(བོད་ནས་རྩོམ་པ་པོས་རེ་བ་བྱས་བ་ལྟར་བསྐུར་ཡིན། ཁ་བརྡ་ལ་་བསྐུར་མཁན་གྱི་མིང་བཀོད་མེད།)
ཐོག་མར་ང་ལ་ལྟ་ལོག་པ་ཟེར་བར་གཟིགས་ཤིག།
བོད་ནས་ ལྷམ་ཀོག་འམ་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས།
_______________________
བོད་ཀྱིས་མཁས་མི་མཁས་ཀྱི་ཚད་གཞི་ཆོས་གཞུང་གི་སྟེང་ནས་འཇོག་གིན་ཡོད་ལ། ཆོས་གཞུང་གིས་བོད་སྐྱོབ་ཐུབ་པར་འདོད་ཡོད།ད་ལྟའི་བོད་ཁྱིམ་གསར་བ་ཞིག་བསུ་ན་ཡང་ཆོས་ཀྱི་སྒང་ནས་བསུ་དགོས་གི་སྙམ་འདུག ཡ་མཚར་དགོས་པ་ཞིག་ལ་མ་འོངས་པའི་ཁྲིམས་ལུགས་དེ་ཡང་འདུལ་ཁྲིམས་ལྟར་བཅའ་ཡང་སྲིད་ཀི ཆོས་གཞུང་འདི་ཡོད་པས་བོད་པ་ཁ་ཐོར་དུ་མ་སོང་བ་བདེན་ཡང་། ཆོས་གཞུང་འདིས་མི་རིགས་ཤིག་གི་རང་དབང་ལོན་པར་འདོད་པ་དེ་གླེན་རྟགས་ཁོ་ནས་ལས་མ་འདས་སོ།། ན་ནིང་དོ་ཚིགས་ཀྱི་གྲྭ་བས་འོས་ལངས་དེ་ཡང་ཆོས་སུ་བརྩི་གིན་ཡོད་མོད། དེ་ནི་ཆོས་དང་དྲང་མོར་བཤད་ན་མཐུན་པ་ལས་མི་མཐུན་པ་ཤོས་ཆེ་ནི་རེད།དཔེར་ ན་ད་ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ཡང་ཆབ་སྲིད་ཀྱི་གནད་ཟིན་པའི་སྐད་ཆ་ ཤོད་མཁན་གཅིག་ཀྱང་མེད་པ་དེའང་ད་རག་ལ་ཆོས་ལུགས་རྐྱང་བ་ལས་ཤེས་བྱའི་སྒོ་གཞན་ མ་མཐོང་བས་ལན་པ་རེད། བཀའ་ བློན་ནས་བཟུང་སྟེ་དངོས་ཡོད་ཀྱི་འཐབ་རྩོད་དེ་ལ་རིམ་གྲོ་སྒྲུབ་པ་དང་མོ་རྩིས་ རེ་བྱས་ནས་སྡོད་པ་ནི་ཕ་རོལ་བོར་བཞད་གད་སློང་བའི་རྒྱུ་རུ་ཟད་དོ།། རྡོག་རྩ་ཆིག་སྒྲིལ་གྱི་ལས་ལ་མི་སྒྲིམས་པར་ལྷ་འདྲེ་ཞིག་བརྩད་ནས་སྡོད་པ་དེ་ཡང་དམངས་གཙོ་བྱས་པ་དེ་ལའང་འགལ་འདུག ཐན་དུ་ལྟ་བའི་གུང་ཁྲན་གྱིས་ཀྱང་ཆོས་དད་པ་ལ་རང་དབང་དང་མ་དད་པ་ལ་རང་དབང་སྟེར་གིན་འདུག ད་རག་བར་དུ་སློབ་གྲྭ་ནས་ཀྱང་ཆོས་སྦྱངས། དགོན་པ་ནས་ཀྱང་ཆོས་སྦྱངས། སྲིད་གཞུང་ནས་ཀྱང་ཆོས་བརྩད། དགོན་པ་ནས་ཀྱང་ཆོས་བརྩད་ནས་མཐར་གཏུགས་སྲིད་ལ་ཡ་ལན་སྤྲོད་མཁན་ཞིག་གང་དུ་ཡང་མ་བྱུང་བ་ནི་ཤེས་བྱར་གོ་འཛོལ་བྱུང་བའི་རྟགས་རེད། ཡིད་བཞིན་ནོར་བུ་གཅིག་པོར་བལྟས་ནས། ཁྲོམ་སྲང་ནས་འུར་རེ་བརྒྱབས་ཏེ་འདུག་པ་ཙམ་ལས་བསམ་བློའི་ཆ་ན་གན་དང་འདི་བྱེད་ཟེར་བ་གཅིག་ཀྱང་མི་འདུག ཚང་མ་ཚ་རྐོང་གཅིག་གི་ཚ་ཚ་རེད། དེང་རབས་ན་གཞོན་ཟླ་བ་ནོར་བུ་དང་པདྨ་འབུམ་སོགས་ཀྱིས་བསམ་ཚུལ་རེ་བརྗོད་ན་ལྟ་ལོག་པའི་ཉེས་མིང་འདོགས་པར་མ་ཟད། སྲོག་ལ་གཟན་པའི་ལས་ལ་ཡང་སྐུལ་གིན་ཡོད། ངོ་མ་ད་རག་བར་དུ་ཡིད་བཞིན་ནོར་བུས་སྐད་རྒྱབ་བརྒྱབས་པ་དེ་དག་ལ་རྒྱབ་སྐྱོར་བྱེད་ནུས་པ་གཅིག་ཀྱང་མི་འདུག མདོར་ན་སྲིད་གཞུང་གི་ལས་ཀ་དང་དགོན་པ་ལས་ཀ་གཉིས་ལ་དབྱེ་ཁྱད་ཀྱང་གསལ་བོ་ཞིག་ཀྱང་མི་འདུག་པས་ཕྲན་ང་ནི་ཧ་ཅང་གི་སྐྱོ་དགོས་བྱུང་། ཀློག་ པ་པོ་དག་གིས་སྡིག་རྐྱང་མ་བྱེད་པར་བསམ་བློ་བཏང་མཐར་ང་ལ་ལྟ་ལོག་པ་ཞེས་ ཤོད། སྤྱིར་འུ་ཅག་གི་ཁ་ལ་ལྟ་ལོག་པ་ཞེས་པ་འདི་མཁས་མི་མཁས་གཉིས་ཀྱི་སྤྱི་ ནོར་ལྟ་བུ་ཞིག་ཡིན་པས། བཤད་ཆོག་ཆོག་དང་འདོགས་ཆོག་ཆོག་གི་ཚུལ་དུ་ཡོད་མོད།འོན་ཀྱང་ཞིབ་འདང་རེ་བརྒྱག་ དགོས་བྱུང་འདུག མིག་གསལ་བོ་གྱིས།བསམ་བློ་སྒམ་པོར་གྱིས། རང་མི་ལྟ་ལོག་པ་ཇི་འདྲ་ཞིག་ཡིན་རུང་ ཕ་མ་ཉེ་དུ་འདོར་མཁན་རེ་གཉིས་ལས་ཡོད་མི་སྲིད། དེའི་ཕྱིར་སྐབས་ཀྱི་སྙན་པ་ལ་མཐེབ་མོ་སྟོན་པ་དང་།མི་སྙན་པ་ལ་སྡིག་མཛུབ་སྟོན་ རྐྱང་མ་རེད། འདི་ནས་གོ་འཛོལ་འབྱུང་མི་ཉེན་ས་ཞིག་ནི་ངས་ཆོས་ལུགས་མི་ཟབ་ཀི་ ཞེས་པ་དང་དེ་གཏན་ནས་མི་དགོས་ཟེར་བ་འམ། ཡང་ན་དེས་ང་ཚོར་ཕན་བཏགས་མ་མྱོང་ཞུ་བ་དེ་མ་ཡིན་པར་གོ་དགོས་ སོ།།
འཁྲུལ་བ་འབྱམས་སུ་ཀླས་ཀྱང་གླེན་པ་ཞིག་གིས་དུངས་ཞེན་ཁར་ཕུད་པ་ཙམ་དུ་གོ་ནས་བཀའ་བཀྱོན་མི་གནང་བར་ཞུ།
གྲོགས་ པོ་ལགས། འདི་དེ་ག་ནས་དྲ་གནས་དང་ཚགས་ཤོག་དུས་དེབ་ཅི་རིགས་སུ་འགོད་ཐུབ་ན་བཀའ་དྲིན་ཆེ་ མིང་ལྷམ་ཀོག་འམ་རོང་བོ་དགེ་འདུན་ལྷུན་གྲུབ་ཟེར་དགོས།
དོན་དག་རྡོག་རྡོག་འདྲ་བོ་ཅི་ཞིག་བཤད་ཀྱི་ཡོད་མེད་མི་ཤེས་གི། བཀའ་བློན་ཁྲི་བས་བཤད་བཞིན་པའི་གཞིས་ཀྱི་བོད་མི་རྩོམ་འབྲི་བའི་བསམ་བློའི་གོ་རྟོགས་འདི་ཡིན་ན།
བསྐྱར་དུ་བསམ་བློ་གཏོང་རྒྱུ་དང་ཞིབ་འཇུག་བྱེད་རྒྱུ་གཉིས་ཀ་འདུག་སྙམ།
ལོ་རྒྱུས་སྨྲ་བ་ཚོས་བོད་ལ་ས་སྐྱ་འགྲོ་མགོན་འཕགས་པའམ་ཡང་ན་རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་ཆོས་སྲིད་ཟུང་འབྲེལ་སྲོལ་འབྱེད་བྱས་པ་རེད་ཅེས་བཤད་ཀྱིན་ཡོད་པ་རེད་ལ། ཆོས་སྲིད་ཟུང་འབྲེལ་གྱི་དགེ་མཚན་དེ་ད་བར་དུ་གླེང་སློང་དང་རྩོམ་ཡིག་མང་པོ་བྲིས་ཡོད་ནའང༌། གཞིས་སུ་སྐུ་གཤེགས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང༌། བྱེས་སུ་སྐུ་གཤེགས་རྒན་བློ་བཟང་རྒྱ་མཚོ་གཉིས་ཀྱིས་རྩོམ་ཡིག་དེ་གཉིས་མ་གཏོགས་་ཆ་འཇོག་ས་གང་ཡང་ཡོད་ནི་མ་རེད། རྩོམ་ཡིག་དེ་གཉིས་ལ་ཞིབ་ཀློག་བྱས་ཏེ་སོ་སོའི་བལྟ་ཚུལ་བརྗོད་དགོས་པ་ལས། གང་འདོད་དུ་ཆོས་ཀྱིས་བོད་ཀྱི་ཆབ་སྲིད་ལ་དེ་འདྲ་ནུས་པ་ཐོན་ཀྱི་མེད་པ་དང༌། སྲིད་ཀྱིས་བོད་ཀྱི་ཆོས་ལ་ནུས་པ་ཐོན་གྱི་མེད་པ། ཆོས་སྲིད་ཟུང་འབྲེལ་གྱིས་འགྲིག་གི་མེད་པ་སོགས་ཁ་རྒྱགས་པ་འདྲ་བཤད་བསྡད་ན་རང་ཉིད་མགོ་སྐོར་གཏོང་གི་གཞི་མ་ཡིན། མ་གཞི་ས་བརྐོས་ན་རྡོ་ལྷང་ལ་འབུད་ཐུབ་ན། ད་གཟོད་ཆོས་སྲིད་ཟུང་འབྲེལ་གྱི་དགེ་མཚན་ལ་མཁྱེན་རྟོགས་སླེབས་ཐུབ་ངེས་ཡིན།
དྲ་གྲོགས་ཚོ།
ད་ནངས་ཞོགས་པ་མི་འབོར་ཞིབ་བཤེར་གྱི་ཐོ་འགོད་བྱས་པ་ཡིན་ལ། ཐོ་འགོད་དེའི་འགེང་ཤོག་ནི་དབྱིན་ཇིའི་སྐད་ཡིག་གིས་བྲིས་ཡོད་པ་ན། བོད་ཀྱི་བླ་སྲོག་སྐད་ཡིག་ཀྱང་བཙན་བྱོལ་གཞུང་ལ་དགོས་མཁོ་མི་འདུག་བསམ་སོང༌། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་གཏོང་བཞིན་ཡོད་པའི་ཁར། བོད་བཙན་བྱོལ་གཞུང་ནས་ཀྱང་འདི་ལྟར་ལག་ལེན་བྱས་ན། བོད་ཀྱི་སྐད་ཡིག་འདི་སུ་ལ་མཁོ། ཨ་ལེ། ནུབ་ཕྱོགས་རྒྱལ་ཁག་དག་ལ་མཁོ་བ་མ་རེད་དམ། ཉེ་ཆར་བོད་ཀྱི་དུས་བབ་དྲ་ཐོག་ཏུ་ཨ་རིའི་ཝི་སུ་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར་དུ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོས་ད་ལོའི་ཕྱི་ཟླ་ ༣ པ་ནས་ལས་ཀའི་སྙན་ཞུ་འགེང་ཤོག་བོད་ཡིག་ནང་འགེང་ཆོག་བཟོས་ཡོད་པ་དྲན་སོང་ལ། ད་ནི་ནུབ་ཕྱོགས་རྒྱལ་ཁབ་དག་ལ་མཁོའམ་བོད་མི་རིགས་ལ་མཁོ། གང་ལྟར་མི་འབོར་ཞིབ་བཤེར་གྱི་འགེང་ཤོག་དབྱིན་ཇིའི་སྒང་འདྲི་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ཡོད་ན་གསུང་རོགས་ཞུ་རྒྱུ་ཡིན།
མྱི་འཁྱམ་ཡིན་ན་འདི། མྱི་སྨྱོན་པ་ཞིག་ཡིན་པ་འདྲ། ཁྱོད་ཀྱིས་མཆན་བུ་གཅིག་རང་གཅིག་འཁྱེར་ནས་ཕྱོགས་གང་ཡིན་ལ་མ་འདོགས། དེ་ལྟར་བྱས་ན་ཀློག་པ་པོ་ཚོར་བརྗོད་གཞི་མི་རེག་པའི་དཀའ་ངལ་ཡོད་གི། བརྗོད་གཞི་དང་མཐུན་པའི་མཆན་བུ་རེ་ཐོབ་དང་ཆོག་ག། བརྗོད་གཞི་གསར་བ་ཡིན་ན་རང་གིས་རྩོམ་གསར་བ་ཞིག་ཕྲིས་དང༌། ཐུགས་རྗེ་ཆེ།
དྲ་གྲོགས་ལྷམ་ཀོག་གི་མིང་འཛིན་པའི་སྨྱུག་ཐོག་པ་ལགས། ངས་ཉིད་ཀྱིས་རྩོམ་ཡིག་འདི་ལ་ལྟ་ཚུལ་ཙམ་གླེང་ན། སྐུ་ཉིད་ནི་དངོས་ནས་རྩོམ་ཡིག་སྤེལ་མཁན་ཡག་པོ་ཞིག་རེད་འདུག་ན་ཡང་། ད་དུང་། སྐུ་ཉིད་ཀྱིས་རྩོམ་ཡིག་གི་ནང་བཅུད་དུ་མ་ཚང་བས་ཕྱོགས་ཁ་ཤས་ཤིག་མཐོང་བ་ནི། སུན་འབྱིན་བྱེད་སྟངས་ལ་ད་དུང་ཡང་མ་འདང་བའི་ཕྱོགས་ཁ་ཤས་ཤིག་ཡོད་པ་དེ་ནི། སྐུ་ཉིད་ཀྱིས་སུན་འབྱིན་རྩོམ་ཡིག་སྤེལ་སྐབས། བོད་མི་རིགས་ཀྱི་ཆོས་སྲིད་ཟུང་འབྲེལ་བསྐོར་ལ་དཔྱད་པ་བྱེད་སྟངས་དེའི་ཤུགས་བརྟན་ནི་ཆོས་དང་སྲིད་ཀྱི་བསླབ་བྱའི་སྙིང་བོ་དེ་ནི་མཐར་ཐུག་ན་མི་ཟེར་བ་འདི་ལ་བཟང་ཕྱོགས་ཀྱི་ཐབས་ལམ་ཞིག་སྟོན་བཞིན་པ་ཡོད་པ་དེར་ངོས་ལེན་བྱེད་ཐུབ་ཀྱི་མེད་པ་དེ་རེད། དེང་སང་མང་བོ་ཞིག་གིས་སྲིད་ཟེར་དུས་གཡོ་སྒྱུ་ཁོ་ན་ཞིག་དུ་ངོས་འཛིན་བྱེད་པ་ནི་ཁྱེད་རང་གཅིག་བུ་རེད་མི་འདུག གལ་ཏེ། སྲིད་ཟེར་བ་དེ་ནི་གཡོ་སྒྱུ་ཞིག་ལས་མིན་ན་ནི། ང་ཚོ་མིའི་རིགས་ལ་སྲིད་ཟེར་བ་དེ་ནི་གཏན་ནས་དགོས་འཁོ་མེད་པ་ཞིག་ཡིན་པར་བཤད་ཆོག དེའི་རྒྱུ་མཚན་གྱིས་ང་རང་གི་ལྟ་ཚུལ་ནས་བཤད་པ་ཡིན་ན་ནི། ཆོས་དང་སྲིད་གང་ཡིན་ཡང་མིའི་རིགས་བདེ་དོན་ཆེད་དུ་ཐབས་ལམ་མི་འདྲ་བ་གཉིས་ཡོད་པ་དེ་རེད། གཅིག་ནི་ཆོས་ལུགས་ལ་མི་གུས་པ་དང་ཆོས་ལུགས་མི་འདོད་མཁན་གྱི་མི་དག་གི་བདེན་དོན་བརྩོན་ལེན་བྱེད་པའི་ཐབས་ལམ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་དང་། གཅིག་ཤོས་དེ་ནི་ཆོས་ལུགས་ལ་དད་གུས་ཡོད་མཁན་གྱི་མི་དག་གི་བདེན་དོན་ལ་བརྩོན་ལེན་བྱེད་སྟངས་ཀྱི་ཆེས་ཚད་མཐོ་བའི་ཐབས་ལམ་ཞིག་ཡིན་པར་བཤད་ཆོག་ན། འདི་གཉིས་ཀྱི་གང་ཡིན་ཡང་མིའི་རིགས་ཀྱི་བདེན་དོན་ཁོ་ན་སྙེགས་པའི་ཐབས་ལམ་ཞིག་ལས་གཞན་དུ་མ་མཆིས་ན་སྐུ་ཉིད་ཀྱིས་རྗེས་ཕྱོགས་སྐུ་ཉིད་ཀྱིས་འདིའི་ཐད་དུ་བསམ་གཞིགས་ཞིབ་མོ་རེ་གནང་དེ་རྩོམ་ཡིག་རེ་སྤེལ་ཐུབ་པ་ཡིན་ན་ནི། སྐུ་ཉིད་ནི་དངོས་ནས་ཚད་མཐོ་བའི་རྩོམ་ཡིག་སྤེལ་མཁན་ཞིག་ཆགས་རྒྱུར་ཐེ་ཚོམ་མེད་པར་བཤད་ཆོག དེ་མིན་སྐུ་ཉིད་ཀྱིས་ལྟ་ཚུལ་ཕྱོགས་རེས་པ་ཞིག་གི་དངོས་ནས་འདི་ལྟར་མུ་མཐུད་དུ་རྩོམ་ཡིག་སྤེལ་བ་ཡིན་ན་ནི། བསམ་བློ་མ་སྨུན་པའི་སྨྱུག་ཐོག་པ་གསར་སྐྱེས་གང་མང་གི་སེམས་ཁམས་ཉོག་འཛིངས་ཤིག་གི་ལམ་ཁར་འཁྲིད་པ་ལས་གང་ཡང་མེད་སྙམ་ན། སྐུ་ཉིད་ཀྱིས་བསམ་བློ་ཞིབ་མོ་རེ་གཏོང་རོགས་ཞུ། འདི་ནི་ང་རང་སྒེར་གྱི་ལྟ་ཚུལ་ཞིག་ལས་མཐའ་གཅིག་ཏུ་སྐུ་ཉིད་ཀྱིས་ངོས་ལེན་བྱེད་དགོས་པའི་ངེས་པ་ཡང་གཏན་ནས་མེད་དོ། གལ་ཏེ་སྐུ་ཉིད་ལ་ལན་འདེབས་དང་བགྲོ་གླེང་གནང་འདོད་ཡོད་ན་མུ་མཐུད་དུ་ང་རང་གི་ཟིན་བྲིས་སོགས་ལ་ཕེབས་པ་ཡིན་ན་དགའ་བསུ་ཡོད།
ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བའི་ལྟ་ཚུལ་འདོན་མི་ཤེས་མོད དེང་གི་གནས་ཚུལ་འགའ་ལ་བསམ་འཆར་བཤད་ན་འདོད བོད་པའི་སྤྱི་ཚོགས་ཁྲོད་བཅའ་བ་རིམ་གྲོ་དང་མོ་བ་རྩིས་པ། ལྷ་བ་སོགས་ལ་བློ་བཅོལ་ནས་མཐོ་དགའ་ལྡན་ཕོ་བྲང་ནས་མར་སྦྲང་པོ་ཡན་ཆད་ཀྱིས་རྒྱ་ནག་སྲིད་གཞུང་ལས་བོད་འདི་རང་བཙན་འཐོབ་པར་རེ་བ་རྒྱག་ཀི་ཡོད་པ་ཀུན་གྱིས་ཤེས་སྲིད་ལ་ང་རང་ཡང་དེའི་གྲས་ཀྱི་གཅིག་ཡིན། བསམ་བློ་ཞིབ་མོར་བཏང་ན་དེ་མི་འགྲིག་པ་དེང་གི་སྐབས་ཕལ་ཆེར་གྱིས་ཤེས་སྲིད་མོད་ད་དུང་ཡང་སྔར་སྲོལ་རྙིང་པ་མཁྲེགས་འཛིན་གྱིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལའང་སྐུ་རྟེན་འབབ་ཚུལ་གྱི་གནས་ཚུལ་སོགས་བཀོད་ན་ངོ་མ་མི་འོས་ཀི རབ་ཡིན་ན་ཁྲོམ་བསྒྲགས་མ་བྱས་ན་ལེགས་སྙམ།།