(སློང་མོ་བ་ཞིག་གི་གླུ་སྐད་ཉན་རྗེས།)
བོད། ལྷ་ཀླུ་གཉན་གསུམ།
མགོ་ནག་བོད་པ་ཞེས་རང་གིས་རང་ལ་དེ་ལྟར་འབོད་མཁན་གྱི་བོད་མི་དག་ཡར་འགྲོ་མར་འགྲོ་བྱེད་སའི་བཞི་མདོ་ཞིག་ནས། ཁྱེད་ཀྱིས་རིགས་རུས་ཀྱི་བླ་སྲོག་དང་འདི་ཕྱིའི་སྐྱབས་གནས་དག་གི་མཚན་ནས་ཤུགས་ཀྱིས་བོས། ང་ནི་སློང་མོ་བ་ཡིན། ངའི་མི་རིགས་ཀྱང་ང་རང་བཞིན་སློང་མོ་བ་རེད་ཅེས་བཤད་ཀྱི་འདུག ཤུ་རེ་གོ ངའི་མིག་ཆུ་ཐང་དུ་ལྷུང་གྲབས་བྱས་སོང་། ཡིན་ཡང་། ངས་རྒྱང་རིང་ཞིག་ནས་ཁྱོད་ཀྱི་སྐད་ངག་ལ་ཉན་ནས་བསྡོད་པ་ལས། ངས་ཁྱེད་ལ་གང་ཡང་བྱེད་ཐུབ་ཀྱི་མི་འདུག ཁྱོད་ཀྱི་སྐད་ཀྱི་གདངས་ན། གསོན་ཉམས་ཤིག་འདུག ཁྱོད་ཀྱི་སྐད་གདངས་སུ་རིགས་ཀྱི་མདུན་པ་འཕྱོ་བཞིན་འདུག ཁྱོད་ཀྱི་སྒྲ་སྐད་ཀྱི་སྣེ་རུ་འཐམ་ནས། ཁ་བ་ཅན་ལ་ཅི་ཞིག་ཡོད་པ་དང་། ཅི་ཞིག་ཡོད་པ་ནས་བཞུད་ཟིན་པ་དག་ལ་རྗེས་དྲན་བྱས། ཁྱོད་ཀྱི་དོན་དངོས་སུ་སྒོར་མོ་སློང་གི་མི་འདུག ཁྱོད་ཀྱི་རིགས་ཞེན་སློང་གི་འདུག ཁྱོད་ཀྱི་ལ་རྒྱ་སློང་གི་འདུག ཁྱོད་ཀྱི་སྙིང་སྟོབས་སློང་གི་འདུག ཁྱོད་ཀྱི་སེམས་ཤུགས་སློང་གི་འདུག ཁྱོད་ཀྱི་གཅིག་སྒྲིལ་སློང་གི་འདུག ཁྱོད་ཀྱི་མི་ཞིག་ལ་དགོས་པ་དེ་དག་ལས་གཞན་གང་ཡང་སློང་གི་མི་འདུག
ཡིད་སྐྱོ་བ་ཞིག་ལ། ཁྱོད་ཀྱི་སློང་བཞིན་པ་དེ་དག་ལ་གསན་ཐུབ་པའི་རིགས་ཤེས་པ་དང་སད་རྟོགས་པ་ཅི་ཙམ་ཞིག་ཁྱོད་ཀྱི་འགྲམ་དུ་ཡོང་ངམ། ཁྱོད་ཀྱི་ལག་པའི་ནང་དུ་ལག་པ་བཞག་ནས། ཁྱོད་ཀྱི་སེམས་པའི་ནང་དུ་སེམས་པ་བཞག་ནས། ཁྱོད་ལ་དགོས་པའི་སྐད་ཆའི་ཚོམས་པའི་དེ་དག་བཤད་ཐུབ་པའི་སྐྱེ་བོ་ཞིག་ཁྱོད་ལ་ཐོབ་སྲིད་དམ། དངོས་ནས་སེམས་པ་སྐྱོ་རུ་བཅུགས་ཐལ། སེམས་དང་རུས་པ། བ་སྤུ་རེ་རེ་བཞིན་འདར་དུ་བཅུགས་སོང་། སྤུན་ཟླ་ཁྱོད་རང་། ངས་གང་ཞིག་ནས་རིག་མྱོང་འདུག རིག་སྟངས་དེ་ནི་ཁྱོད་ཀྱི་སྐད་ངག་གི་ཁྲོད་དང་། ཁྱོད་ཀྱི་འབོད་སྒྲའི་ཁྲོད་ཀྱི་འགུལ་ཤུགས་དང་ཉམས་འགྱུར་སྟོང་ལྡན་གྱི་སྐྱོ་གནས་དང་རྗེས་དྲན། དྲན་གདུང་བཅས་ཀྱིས་བསླེངས་དེ་འོང་བའི་འབོད་སྐུལ་རེད། མཐའ་དོན་ངས་ཁྱེད་རང་ལྟ་བུའི་བོད་ཡུལ་ཁམས་ཀྱི་སྐྱེ་བོ་འུ་ཅག་གི་བདེ་བ་སྡུག་བསྔལ་གྱི་གླུ་སྐད་འདི་དག་ལ་གསན་བསམ་མྱོང་རོལ་བྱེད་མཁན་གྱི་རིགས་ཀྱི་སྤུན་ཟླ་དག་སེམས་ཀྱི་འབར་ནས། མྱོང་བའི་བཟི་ནས། སད་རྟོགས་རིགས་གསུམ་གྱི་མཉམ་གནས་གཅིག་དུ་རོལ་བའི་མི་རིགས་ཤིག་དུ་འགྱུར་བར་སྨོན་འདུན་དང་། ཁྱོད་ཀྱི་གླུ་སྐད་དེ་ཡི་འགུལ་ཤུགས་ལ་བར་ཆད་མེད་པར་སྨོན་འདུན་གྲངས་མེད་དང་བཅས་ཡུལ་འཁྱམས་སྤུན་ཟླ་ཞིག་གིས་ཁྱོད་ཀྱི་གླུ་སྐད་ལ་ཉན་རྗེས་སུ་ཕུལ།
ཁྱེད་ནི་ སྤྲང་པོ་ ག་ལ་ཡིན། བློ་བཟང་ མིན་ཡང་ སེངྒེ་ རེད་འདུག ལ་རྒྱའི་ གཡུ་རལ་ ངོམས་བཞིན་པ་ ང་ཡིས་ མཐོང་བགྱིད་ འདུག་པས་ གཞས་ཚིག་ལ་ ཐུགས་རྗེ ་བཀའ་དྲིན་ ཆེ་ཞེས་ ཞུས་འོས་སུ་ མཐོང་ལགས།