ཟླ་བ་གཞོན་ནུ།
སྐྱོ་ངལ་སེམས་སྡུག་བརྩེགས་པའི་མེས།།
ཡ་ཆུང་གངས་ཀྱི་ལྷུན་པོ་བཞུས།།
ཉལ་འགྲོ་ལྷུང་ལྷུང་འབབ་ཚུལ་གྱིས།།
དཔའ་བོའི་ལུས་ལ་སྟོར་ན་ཡང་།།
རེ་ཞིག་འཇགས་པ་མེད་འདི་ལྟོས།།
བསོད་ཟད་ལས་ཀྱི་ཁུར་ཙ་འདིས།།
གཉའ་ནས་ནན་གྱིས་མནོན་ན་ཡང་།།
རིགས་མཐུན་རིག་པའི་ལམ་བུ་ཉིད།།
བགྲོད་པའི་མནོ་བསམ་ཕྱོགས་བཞིར་བསྲིངས།།
སྐྱིང་བསེར་རླུང་གི་པུ་ཤེལ་ཙེས།།
མགོ་སྐྱེས་གཡུ་ཡི་རལ་བཞིན་ཤད།།
སྨྲེང་སེམས་རྡོ་རྗེའི་འཕྲུལ་འཁོར་དེས།།
དོན་སྙིང་རྣང་མའི་རྩྭ་ལྟར་བྲེགས།།
ལོ་མ་བདུན་པའི་མེ་ཏོག་ཚོམས།།
སྐྱོ་བའི་དྲི་དང་ལྷན་ཅིག་འཐུལ།།
ཡལ་ག་གསེང་གི་ཟླ་ཚེས་རིས།།
ཁོང་མུན་བསྐྲོད་པའི་ཟླ་རུ་ཤར།།
ཀ་དམ་པ་ཡི་འབྲས་བུ་དག།།
སྙིང་ལ་མྱ་ངན་བཞིན་དུ་ལྷུང་།།
མཁའ་ཡི་ཡིད་ལ་བཏགས་པའི་ཟླ།།
བདུད་མོ་གང་གི་སེན་རྗེས་ཡིན།།
དལ་གྱིས་སྐྱོད་པའི་རྐང་བ་ཟུང་།།
སྐྱོ་སེམས་སྟོང་གིས་བཟི་བ་འདྲ།།
སྐར་མ་འདར་ལྡན་དཔྲལ་བའི་མིག
མིག་ཆུའི་རྒྱུན་གྱིས་འཁྱེར་བ་བཞིན།།
གང་གི་སྟོག་གཡོགས་རྡོ་ཚོས་མ།།
ལམ་ལམ་འབར་བའི་རྩེ་མོ་ཅན།།
འཇིགས་མེད་ལྷུན་པོའི་སྟོབས་ཅན་གྱི།།
ཁྱོད་སྐུ་ལྷན་ཅིག་བདག་ཡིད་བསྲེགས།།
རིན་ཆེན་ཚེ་སྲོག་ཕངས་མེད་དུ།།
དུཿཁའི་མནར་སེམས་མང་གྲོལ་ཕྱིར།།
ཕྱིར་མིག་མེད་པར་གཤེགས་ཚུལ་དངོས།།
དངོས་བྱུང་གློག་པྲའི་འཕྲུལ་ལས་མཇལ།།
མྱ་ངན་གཟུགས་ཀྱི་གསོར་འབིགས་ཀྱིས།།
ལུས་སེམས་ཕྱི་ནང་མེད་པར་ཕིགས།།
སྐྱོ་གདུང་མུན་པ་མཐུག་པོ་ཡིས།།
ཡ་ཆུང་མཚན་བཞིན་ཡོངས་སུ་བསྒྲིབས།།
རིང་སྲུབས་ཡིད་ཀྱི་རྫིང་བུའི་ཆུ།།
བགྲུང་བྱེད་ཀེ་ཏ་ཀ་བཙལ་མོད།།
དཔག་ཚད་བྱེ་བའི་ཕ་རོལ་གྱི།།
ཁྱེད་ཀྱི་དྲུང་དུ་ཡོད་པ་རྟོགས།།
ཉིན་ཞག་རྡོག་པ་རིང་སྤོས་ཀྱང་།།
ཡིད་ཀྱི་མུན་པ་མི་སངས་ཏེ།།
གཙང་འཇམ་ཡིད་ཀྱི་མེ་ལོང་ལ།།
སྐད་ཅིག་བརྙན་པོའི་ཟོལ་གྱིས་འབབ།།
༡༡།༡༠།༡༩ནས་༢༩བར་སེམས་པ་བསྲེགས་པའི་ཉིན་འགའི་བརྗེད་བྱང་དུ།
བོད་པའི་ལས་སྐོས་གཟིགས་དང་།
བོད་པར་བཙན་གནོན་གཟིགས་དང་།
བོད་པས་ལས་འགུལ་རྩོམས་དང་།
བོད་མིར་རྒྱབ་སྐྱོར་གནོངས་དང་།