གཅན་བཟོད་རྒྱམ།
སྙིང་ནས་བརྩེ་བའི་བོད་ཕྱི་ནང་གང་སར་བཞུགས་པའི་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། འདི་ག་རྒྱ་གར་དྷ་རམ་ས་ལར་གཙོ་གཉེར་བྱས་དང་བྱེད་བཞིན་པའི་༼རང་དབང་གླེང་སྟེགས་༽ ཞེས་པའི་བོད་ཡིག་གི་དྲ་རྒྱ་འདི་བཞིན་ཤར་གཏོང་བྱས་ནས་ད་བར་དུ་མི་ལོ་གཅིག་དང་ཕྱེད་འགོར་ལ་ཉེ་བའི་རིང་། བོད་ཕྱི་ནང་གི་ཤེས་ལྡན་མི་སྣ་མང་པོས་རྩོམ་ཡིག་བསྐུར་བ་དང་། ལྟ་ཀློག་གནང་བ་སོགས་ཀྱི་ཉེར་ལེན་ལས་དེང་སྐབས་རང་དབང་དྲ་བ་འདི་བཞིན་བོད་ནང་དུ་ཀློག་མཁན་མང་པོས་རེ་འདོད་བསྐོང་ཐུབ་པའི་དྲ་རྒྱ་ཡག་པོ་ཞིག་ཆགས་ཡོད་པ་དང་། ལྷག་པར་བོད་ཕྱི་ནང་གཉིས་ནས་བོད་དོན་དང་འབྲེལ་གནས་ཚུལ་དང་ཆེད་རྩོམ་སྤེལ་ས་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་ཁར། བོད་ནང་གི་ཤེས་ལྡན་མི་སྣས་བོད་རྒྱའི་གནད་དོན་དང་བོད་ནང་གི་བོད་མིའི་དཀའ་སྡུག་སོགས་ཀྱི་སྐོར་ཆེད་རྩོམ་གང་མང་རང་དབང་དྲ་བར་བསྐུར་གནང་སྟེ་བོད་ཕྱི་ནང་གི་ཀློག་མཁན་ཁྲི་འབུམ་གྱི་མིག་འབྲས་གཏོད་ས་ཞིག་ཏུ་གྱུར་འདུག་པ་ནི་དགའ་བའི་ཡུལ་དང་བསྟོད་པའི་གནས་སུ་ལགས་ན། རྒྱ་ཆེའི་རྩོམ་པ་པོ་དང་ཀློག་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ད་དུང་ཡང་རྩོམ་ཡིག་དང་ཆེད་རྩོམ་གང་མང་འདི་གར་སྐུར་གནང་ཡོང་བའི་རེ་བ་སྙིང་ནས་ཞུ་རྒྱུ་དང་།
ཞོར་ནས་གལ་ཆེ་བའི་གསལ་བཤད་ཞུ་རྒྱུ་ཞིག་ལ། རང་དབང་དྲ་རྒྱ་འདི་ཐོག་མའི་བཟོ་བཀོད་དང་ཇུས་འགོད། དྲ་མིག་ནང་གི་བརྗོད་གཞི་དང་། ཟིན་བྲིས་བཟོ་སྟངས། ཟིན་བྲིས་པ་སོ་སོའི་མིང་གི་སྟེང་དུ་རྡེག་གནོན་བྱས་ཚེ་རང་སོ་སོའི་ཟིན་བྲིས་སུ་ཐད་ཀར་འཛུལ་ཞུགས་ཐུབ་པ། རྩོམ་ཡིག་གི་མིང་བྱང་༼འཚོལ་བཤེར་༽ནང་དུ་འཚོལ་སླ་བ། གསང་ཚིག་བསྐྱར་གསོ་བྱེད་བདེ་བ། རྩོམ་ཡིག་དང་བརྙན་རིས། འདྲ་པར་སོགས་གང་འདོད་དུ་བཀོད་ཐུབ་པ་སོགས་དྲ་བའི་སྤྱིའི་བཟོ་བཀོད་སོགས་ལ་གུས་པའི་དཀའ་བ་ཧུར་བསྐྱེད་བྱས་ནས་ལེགས་འགྲུབ་བྱས་མཚམས་ནས་སྔ་ལོའི་༸སྐུའི་འཁྲུངས་སྐར་ནས་ཤར་གཏོང་བྱས་ཏེ་ད་བར་མི་ལོ་གཅིག་ལྷག་གི་དུས་ཡུན་ནང་། དྲ་ལམ་གྱི་མཐུན་རྐྱེན་དང་དྲ་བར་གསར་གནས་དང་རྩོམ་ཡིག་འགོད་པ་སོགས་ཀྱི་ལས་ཀ་ཆ་ཚང་གུས་པས་༼དྲ་ཞབས་སེང་གེ་༽དང་༼རྡེའུ་དཀར་༽ཞེས་པའི་མིང་ཐོག་ནས་བྱས་པ་མ་ཟད། རྒྱལ་བའི་རྣམ་ཐར་ཆེན་མོ་༼མཛད་རྣམ་རྒྱལ་ཆེར་རོལ་མཚོ་༽ཆ་ཚང་བ་PDF བཟོས་ཏེ་དུམ་ཚན་དུ་བགོས་ཏེ། གཙོ་བོ་བོད་ནང་གི་ཀློག་མཁན་ཚོས་ལྟ་ཀློག་བདེ་ཆེད་སྐུ་པར་རྣམས་ཁག་སོ་སོར་བཀོད་པ། དུས་བབ་དང་ཁ་བརྡ་སོགས་ཀྱི་རྩོམ་སྒྲིག་པ་དག་ལ་དྲ་རྩོམ་བརྒྱུད་འགོད་ཆོག་མཆན་ཞུས་པ། བོད་ཕྱི་ནང་གཉིས་ཀྱི་རྩོམ་གྲོགས་མང་པོ་ཞིག་ལ་རང་དབང་དྲ་བར་ཟིན་བྲིས་བཟོ་རྒྱུ་དང་རྩོམ་ཡིག་སྐུར་དགོས་པའི་རེ་སྐུལ་ཞུས་པ་སོགས་བྱས་སྟབས། དེ་རིང་གི་རང་དབང་དྲ་རྒྱ་འདིར་རྩོམ་ཡིག་དང་གསར་གནས་སྟོང་ཕྲག་འགའ་དང་། ཟིན་བྲིས་པ་༢༠༠ ཡན་ཟིན་འདུག་པར་གུས་པ་ཧ་ཅང་དགའ་སྤྲོ་ཆེ་མོད།
ཡིད་སྐྱོ་བ་ཞིག་ལ་རང་དབང་དྲ་རྒྱ་འདི་དང་འབྲེལ་ཡོད་མི་ཆེན་རེ་གཉིས་ཀྱིས་གུས་པའི་སེམས་ལ་རྨ་ཁ་བཟོས་ཤིང་ཚུལ་མིན་འོས་མེད་བྱས་༼འདིའི་སྐོར་དགོས་དབང་གིས་ཞིབ་གསལ་དྲ་ཐོག་ཏུ་མི་འགོད་ཅིང་གཞན་ལའང་བཤད་འདུན་མེད།༽རྐྱེན། ད་ལོའི་སྤྱི་ཟླ་དགུ་བ་ཙམ་ནས་གུས་ལ་རང་དབང་དྲ་རྒྱའི་ཞབས་ཞུའི་ལས་ཀ་འདི་དང་གཏན་ནས་ཁ་བྲལ་བ་ཡིན་ལ། གསལ་བཤད་འདི་ཙམ་ནི་བོད་ཕྱི་ནང་ན་རང་དབང་དྲ་བར་རྩོམ་བསྐུར་མཁན་དང་ཟིན་བྲིས་བཟོས་མཁན་དག་ལ་གསལ་བཤད་ཙམ་བྱས་པ་ཁོ་ན་ཡིན་ལ། དེ་ཡང་ཕྱིས་འབྱུང་རང་དབང་དྲ་བའི་དགེ་སྐྱོན་ཅི་ཡོད་གུས་བར་འབྲེལ་བ་མེད་པའི་གསལ་བཤད་བྱས་པ་ཡིན།
ལྷག་དོན་བོད་ནང་དུ་བཞུགས་པའི་རྩོམ་གྲོགས་རེ་གཉིས་བདག་ལ་དམིགས་ཀྱིས་འབྲེལ་བ་ཆེན་པོ་ཡོད་པས་ན། ཁོང་ཚོས་ད་དུང་མུ་མཐུན་ནས་རང་དབང་དྲ་རྒྱའི་དོ་དམ་དང་འགན་ཡོངས་རྫོགས་བདག་གིས་འཁུར་ཡོད་ཤག་ཀྱིས་ཡི་གེ་འདྲ་མིན་སྔར་མུས་བཞིན་མི་སྐུར་རྒྱུའི་གསལ་བརྡ་བཏང་བ་ཡིན།
སྤྱིར་གསལ་བཤད་འདི་ཙམ་ཡང་འབྲི་འདུན་ཆེར་མེད་མོད། རྩོམ་གྲོགས་དང་གྲོགས་པོ་རེ་འགས་ངོ་འཕྲད་སྐབས་༼ཁྱེད་ཀྱི་རང་དབང་དྲ་བར་དེང་སང་འགྱུར་མ་མི་འདུག་པ་ཅི་རེད། དྲ་རྒྱ་ནི་ཆ་འཕྲིན་དུས་རབས་གྱི་རིག་གནས་ཤིག་ཡིན་པས། འདི་ལྟར་འགུལ་མེད་ངང་བསྡད་ན་དགོས་པ་ཅང་མི་འདུག་༽སོགས་དགོངས་ཚུལ་གལ་ཆེན་དག་གསུངས་སྟབས། གུས་པས་གསལ་བཤད་དང་རེ་སྐུལ་འདི་ཙམ་བྲིས་པ་ཡིན།
དེ་རིང་གི་དྲ་བདག་ལ་རེ་སྐུལ། རང་དབང་དྲ་བ་འདི་དེང་སྐབས་གངས་མཚོ་ཟེར་བ་ཞིག་གིས་དོ་དམ་བདག་སྐྱོང་བྱེད་བཞིན་འདུག་པ་གོ་ཐོས་བྱུང་བས་དགའ་བོ་བྱུང་། རང་དབང་དྲ་བ་འདི་བཞིན་གོང་འཕེལ་དང་རྒྱུན་སྐྱོང་ཐུབ་པའི་རེ་བ་དང་། གཞན་རང་དབང་དྲ་བའི་༼ཕུལ་བྱུང་རྩོམ་ཡིག་༽གི་དྲ་མིག་སྔར་གུས་པས་ཉིན་རེ་དང་ཡང་ན། ཉི་མ་གཉིས་ཀྱི་མཚམས་ནས་བརྗེ་བསྒྱུར་བྱས་པ་ཡིན་མོད། ད་ལོའི་དབྱར་ཁ་ང་ལ་དྭགས་སུ་སོང་བའི་རྗེས་ནས་ད་བར་དུ་༼ཕུལ་བྱུང་རྩོམ་ཡིག་༽གི་དྲ་མིག་དེར་འགྱུར་བ་མེད་པར་རྟག་བརྟན་དུ་གནས་འདུག་པ་དེ་ཡང་སྐབས་དུས་ཀྱི་རྩོམ་ཡིག་དང་གསར་འགྱུར་ལེགས་གྲོས་ཀྱིས་བརྗེ་བསྒྱུར་བྱ་དགོས་པའི་རེ་བ་དང་། རང་དབང་དྲ་རྒྱ་འདི་བཞིན་མི་ཆེན་ཚོའི་དགོངས་དོན་དང་མཐུན་བཞིན་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་བ་བཅས་གུས་པ་གཅན་བཟོད་རྒྱམ་པས་ལྷག་བསམ་དག་པས་ཕུལ།
བོད་ཕྱི་ནང་གི་རྩོམ་གྲོགས་དང་གྲོགས་པོ་ཚོས་གུས་པ་མི་སྒེར་ལ་གནས་ཚུལ་དང་དགོངས་ཚུལ་གང་ཐད་ནས་འབྲེལ་བ་གནང་དགོས་བྱུང་ཚེ་དྲ་ཐག་འདི་བེད་སྤྱོད་གནང་རོགས་ཞུ། ssopa23@yahoo.com.hk
སྤྱི་ལོ་༢༠༡༡།༡༢།༧།ཉིན།
བཟོད་པ་ལོ་ལོ། ཡང་སོ་སོས་མི་འཇོན་གི་འདོད་དུས་གཞན་གྱི་མགོ་ལ་གཡུག་རྩིས་བྱས་ནས་ཅི་བྱེད། མི་འཇོན་ན་མི་འཇོན་གི་ལབ་ནས་སེམས་པ་གཙང་ཐག་བཅད་ནས་བཤད་ན་འགྲིག་གི་མོ། མི་འདིའི་རིགས་ཀྱི་ཁ་ཐལ་གྱིས་ཆོད།
རང་གི་ནག་ཉེས་གཞན་ལ་གཡོགས་རྩིས་བྱེད་པ་འདི་ནི་སྨྱུ་གུ་འཛིན་མཁན་ཞིག་གི་ལས་མི་ཡིན་ནོ།།
བཟོད་རྒྱམ་ལགས་ཤེས་པར་གྱིས་ཤིག
དགོས་པའི་རང་དབང་གླེང་སྟེགས་ཀྱེ་འབྲེལ་ཐག་ཁ་བྱང་དེ་བཀོད་རྒྱུ་བརྗེད་མི་འདུག་གམ།
རང་དབང་གླེང་སྟེགས་ཀྱིས་བོད་ནང་ལ་གནས་སྐབས་ཤིག་རིང་ཕན་ཐོགས་ཡོད་པ་རེད། མ་གཞི་ནས་བོད་ནང་ལ་དམིགས་པ་ཞིག་ཡིན་ན་ཁུ་སིམ་སིམ་གྱིས་གང་སར་ཡན་པར་འུག་ཐབས་ལས་བཙན་བྱོལ་ནང་ལ་རྒྱ་ཁྱབ་ཏུ་བསྒྲགས་ན་ཉེན་རྟོག་པས་ལམ་སང་ཚོར་གིན་འདུག ད་ལྟ་བོད་ནང་ནས་ལྟ་མི་ཐུབ་ཟེར།
ཡང་བསྐྱར་དྲ་རྒྱ་གསར་བ་ཞིག་ལ་བརྗེ་སྒྱུར་ཐུབ་ན་ལེགས། དེང་སང་བོད་ནང་མུ་མཐུད་དེ་རླུང་རྟ་རྒྱུགས་བཞིན་པ་ནི་མི་སྒེར་བས་ཁུ་སིམ་མེར་གཏོང་བཞིན་པའི་དྲ་བ་རེ་གཉིས་རེད། ཐབས་ལ་མཁས་དགོས། མིང་གྲགས་ལ་མ་རེ།
བཀྲ་ཤིས་བདེ་ལེགས་ཡོད།
༡རང་ཉིད་རང་ལ་དབང་ཞིང་༥གཅན་གཟན་༦བཟོད།།
༢དབང་ཆ་རང་ལ་མེད་ན་ཇི་ལྟར་བྱ།།
༣གླེང་ན་ཕན་ནམ་ཡང་ན་མཐུན་ན་བཟང།།
༤སྟེགས་བུའི་སྟེང་ནས་མ་བརྐྱ་༧རྒྱ་༨མཚོའི་མཚན།།
རྒྱ་ནག་དང་ཐེ་ཝན་གཉིས་ལ་ཆབ་སྲིད་མ་ཡིན་པའི་འབྲེལ་བ་ཆེན་པོ་ཡོད། བོད་ཕྱི་ནང་གཉིས་ལ་འབྲེལ་བ་དེ་བཞིན་མེད། གནད་དོན་ནི་ཕྱི་ཕྱོགས་ལ་ཀླད་པ་འཁྲག་དྲག་པ་དང་བོད་ནང་ལོགས་སུ་སེམས་པ་ཆུང་དྲག་པའི་སྐྱོན་མིན་སྙམ། གང་ལྟར་ཕྱི་ནང་གཉིས་ལ་ཆབ་སྲིད་མ་ཡིན་པའི་འབྲེལ་བ་བྱུང་ན། མ་འོངས་པའི་བྱ་བ་ཡག་པོ་ཡོང་རྒྱུ་རེད་བསམ།
ད་ཕན། གཅན་བཟོད་རྒྱམ་ལགས་ནས་རང་དབང་དྲ་བ་དེ་ཡར་རྒྱས་གང་འཚམས་བཏང་ཡོད་པར་རྗེས་སུ་ཡི་རངས་ཞུ་འདོད་བྱུང་། སྐུ་ཉིད་རང་དབང་དྲ་བ་དང་ཁ་བྲལ་བར་ཡིད་སེམས་སྐྱོ། ད་། དམིགས་བསལ་ཞུ་རྒྱུ་མི་འདུག་ལ་ཞུ་སྟངས་ཀྱང་ཤེས་གི་མི་འདུག བོད་སྔ་མོའི་གཏམ་དཔེར་། “རྟ་ཕོ་རྒྱུགས་ཤེད་ཡོད་ན། བྱང་ཐང་སྟོང་པ་རེད་” ཟེར་བ་དེར་གོ་རྒྱུ་ཞིག་འདུག་དྲན།
ཁོམ་དུས་ཁོམ་དུས། མུ་མཐུད་དུ་རྩོམ་འབྲི་གནང་རོགས།
དགོས་མེད་ཀྱི་གསལ་བཤད་འདིས་བོད་ནང་གི་དྲ་ལམ་ལ་ཞུགས་མཁན་ལ་ཉན་ཁ་ཡོད་པ་ཤེས་བཞིན་དུ་གསལ་བཤད་བྱས་པ་ནི་ངོ་མ་ཀླད་མེད་ཅེས་པ་རེད་།
གང་ལྟར་རང་ཉིད་ཀྱིས་མི་འབྱོན་ན་ཁ་ཁུ་སིམ་འདུག་རོགས།
བདེན་པ་ཡིན་མིན་མི་ཤེས་ཏེ། ༧གོ་ཐོས་སུ་གཅན་རྒྱམ་གྱི་ལོ་གཅིག་གི་གླ་ཆ་ཚང་མ་དོན་མེད་ལ་མི་ཆེན་རེ་ཟུང་གིས་ཨམ་ཕྲག་བར་ནས་བརླག་ཡོད་པ་རེད་ཟེར། བཟོད་པ་ལ་ཁག་མི་འདུག་ཡ། ལྐོག་ཟ་རུལ་ཟུངས་འདི་ད་་་་་་
གཅན་བཟོད་རྒྱམ་གྱིས་འདི་ལྟར་རང་དབང་གླེང་སྟེགས་རྩོམ་སྒྲིག་པའི་ལས་གནས་ནས་དགོངས་པ་ཞུ་སྟངས་ལ་བལྟས་ན། ཏན་ཏན་ཁོང་ལ་སྒེར་གྱི་དཀའ་ངལ་ཞིག་ཡོད་ཀྱི་རེད། དེ་བས། དྲ་གྲོགས་ཚོས་ཁོང་ལ་སྒེར་གྱི་འབྲེལ་བ་གནང་ན་གནས་ཚུལ་ཁ་གསལ་ཆགས་ཀྱི་རེད། དེ་མིན། དོན་མེད་གཞན་ལ་ཁ་རྡུང་བཏང་ན་ཡག་པོ་མི་འདུག དེ་ང་རང་སྒེར་གྱི་བསམ་ཚུལ་ཡིན།