང་ཡོང་ཞུ་རྩིས་ཡོད་་་་་ཟེར་བའི་ཚིག་འདི་ལ་ཡང་གཟི་བརྗིད་ཅིག་མིའདུག་གམ། ང་ཚོས་འདི་འདྲ་ག་དུས་འབྲི་བཟོད་དམ།
bkr shis bde legs