(༸འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨ་ཆེན་པོ་བསྟན་འཛིན་རྒྱ་མཚོའི་དཔལ་གྱི་རྣམ་པར་ཐར་པ་རྒྱས་པར་བརྗོད་པའི་སྙན་ངག་གི་བསྟན་བཅོས་བཀྲ་ཤིས་མི་ཟད་པའི་དབྱངས་སྙན་ཞེས་བྱ་བ།)
༼ ནོ་ཝེར་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་དང་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་ལ་ཉེ་བ་བཅས་ལ་ཐུན་མོང་དུ་ཕུལ་བ།༽
རྫ་ཚེ་རིང་བཀྲ་ཤིས།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
ཡང་དག་མཁྱེན་པའི་འོད་ཟེར་ཀུན་ཏུ་བརྡལ་བའི་དཔལ་གྱི་ཉི་མ་འབར་བའི་དཀྱིལ་འཁོར་གང་ཡིན་དང་།།
བརྩེ་བའི་ཆུ་གཏེར་འབྱམས་སུ་བཀླས་པའི་ཐུགས་རྗེའི་མཇུག་ངོགས་མཚུངས་པ་མེད་ཅིང་ཆེ་བ་གང་ཡིན་ཏེ།།
རྣམ་གསལ་གཟུགས་སྐུའི་དཔྱིད་དུ་འཇོ་བའི་རྨད་བྱུང་མཚན་དཔེའི་པདྨོ་མངོན་པར་བཞད་པའང་དེ་ཉིད་དེ།།
རྒྱ་མཚོའི་གོས་ཅན་འཛིན་མའི་རྒྱན་གྱུར་རབ་འབྱམས་མཆོག་གི་སྟོན་པ་བསྟན་འཛིན་རྒྱ་མཚོ་རྒྱལ་གྱུར་ཅིག།
སེང་གེའི་དབང་པོའི་ཞབས་སུ་འབྲིང་བས་ཉེ་བར་སྦྱར་བའི་རྒྱུན་ཆགས་ཐལ་བའི་སྐྱབས་སུ་བསྙལ་གྱུར་ཅིང་།།
དགེ་བའི་དབང་པོའི་མུ་ཏིག་འོད་ཆགས་སྐྱེ་བོའི་ལུས་ལ་མཛའ་བའི་གནས་སྐབས་དེ་ཡང་བཏང་གྱུར་པའི།།
རྩོད་པའི་མུན་པ་རབ་ཏུ་དཀྲིགས་པའི་ཐུན་གསུམ་འདི་ལ་སྙན་ངག་ཕྲེང་བ་ཤིན་ཏུ་འཕངས་དམའ་ན།།
ཀྱི་ཧུད་ཀྱི་ཧུད་བདག་ལ་སྙན་ངག་བྱ་བའི་བློ་གྲོས་རྙེད་ལོ་ཀྱེ་མ་འདི་ནི་ཤ་ཐང་ངོ་།།
འོན་ཀྱང་སྙིང་རྗེའི་བསིལ་བ་ཡོངས་འཛིན་བཅོམ་ལྡན་སྐར་བདག་རི་དྭགས་མཚན་མ་ཅན།།
ས་འཛིན་དཔྲལ་བའི་ཐིག་ལེར་བྲིས་པའི་མཐའ་ཡས་འོད་ཆགས་བདུད་རྩིའི་ཟེགས་མའི་རྡུལ།།
བདག་ཡིད་རྐང་འཐུང་སྙིང་པོར་ལན་བརྒྱར་བསྣུན་ལས་དད་པའི་འདབ་མ་ཕྱེ་བའི་དྲི།།
མཚན་མོའི་བསིལ་རླུང་འཇམ་པོའི་ངད་དང་བསྡོངས་ནས་ཕྱོགས་ཀྱི་སླད་དུ་ཉེ་བར་རྒྱུ།།
འོ་མའི་ཆུ་གཏེར་འཁྱིལ་བའི་རླབས་ཕྲེང་དང་།།
ཉེ་བར་རྩེན་ལ་ངལ་བའི་མཐའ་སྟོང་བའི།།
གང་ཐུགས་གསང་བ་འབར་བའི་ཨ་མྲིཏར།།
རིང་ནས་དད་ཅིང་བསྟི་བའི་སྙན་ངག་མཁན།།
ལུས་ཀྱི་རྒྱ་མོས་སྲིད་ལ་བཅིངས་ཀྱང་སྲིད་ལས་འདས་པའི་དཔལ་རྙེད་བཞིན།།
གང་གི་ཐུགས་རྗེའི་མངར་གྱིས་གཟི་བའི་མགྱོད་པ་མེད་པའི་འཆར་ཡན་པས།།
ས་གསུམ་དབྱངས་ཀྱི་རྒྱུད་མངས་མཐའ་དག་ཨ་ལི་ཀཱ་ལིར་རབ་བསྟིམས་ཏེ།།
མི་ཟད་རྫོགས་ལྡན་ཤིས་པའི་སྤྲིངས་ཡིག་བསྟོད་ཚིག་མེ་ཏོག་སྤེལ་ལ་རིངས།།
དཔལ་ལྡན་ཁྱབ་བདག་ཆོས་ཀྱི་རྒྱལ་བོར་མངོན་པར་བསྟོད་ལ་སྤོབས་པ་་བརྟས་པའི་རོ་འཛིན་གཡོ་བ་ཕྲ་མོ་ཡི།།
སྐལ་བ་ཆེན་པོའི་བློ་གྲོས་འདི་ནི་མཐའ་ཡས་བསོད་ནམས་དཔལ་གྱི་གྲིབ་མ་སྣུམ་པོས་བྱིན་པ་ཁོ་ན་སྟེ།།
གྲངས་མེད་བསྐལ་པའི་ངག་གི་ཉེས་ཀུན་རྣམ་པར་འཁྲུད་སླད་མངོན་པར་ཆས་པའི་མངོན་མཐོའི་བདུད་རྩིའང་དེ་ཉིད་ན།།
ཨེ་མ་བདག་གི་སྙན་ངག་དབྱངས་ཀྱི་ཆོ་ག་ཆུང་ངུའང་མི་ཟད་བསྐལ་བ་མཆོག་གི་དཔྱིད་དུ་དེང་སྨིན་ཏོ།།
གང་དེ་ཁ་བ་ཅན་ཞེས་པ།།
ས་ཡི་སྙིང་པོའི་བྱང་གི་ཆར།།
མཐའ་དག་ས་གཞིའི་མཛེས་སྡུག་དབྱིག།
བྱེད་པོས་གཅིག་ཏུ་བསྡུས་པ་ཡོད།།
དཀར་གསལ་འོད་ཀྱི་འཁོར་ལོས་བསྒེགས་པ་དང་བཅས་རི་ཡི་རྒྱལ་པོ་རྣམས་ནི་དངུལ་དང་དུང་གི་མེ་ཏོག་འབའ་ཞིག་སྟེ།།
ས་འཛིན་དྲ་བར་ཐགས་སུ་བྲན་པའི་སྟོང་སྐུད་དོག་པ་ཉིད་ཀྱི་ཆུ་བོའི་བདུད་རྩི་རང་བཞིན་ཉིད་ཀྱིས་དག་པའི་དངོས།།
ནགས་མའི་དྲ་བ་དྲ་བ་ཅན་དང་ཆུ་མཚོའི་མིག་མངས་སྣ་ཚོགས་ཀྱིས་ནི་ནམ་མཁའི་གོ་ཟུར་བཀྲ་བའི་སྐར་མར་འཕྱ་བ་སྟེ།།
ཨེ་མའོ་མཐའ་ཡས་རྒྱ་ཆེན་འཕགས་པའི་ཞིང་ནི་མཐའ་དག་གྲགས་པའི་མཚན་མས་མངོན་པར་ཤིས་པའི་དཔལ་དུ་བྱས་པ་ཉིད།།
རིང་མོ་ཞིག་ན་བློ་གྲོས་སྟོབས།།
ཕན་བཞེད་ཀྱོ་བས་དབང་བྱས་པའི།།
རྒྱལ་སྲས་སོ་ཅན་དབང་པོ་ནི།།
སྐྱེ་བའི་ལམ་ལ་འཇིགས་མེད་ཉིད།།
ཚོགས་ཀྱི་བདག་པོས་རི་དྭགས་སྐྱོབས་སླད་ལུས་ཀྱི་ཟོང་གིས་ཉོས་པ་གང་ཡིན་དང་།།
སྤྲིན་གྱི་གཞོན་པས་ནམ་མཁའ་ལྡིང་ལ་ཉེ་བར་བསྟབས་པའི་རང་གི་ཤ་སར་གང་ཡིན་ཏེ།།
བསྙིངས་པ་མེད་པར་གཞན་ལ་ཕན་མཛད་གཙུག་ན་ནོར་བུའི་སྔོན་གྱི་སྤྱོད་པ་གང་ཡིན་པ།།
འདི་དག་ཀུན་ཀྱང་ཕན་བཞེད་རྣམས་ཀྱིས་མཐུན་པར་བཞེད་པའི་མཆོག་གི་ཟས་ཀྱི་དགའ་བ་ཉིད།།
བརྟན་པ་གཡོ་བ་མེད་པའི་ས་འཛིན་ཏོག།
གདུལ་བྱའི་ཡུལ་ལ་འཇུག་པ་མི་གཡོ་བ།།
དེ་ཡི་ཆོ་འཕྲུལ་མཚུངས་པ་མེད་པའི་དཔལ།།
སྐྱེ་རྒུའི་ཉོན་མོངས་གཞིལ་ལ་ཆས་པ་ཉིད།།
རྫིང་གི་ཡུལ་ལས་འབབ་པའི་ལུགས་གཉིས་ཆུས།།
སྡེ་བཞིའི་མེ་ཏོག་སྨིན་པས་དུད་པ་ཅན།།
སྒང་དྲུག་འབྲུ་ལྔའི་ཞིང་ས་བཟང་པོ་ཡི།།
གནོད་སྦྱིན་ཕྱོགས་ཀྱི་ཕྱོགས་ཀྱི་འཁོར་ལོའི་ཆ།།
སྤོམ་ར་ལྷ་ཡི་བ་གམ་མཐོན་པོའི་འོད་ཟེར་གསར་བ་ཉེར་འཛིན་ཅིང་།།
རྨ་ཀླུང་འབབ་ལྡན་མཐོ་རིས་ཡོན་ཆབ་དྲངས་པ་མེད་པར་ལེགས་འབབས་པ།།
ཡ་མཚན་ལྷག་པའི་ས་གཞི་བཟང་པོ་ཙོང་ཁ་ཡུལ་གྱི་ལྗོངས་ཡངས་ཞེས།།
གྲགས་པའི་ཅ་ཅོས་མངོན་པར་གསལ་བའི་ལིམྦིའི་ཚལ་གྱི་ནགས་ཀློང་བརྗིད།།
སངས་རྒྱས་ལྗོན་པ་ཞི་བའི་ཁང་བུར་གཟིམས།།
བློ་བཟང་རྐང་འཐུང་དུས་ཀྱི་ཁམས་སུ་རྙིང་།།
རེ་ཞིག་ཐ་བར་ལུས་པའི་ལིམྦི་ནིར།།
སླར་ཡང་རྒྱལ་བའི་དཔག་བསམ་འཁྲུངས་པར་གྱུར།།
རང་བཞིན་བཟང་ལ་དཔའ་ཞིང་དེས་པ་ཅན།།
ལུགས་ཀྱི་ཚུལ་གྱིས་ཡང་དག་སྤྱོད་ལྡན་པ།།
ཐུབ་པའི་བཀའ་ལུང་ཟས་ཀྱིས་འཚོ་བ་ཡི།།
གཙང་མའི་རིགས་གྱུར་ཡིད་འཕྲོག་ལྗོན་པ་མོར།།
ཙི་ནའི་རིགས་ཀྱི་ཤྭ་ཝ་རི་ཚོགས་ཡོངས་སུ་གདོ་བས་མཆོག་གི་ལང་ཚོར་ཉམས་སྨད་ཅིང་།།
ཀླ་ཀློའི་ཁྱུ་ཚོགས་བྲ་བའི་མེ་ཏོག་གཡོ་བའི་ཚུལ་གྱིས་རྗེས་ཤུལ་རམ་བུ་འགྲེམས་པ་ཡི།།
མ་བཟད་མྱ་ངན་ནགས་ཀྱི་ཁང་བུར་དྲན་མེད་འགྱེལ་ཞིང་བརྒྱལ་བ་ཉིད་ཀྱི་སྙིང་ཁམས་སུ།།
རང་གི་རང་བཞིན་མངོན་པར་རྟོགས་པའི་འཆི་མེད་སྲོག་གི་ཀ་བ་བརྟན་པོ་ཁྱེད་ཀྱིས་བསླངས།།
དེ་ཚེ་ས་བླའི་ལྷ་དག་ཀྱང་།།རྒྱ
ལ་སྲས་དཔལ་གྱི་མྱུ་གུའི་ཕྱིར།།
ལྷ་ལས་ལྷ་བབས་ལྟར་འཕགས་ཏེ།།
འཆི་མེད་ལམ་ཡངས་དོག་པོར་བྱས།།
ཁ་ཅིག་རྟ་བདུན་འཁོར་ལོའི་ཤིང་རྟར་གཅིབས་ནས་སྣང་བའི་ཆོ་ག་ཉམས་སུ་འབེབས།།
འགའ་ཞིག་གླང་པོའི་མཆེ་བ་བཅག་པའི་འཕྲོ་ལྟའི་ཟླ་བ་བསིལ་བའི་རྣམ་པར་བྱས།།
གཞན་ནི་རེ་ཁྭ་བཟང་པོའི་སྤྲིན་གྱི་བླ་རེའི་དཔལ་དུ་སྟོན་ཞིང་འགེངས་པ་སྟེ།།
མཐའ་དག་བཀྲ་ཤིས་བྱེ་བའི་དཔལ་འཛིན་རྒྱལ་བའི་མྱུ་གུ་བལྟམས་པའི་ཞིང་ནི་དེ་ལྟར་སྣང་།།
གདེངས་ཅན་རལ་བ་ཉེ་བར་གཡོ་བའི་གཞི།།
ཁྲི་ཤོར་བདུད་རྩིའི་བཏམས་པའི་ཡོལ་གོ་ཡང་།།
དེ་རིང་རྒྱལ་སྲས་དཔའ་བོ་ཕེབས་པའི་གཞིར།།
སྲིད་པའི་ཡུལ་ལྷ་རྒན་པོས་ཕུལ་བ་བཞིན།།
གཡང་དཀར་བལ་སྟན་ཡུག་ཏུ་བཏིང་འདྲའི་མུ་མཐའ་མེད་པའི་སྤང་གཞུང་དང་།།
ལྗོན་ཤིང་རྐང་འཐུང་བསྟར་པའི་ཚོགས་ལྡན་ཞིང་ཆེན་སྣ་ལྔའི་ཆོ་ལོ་རིས།།
མཉམ་དང་མི་མཉམ་རི་ཡི་ཕྲེང་ཚོགས་ཉེ་བར་དུད་པའི་ཕོ་ཉར་བཅས།།
ཁྱོད་ཀྱི་ཆེད་དུ་ཉེ་བར་གཤམ་པའི་མཐའ་བཀླས་བཀོད་པའི་ཆ་རུ་སྨིན།།
གློག་མའི་རྔ་ཆེན་བརྗིད་པར་གྲགས།།
ཁུ་བྱུག་མགྲིན་དབྱངས་འཇེབས་པར་འཁྲོལ།།
བུང་བའི་གླུ་ཆུང་སྙན་པར་སྒྲོགས།།
ཀྱེ་མ་འདི་ནི་ནམ་གྱི་དུས།།
འཁྱག་རོམ་ལྕགས་ཀྱི་གདོང་འབག་ནི།།
མི་སྡུག་བཞིན་ལ་རབ་གཡོག་ནས།།
སྣོད་བཅུད་རང་བྱུང་མཛེས་པའི་དཔལ།།
སྐལ་ངན་བྱེད་པ་དགུན་གྱི་དུས།།
འཚུབ་མའི་ཀ་བ་ནག་པོ་དགུང་དང་མཉམ།།
སྣ་ཚོགས་དལ་ཡམ་ཐན་གྱི་བྱེ་གཏོར་འགྲེམ།།
ཕྱི་ནང་འབྱུང་བའི་ནུས་ཁམས་དམན་པ་ཡི།།
དཔྱིད་ཀྱི་མུ་གེ་དེ་ཡང་ལྷག་མར་གྱུར།།
ལྷུན་གྲུབ་ནོར་འཛིན་སྒེག་པ་མོས།།
དུས་ཀྱི་མྱ་ངན་ཡོངས་བཏང་སྟེ།།
སྔོ་ལྗང་ཆུ་དར་བཟང་པོའི་གོས།།
ལེགས་པར་བགོ་བའི་སྐལ་བཟང་གསལ།།
ནགས་ཚལ་སྐྲ་ལོའི་མཐོན་མཐིང་འོད་དུ་མཚེར།།
དཀར་དམར་མེ་ཏོག་བཞིན་གྱི་པདྨ་འབྱེད།།
མི་ཟད་ཆུ་འཛིན་འོ་མའི་བུམ་ཆུང་རྒྱས།།
སོ་ཀའི་མཛེས་པ་འཆི་མེད་བུ་མོའི་སྤུན།།
བྱེ་རྡུལ་དྲག་རླུང་འཇགས་པ་ལས།།
ཁུ་བྱུག་ཅན་གྱི་ཟླ་བ་ཡི།།
རང་བཞིན་ལང་ཚོའི་དཔལ་ཡོན་ནི།།
མཐོ་རིས་བདག་པོའི་སྐྱེད་ཚལ་བཞིན།།
དེ་ལྟར་རང་བཞིན་ཉིད་ཀྱིས་རྣམ་བཀྲ་བའི།།
ངོ་མཚར་མཛེས་པ་བྱེད་པོའི་གཞལ་མེད་དུ།།
ཁྱོད་སྐུ་མཚན་དཔེ་སྟོང་གི་བསམ་འཕེལ་གྱི།།
ཡིད་བཞིན་ནོར་བུའི་སྒྲོན་མེ་འོད་དུ་གསལ།།
གང་ཁྱེད་ཉེ་བར་བལྟམས་པའི་ཀུན་བཟོད་ཀྱི།།
བྱེ་རུའི་མེ་ཏོག་གྲམ་པའི་འགྲམ་པ་ནི།།
རྡུལ་རྙེད་བསོད་ནམས་ཟོང་གི་རྒྱན་ཐོབ་པའི།།
སྐྱེས་བུའི་མཆོག་བཞིན་སྐལ་བ་བཟང་པོ་ཉིད།།
མཆོག་སྐུའི་ལྟེ་བ་ལས་སྐྱེས་ལི་ཁྲིའི་ཆབ།།
བསོད་ནམས་སྙིམ་པས་འཐུང་བའི་ས་འཛིན་དེར།།
དཔལ་ལྡན་ལིམྦི་གཉིས་པའི་གྲགས་སྙན་གྱི།།
རྣམ་གསལ་མཚན་གྱི་ཅོད་པན་མོད་མི་དམའ།།
གང་དུ་དོན་གྲུབ་ཅེས་བྱ་བཞིན།།
མི་མཆོག་མངོན་པར་བལྟམས་པ་ལ།།
གྲུབ་པའི་རིག་འཛིན་མཐའ་དག་གིས།།
མངོན་པར་བརྗོད་པའི་མེ་ཏོག་འཐོར།།
སར་བཅས་རིར་བཅས་རྒྱ་མཚོར་བཅས།།
བརྟན་ཡང་གཡོ་བས་ཡོངས་གསལ་བ།།
ཆུ་དབུས་རླུང་གི་གྲུ་གཟིངས་བཞིན།།
ཕྱོགས་ནི་རྣམ་པ་དྲུག་ཏུ་གཡོས།།
ཞི་བའི་བློ་གྲོས་ཉོན་མོངས་མེད་པའི་ཐུགས།།
རྡུལ་དང་བྲལ་བའི་རང་བཞིན་ཉེར་གསལ་བའི།།
རྨད་བྱུང་གོ་ཆ་དམ་པའི་གཡལ་གམ་ཅན།།
འདའ་བ་མེད་པའི་ཕྱག་རྒྱ་མཆོག་ཏུ་བརྟན།།
རས་དཀར་འདབ་མ་རླུང་གིས་མ་སྐྱོད་ཅིང་།།
རལ་བའི་ཟུར་ཕུད་རྒྱབ་ཏུ་མ་དཔྱངས་ལ།།
མར་མེ་མཛད་ཀྱིས་ཉེ་བར་མ་གནས་ཀྱང་།།
རང་བཞིན་ཐ་དད་སྤངས་པའི་རྒྱལ་སྲས་འབྲོམ།།
ཆུ་ཤེལ་ཕྲེང་བས་རྟགས་སུ་མ་བྱས་ཅིང་།།
སིལ་འཁྲོལ་རྒྱན་ཆས་ལྷག་ཏུ་མ་བརྒྱན་ལ།།
པད་དཀར་ལྟེ་བར་སྙོམ་པར་མ་ཞུགས་པར།།
འཁོར་བ་དོང་ནས་སྤྲུགས་མཛད་འཇིག་རྟེན་མགོན།།
འདི་ནས་ནུབ་ཕྱོགས་ཐ་གྲུ་ཡངས་པའི་ཞིང་།།
སྡེ་བཞིའི་འོད་སྣང་གཡོ་བའི་རྩེ་དགའ་ཅན།།
ས་སྟེང་ཉི་མའི་གྲོང་ཁྱེར་ལྷ་ས་དེར།།
ཁྲུང་ཁྲུང་བྱང་ལ་འཕུར་བའི་ངང་ཚུལ་དགོངས།།
ཐུབ་བསྟན་རྒྱ་མཚོའི་གྲགས་པའི་ཉི་འོད་ནུབ་རིའི་ཐེམ་པ་ལ་འཛེགས་ཏེ།།
བྱང་ཕྱོགས་ཁ་བ་ནོར་བུའི་བ་གམ་ལན་གཅིག་མུན་པས་སྨག་གྱུར་ཀྱང་།།
བསྟན་འཛིན་རྒྱ་མཚོའི་ཚངས་པའི་ཅོད་པན་ལྷ་མོའི་བླ་མཚོའི་ངོས་ཡངས་སུ།།
རྣམ་གསལ་བདེན་པའི་སྤྲིངས་ཡིག་དཀར་པོས་རྫོགས་ལྡན་ཀུ་མུད་དཔལ་དུ་བྱས།།
བརྟན་དང་གཡོ་བའི་རང་བཞིན་ཆོས་རྣམས་ཀུན།།
དངོས་སྣང་འཕྲུལ་དུ་འདྲེན་པའི་ཨ་དཱརྴ།།
ངོ་མཚར་གསང་བ་འབུམ་གྱི་གན་མཛོད་ནས།།
ལྷུན་གྲུབ་སྒྱུ་འཕྲུལ་བཀོད་པའི་རྩེད་འཇོ་ངོམ།།
དེ་ཚེ་ཤིས་པའི་སྤྲིངས་ཡིག་རེ་རེ་ཡང་།།
རང་བྱུང་རླུང་གི་བང་ཆེན་དང་བསྡོངས་ནས།།
ཁ་བའི་མེ་ཏོག་མཛེས་པའི་ཟོལ་འཛིན་པས།།
ཆོལ་གསུམ་གངས་རིའི་ལྷུན་ཡངས་དཀར་བོར་བྱས།།
ལེགས་པའི་གཏམ་བཟང་ཐོས་པ་ཡི།།
དགའ་བ་ཁོང་ནས་འཕྱུར་བ་ནི།།
དུས་ཀྱི་ཆུ་གཏེར་བདོ་བ་བཞིན།།
མངོན་པར་འཕེལ་བའི་མཐའ་མ་རིག།
གང་ན་དགེ་ལེགས་འབུམ་ཕྲག་འབུམ་ཕྲག་གིས།།
རབ་གསལ་འཕགས་པའི་འཁྲུངས་ཤིང་ཡོངས་འདུའི་ལྗོན།།
ས་པོ་བྱ་ཁྱུང་ལྟེ་བའི་ས་འཛིན་ལ།།
མངོན་པར་སྒེག་པའི་རྒྱལ་རྔ་སྲིད་ན་སྙན།།
དེ་ཚེ་ཆུ་ལྷའི་ཕང་འགྲོ་ལྷ་ལྡན་ནས།།
ཕྱོགས་ཀྱི་རྒྱུན་དང་བསྡོངས་པའི་བྱ་མ་རྟ།།
དྲི་མེད་རླུང་གི་བཀའ་རྟགས་བཟང་པོར་བཅས།།
ཡང་སྤྲུལ་ནོར་བའི་གཏེར་མཆོག་འཚོལ་ཏུ་ཆས།།
རྨོང་དང་གབ་པའི་མཚན་མ་ཕྲ་མོའམ།།
གཡོ་དང་གྱ་གྱུའི་སྒྱུ་ཐབས་ཆ་ཙམ་ཡང་།།
རྡོ་རྗེའི་རི་ལ་ཕལ་བའི་མཚོན་བཞིན་དུ།།
འཇུག་པའི་དུས་མཚན་དུས་ཀྱི་མཐར་བྱེད་པའི།།
ལྷག་པའི་བློ་གྲོས་བརྟན་པའི་གོ་ཆ་ཅན།།
སྔོན་སྨོན་དུས་ཀྱི་ཆུ་གཏེར་སྦྲུམ་པའི་སྐྱེས།།
ཆུང་སྲིད་ཀུ་མུད་གཉེན་དུ་ཆས་པ་དེས།།
མཐའ་དག་ས་ཡི་སྐྱེད་ཚལ་སྡུག་གུར་བྱས།།
གསེར་གྱི་མེ་ལོང་དམན་སར་དགོད་ལ་རང་བཞིན་དག་པའི་སྙེམས་པ་ཅན།།
ཨ་ཆེན་ཡུལ་གྱི་ཕྱོགས་ཀྱི་འདབས་ཡངས་གཡར་མོ་ཐང་ཞེས་གྲགས་པ་ནས།།
བོད་སྐྱོང་མགུར་ལྷ་བསྟན་མའི་ཚོགས་བཅས་དྲེག་ལྡན་ཚངས་པའི་ཕྱིང་སང་བཅས།།ཞ
བས་རྡུལ་འཁོར་ལོའི་གོམ་སྟབས་རེ་ཡང་དོན་ཡོད་འཕྲུལ་གྱི་ཞགས་པར་འཕྱ།།
མཆོག་གི་ཡི་གེ་ཨ་དང་ནི།།
མ་དང་ཀ་ཡི་ཕྱག་རྒྱ་ཡིས།།
མངོན་མཚན་མི་འགྱུར་དཔལ་གྱི་སྒྲོམ།།
གསང་བའི་གཏེར་དེ་སུ་ཡིས་འབྱེད།།
བགྲང་ཡས་བསྐལ་པ་བསྐལ་པར་བསྒྲུབས་པའི་བསོད་ནམས་སཱ་ལའི་འཁྲི་ཤིང་གི།
དམ་པའི་ལང་ཚོ་ཆེས་ཆེར་བདོ་བའི་མ་རྙིང་མེ་ཏོག་སྨིན་པ་ཅན།།
བཀྲ་ཤིས་རབ་བཟང་འཕགས་པའི་ཕོ་ཉ་དཔའ་བོ་ཆེན་པོ་འཆར་ཀ་བཞིན།།
ཨེ་མའོ་ཁྱེད་ཀྱི་བཀའ་དྲིན་ཉིད་ཀྱང་ཁ་བ་ཅན་གྱིས་བརྗེད་མི་འགྱུར།།
ལྕེ་འབབ་པ་ཡིས་ཕྱོགས་ནི་སྲེག་པར་བྱེད་པ་ཡི།།
འཐིབས་པོས་ཐུན་གསུམ་མནག་པར་དཀའ་བའི་དུས་དེ་ལྟར།།
སྡིག་པའི་དུག་དང་ཉེ་བར་འགྲོགས་པའི་ས་སྐྱོང་སྦྲུལ།།
སྡུག་པ་ཅན་གྱིས་ཡོངས་སུ་འཁྱུད་པའི་ཙན་དན་ཏེ།།
དྲེགས་པས་མྱོས་པའི་དྲེགས་པ་ནི།།
མྱོས་བྱེད་འཐུང་བའི་གཉིས་འཐུང་བཞིན།།
རང་བཞིན་སྤྱོད་པའི་འདམ་བུའི་ཚལ།།
རྒྱུ་མེད་པར་ཡང་བརླག་པར་བྱེད།།
དུས་འདིར་ཁ་དཀར་པོའི་མུ་ཁྱུད་ཀྱི།།
རང་བྱུང་མཚམས་ཀྱི་བས་མཐའ་ཙོང་ལའི་རྒྱུད།།
མ་ཇག་ལག་འགྲོ་གདུག་པའི་གཏུམ་སྤྱོད་ཀྱིས།།
རེ་ཞིག་གཟི་བྱིན་རྙིང་བ་ལྟ་བུར་འཁུམ།།
དེས་ནི་ཆུང་སྲིད་ས་ཡི་རྩ་ལག་ཀྱང་།།
རང་དབང་ཉིད་ཀྱིས་གང་དུ་གཤེགས་འགྱུར་བའི།།
ཡངས་པའི་ས་ཡང་དོག་པའི་འཕྲང་བཞིན་དུ།།
རྣམ་མང་ཉེར་འཚེའི་རུ་མཚོན་གཡང་དུ་ཟ།།
དུས་ཀྱི་རྒྱ་མཚོ་གཡོ་བའི་རླབས་ནི་མི་རྒན་ལག་པས་འགེབས་སུ་མེད།།
རྟ་བདུན་རང་བཞིན་ཉི་མའི་ཤིང་རྟས་རང་གི་བགྲོད་ལམ་འདོར་མི་སྲིད།།
མཐའ་དག་རྒྱུ་ཡི་རྟེན་འབྱུང་ཚོགས་པའི་ཆོས་ཉིད་ཉིད་ཀྱང་གཞན་མིན་ཏེ།།
ཐུགས་བསྐྱེད་བྱ་བ་མཆོག་ཏུ་ཟིན་པའི་རྒྱལ་བའི་མྱུ་གུའང་དེ་བཞིན་ནོ།།
མཐའ་དག་རྩེ་མཐོ་རི་ཡི་མེ་ཏོག་གངས་ཀྱི་ཟེའུ་འབྲུ་དགོད་པ་ཅན།།
མཐའ་ཡས་ནགས་ཚལ་སྤོས་ཀྱི་དྲ་བ་དཔལ་གྱི་དྲི་བཟང་རིང་འགྲོ་བ།།
ཇི་སྙེད་རང་བྱུང་ནོར་བུའི་སྣང་བྱེད་མི་མཉམ་འོད་ཀྱི་ཐིག་ལེར་བཅས།།
གངས་རིའི་དབང་པོའི་ཕྱོགས་སུ་གདལ་བའི་རང་བྱུང་མཆོད་པའི་མཎྚ་ལ།།
གཏིང་ཟབ་མཚོ་རྫིང་ཡན་ལག་བརྒྱད་ལྡན་ལྦུ་དཀར་ཕྲེང་བས་གཡོ་བ་ཅན།།
དཀར་མངར་རྩི་བཅུད་འབྲི་ལྔའི་ལོ་ཏོག་རོ་ལྡན་བདུད་རྩིའི་ནཻ་ཝི་ཏེ།།
ཟིན་དང་ཟིན་མིན་དབྱངས་ཀྱི་ཆོ་ག་དྲུག་འགྱུར་སྙན་པའི་རོལ་མོ་ཡང་།།
ལྷུན་གྲུབ་སྒྱུ་འཕྲུལ་གཟུགས་སུ་འཕོས་པའི་དྭངས་གཙང་མཆོད་པའི་བཀོད་པ་ཉིད།།
སྤྲིན་གྱི་བ་གམ་དམན་སར་འགོད་པའི་མཁའ་ཁྱབ་བསང་གི་དུད་སྤྲིན་དང་།།
ཁ་བའི་འདབ་མ་ཉུང་ངུར་བྱེད་པའི་བཀྲ་ཤིས་བྱེ་མར་བཟང་པོའི་ཕུད།།
དྲི་བྲལ་དམ་ཚིག་རི་མོར་ཕབ་པའི་དཀར་གཙང་ཁ་བཏགས་འཛིན་པ་ཡང་།།
གྲུབ་པའི་དོན་མཐུན་ལྷས་སུ་ཕེབས་པར་ལྷག་པའི་དགའ་བས་ལྷག་པའི་དགའ་བ་དགའ་བཞིན།།
ཙོང་ཁའི་སྐྱེས་རི་མཐོན་པོ་ནས།།
ས་ཡི་གོང་བ་གདང་ལ་བརྒྱུད།།
ཟུར་ཕུད་ལྔ་བའི་བ་གམ་བར།།
ཞབས་ཟུང་དགེ་ལེགས་ཆར་གྱིས་བརླན།།
སྐྱིད་པའི་ཆུ་བོ་འབེབས་པ་སྨན་གྱི་ལྗོངས།།
ཉི་འོད་བདུད་རྩི་འཐུང་བ་ལྷ་ལྡན་ཡུལ།།
གྲུ་འཛིན་ཁང་བརྩེགས་བརྗིད་པའི་སུམ་རྩེན་དེར།།
ད་ནི་ཞབས་ཀྱི་གོམ་པས་དགེ་བར་འགྱུར།།
རིན་བྲལ་གསེར་གྱི་གླེགས་བུར་བྲིས་པའི་ཤིས་འཕྲིན་བཻ་ཌཱུར་ཞུན་མའི་དངོས།།
གང་མགྲིན་འཁོར་ལོའི་ཁྱོག་ལ་དྲངས་པའི་རྫོགས་ལྡན་དང་པོའི་བྱ་མ་རྟས།།
མི་ཡི་བདག་པོའི་སྙན་གྱི་མདོངས་མཐའ་མངོན་དགའི་དཔལ་དུ་བྱེད་དང་ལྷན།།
ས་སྐྱོང་ལུང་གི་ཟློས་གར་ཡངས་པོས་ཉི་མའི་གྲོང་ལ་ངལ་གསོ་བྱིན།།
དེ་ཚེ་རིང་བའི་ས་དང་ཉེ་བའི་ཡུལ།།
ཀུན་ནས་འདུས་པ་སྐྱེ་བོའི་བུན་ལོང་ནི།།
སྤྲིན་གྱི་རྒྱ་མཚོ་ས་ལ་འཕོས་པ་བཞིན།།
མཐའ་དག་འཛིན་མའི་ལྟོ་བ་རལ་ལ་བརྩོན།།
གསེར་སྦྱང་ནོར་བུའི་ཏོག་ལྡན་ལྷ་རྫས་གདུགས།།
ཟ་འོག་དབང་ཞུའི་བཏགས་པའི་འཕན་དང་དར།།
ཝེར་མའི་བླ་ཡིད་ཆགས་པའི་རུ་མཚོན་བཅས།།
ནམ་མཁའི་གོ་ཡང་ཁབ་ཀྱི་བུ་གར་བྱེད།།
གཡུང་དྲུང་དགའ་བ་འཁྱིལ་བ་ནོར་བུའི་ཕྱྭ།།
ཕྲོག་བྱེད་ལག་པས་བཏེགས་པའི་མཚན་མ་ཅན།།
ཕྱོགས་ལས་རྣམ་རྒྱལ་མཆོག་གི་རྒྱལ་མཚན་ལ།།
ཁ་བའི་མུ་ཁྱུད་ཟླུམ་པའི་གཏན་ཚིགས་བཀྲ།།
ས་འཛིན་རྫ་རྔ་རྡུང་ལ་མི་སུན་པར།།
མགྱོགས་པའི་རྨིག་བཞི་འཕྲུལ་བའི་ཨ་ལོང་རིས།།
དགའ་འཁྱིལ་རི་མོར་སྤེལ་བའི་ཅིང་ཤེས་ཀྱིས།།
གུ་རའི་ལྷ་ཞོལ་འགྲིམ་པའི་རྐྱང་རྒོད་མཚོན།།
གཡོ་བའི་རླུང་གིས་ཅུང་ཟད་གཡོ་བ་ལས།།
མཆོག་ཏུ་མཛེས་པ་གསལ་བའི་ཁྱོགས་ཀྱི་ཚོགས།།
ནོར་བུའི་བ་གམ་བཏགས་པའི་ཁང་བཟང་ངམ།།
ཡིད་འོང་རྫིང་ལ་འཕྱོ་བའི་ཡོར་མོ་བཞིན།།
ལྷ་ཡི་མེ་ཏོག་ཐོད་དུ་བཅིངས་པ་ངུར་སྨྲིག་གཞོན་ནུའི་ཚལ།།
གཉན་གྱི་བ་དན་ཕྱག་ཏུ་འཛིན་པའི་ཞི་དྲག་རྗེ་བློན་ཆུ་འཛིན་དཔུང་།།
ཀླུ་ཡི་གཏེར་ཁྱིམ་གཡང་དུ་འཁྱིལ་བ་མཐའ་ཡས་འབངས་ཀྱི་ཆུ་གཏེར་རླབས།།
འགྲན་བཞིན་གཡོ་བའི་ངོ་མཚར་རྩེ་དགས་སྲིད་པའི་ཁོངས་དག་སད་པར་བྱས།།
ཉི་འོད་ཟེར་བརྒྱ་ལྷག་ཏུ་དགོད་ཀྱང་མཐའ་དག་སྣང་ལ་ངལ་བའི་ཟོལ་གྱིས་རང་གི་འོད་ཀྱང་བཏང་བ་སྙམ།།
ཟླ་ཞུན་དངུལ་དཀར་མེ་ལོང་ཡངས་ཀྱང་གང་གི་གཟུགས་བརྙན་བཅུད་དུ་འཛིན་ལ་ཁབ་ཀྱི་བུ་ག་ལས་ཀྱང་དོག།།
མཐའ་དག་ས་འཛིན་ངལ་མེད་བཏེགས་པའི་རྡོ་རྗེའི་མཆུ་ཅན་ཤུགས་འཆང་དབང་ཡང་མཛོ་ཁལ་ར་ལ་བཀལ་བ་བཞིན།།
རྔུལ་ཆུའི་ཐིགས་ཕྲེང་དོག་པར་འབབ་པས་རང་གི་དམ་བཅར་རབ་སུན་འབྱིན་བྱེད་འཕྲུལ་དགའི་བསོད་ནམས་ལྷག་མ་ཅན།།
དེ་སྟེ་པོ་ཏ་ལ་ཞེས་པ།།
མཐོ་རིས་ན་ཡང་མཐོང་དཀའ་བ།།
རབ་འབར་དཔལ་གྱི་ལྷུན་པོ་ནི།།
བ་གམ་བརྩེགས་པའི་ཟོལ་དུ་སྣང་།།
ཟླ་ཉིའི་སྣང་བ་འཕྲོག་པའི་རྒྱ་ཕིབས་དང་།།
དབྱངས་སྙན་རྒྱུད་སྟོང་འཁྲོལ་བའི་དྲིལ་གཡེལ་ཅན།།
རྔ་ཡབ་ཟླ་བ་ནོར་བུའི་ཆུན་འཕྱང་སོགས།།
ཆ་ཤས་རེར་ཡང་མཛེས་པའི་དཔལ་ཀུན་རྫོགས།།
རབ་གསལ་པ་ཊ་འཁྱིལ་བའི་ཁང་མིག་དང་།།
མཐའ་དག་ནོར་བུའི་བརྒྱན་པའི་རྟེན་གསུམ་ཁང་།།
ལུགས་གཉིས་མདུན་ས་དམ་པའི་ཚོམས་ཆེན་སོགས།།
སྒྱུ་འཕྲུལ་ཀུན་ཏུ་བཟང་པོའི་བཀོད་པར་འཕྱ།།
རེ་རེ་ལས་ཀྱང་རེ་རེ་མཛེས་པ་ཡི།།
ཡ་མཚན་དངོས་སུ་བྱུང་བའི་གཞལ་མེད་འདིས།།
མཐའ་དག་སྲིད་ན་བརྗོད་པའི་གཞལ་མེད་ཀྱི།།
བླ་དྭགས་མིང་གི་ཆོས་ཀུན་གསོབ་ཏུ་བཏང།།
ནུབ་ཕྱོགས་ལག་རྩལ་མཁན་པོའི་སོར་རྩེ་དང་།།
ཤར་ཕྱོགས་སེམས་དོན་མཁས་པའི་ཏིང་འཛིན་གྱིས།།
བསྐལ་བརྒྱར་བརྟགས་ཀྱང་བསླངས་པར་མི་ནུས་པའི།།
ངེས་དོན་ཀུན་བཟང་རོལ་བའི་སྒྱུ་འཕྲུལ་རྨད།།
སྣ་ཚོགས་བཟོ་བོས་བཀོད་པའི་ཕྱག་རྒྱར་ཡང་།།
དམན་པའི་གོ་འཕང་སྦྱིན་པའི་ཟ་མཚན་གཟུགས།།
ས་འཛིན་གཉིས་འཐུང་སྙེམས་པའི་སྒལ་བ་ན།།
ཀྲོང་ངེར་འགྱིངས་པའི་མཚར་སྡུག་པོ་ཏ་ལ།།
དགའ་བ་བཞིན་ལྡན་འཕྲུལ་སྣང་གི།
གཞལ་ཡས་རིན་ཆེན་བ་གམ་ཡང་།།
ཇོ་བོ་ཐུབ་པའི་དཔལ་ལྡན་པས།།
འགྲོ་བའི་ཉེར་འཚོར་མངོན་པར་བརྟན།།
གངས་རིའི་ལྟེ་བར་སྨིན་པའི་མ་ལ་ཡ།།
རབ་འབར་དཔལ་གྱི་སྙིང་པོའི་སྐྱེད་མོའི་ཚལ།།
དཔལ་ལྡན་ནོར་བུ་གླིང་ཁར་གྲགས་པ་ཡང་།།
རི་མོ་མཁས་པའི་བློ་ལས་བྱུང་བ་བཞིན།།
ར་ས་ལས་གཞན་ར་མོ་ཆེ།།
ཀླུ་ཁང་ཀླུ་ཡི་སྦུག་ཉིད་དང་།།
བསྟན་རྒྱས་གླིང་དང་གླིང་བཞན་བཅས།།
ལྕགས་རི་མུ་ཁྱུད་ཁོར་ཡུག་བཞིན།།
ད་དུང་བསྔགས་འོས་དངོས་པོ་བརྒྱ།།
རབ་ཏུ་བརྟགས་པ་མ་ཡིན་པ།།
སྨྱུ་གུའི་རྩེ་ལས་འཛགས་པའི་རྡུལ།།
གཞུར་ན་རྒྱ་མཚོའི་ཆིངས་ལས་ལྷག།
དེ་ལྟའི་ཁྱད་འཕགས་ཞིང་གི་སྙིང་པོ་རུ།།
དེ་རིང་ལྷག་པའི་མགོན་པོ་དངོས་སྣང་བ།།
པདྨའི་ཚལ་དུ་པདྨ་ཕྱེ་བའམ།།
སོ་ཀའི་མཚོ་ལ་ངང་བ་རྩེན་པ་བཞིན།།
རབ་བརྟན་སྐྱོ་བ་སྤངས་པ་དམ་པའི་ཚུལ།།
ཚུལ་མཆོག་ཐུབ་པའི་མཛད་པས་མངོན་གསལ་བཞིན།།
བཞིན་གྱི་ཉི་མ་གང་དུ་སྨིན་པའི་མཐོངས།།
མཐོངས་ཡངས་མཁའ་ལ་གཡོ་བའི་སྤྲིན་བཞིན་མཛེས།།
ལས་ཀྱི་ས་བོན་མངོན་པར་བདོ་བའི་སྟོབས་ནི་ཁྱབ་འཇུག་ལག་པས་འགེབས་སུ་མེད།།
བསོད་ནམས་དཔྱིད་ཀྱིས་ཡོངས་སུ་བསུས་དཔལ་ནི་དྲེགས་ལྡན་སུས་ཀྱང་སྨད་དུ་མེད།།
རང་བཞིན་དག་པའི་སྨོན་ལམ་བཟང་པོའི་འབྲས་བུའང་དུས་ཀྱི་ཆུ་གཏེར་ཁོ་ན་སྟེ།།
ཀྱེ་མའོ་འདི་ལས་མདའ་བར་མ་སེམས་འདི་ནི་བྱེད་པོ་ལས་ཀྱང་བྱེད་པོ་ཉིད།།
དེ་ཚེ་ཁ་བ་གངས་ཅན་དུ།།
མཐའ་དག་ལེགས་པའི་དྲི་ངད་ནི།།
རྩྭ་ཐང་བཟང་པོའི་རླུང་བུ་ཡིས།།
ཡངས་པའི་ཐང་ལ་འགྲེམས་པ་བཞིན།།
གང་དུ་གངས་རིའི་དབང་པོའི་དབང་པོ་ཡི།།
ཞབས་སྐྱེས་སར་པ་སར་པའི་རྡུལ།།
མཐའ་དག་བསོད་ནམས་འཁོར་ལོ་ཅན།།
འཁོད་འོས་རིན་ཆེན་འབར་བའི་ཁྲི།།
འདི་ནི་ལྷ་རྫས་ལས་བྱས་རིན་ཆེན་འོད་འཕྲོ་རྣམ་པར་རྒྱལ་བའི་གོ་འཕངས་ཏེ།།
འདི་ནི་མཐའ་ཡས་རེ་སྐོང་མངོན་མཐོའི་སྤྲིངས་ཡིག་ཆུ་འཛིན་ལས་བྱུང་འབྲུག་སྒྲའི་དབྱངས།།
འདི་ནི་རྒྱལ་སྲས་མཆོག་གི་དབང་བསྐུར་བརྙེས་པའི་མི་དབང་སྔོན་འགྲོའི་གཞལ་མེད་ནོར།།
འདི་ནི་གངས་ལྷའི་མེ་ཏོག་གང་དུ་བཞད་པའི་ཐོག་མའི་དུས་ལ་ཤིས་པ་ཉིད།།
འགྲོ་ལ་མཉེས་གཤིན་བྱམས་པའི་རྒྱལ་ཡུམ་གྱི།།
རྣམ་དག་བརྩེ་བའི་ཆུ་བསིལ་བྲན་པ་ལས།།
གང་སྐུ་ཨུཏྤལ་ལྗོན་པའི་ཕོན་པོ་འདིས།།
ལང་ཚོའི་རིན་ཐང་རྟོགས་པའི་བདེན་པ་བརྙེས།།
དགའ་བ་བརྒྱ་ལྡན་དབང་གི་ཕོ་བྲང་ནི།།
ལུགས་གཉིས་སྒོ་འཕར་ཡངས་པའི་རྒྱལ་ཐབས་ཏེ།།
དེ་ན་ཁྱེད་སྐུའི་འཁྲི་ཤིང་བཟང་པོ་ལ།།
མཐུན་གྱུར་དུས་ཀྱི་སྦྲང་ཆར་ཤིན་ཏུ་མོད།།
སྐྱེ་བ་མེད་ལས་སྐྱེ་བར་སྟོན་ཞིང་རྒ་དང་འཆི་བའང་དེ་བཞིན་ཏེ།།
སྣ་ཚོགས་འགྲོ་ལ་མཐུན་པར་འཇུག་པ་མི་མཉམ་མཉམ་པའི་སྒྱུ་འཕྲུལ་ཅན།།
ཁྱེད་ཀྱི་རྣམ་ཐར་ཆ་ཤས་རེ་ཡང་མི་ཟད་ཕན་དང་བདེ་བ་ཡི།།
མཐུན་པའི་རྐྱེན་དུ་མངོན་པར་སྨིན་པའི་བདེན་པ་དེ་ལ་ཕྱག་འཚལ་ལོ།།
ཡི་གེའི་ཕྱི་མོ་ཀ་ཁ་ནས།།ཇི་སྙེད་ཟབ་པའི་གསང་མཛོད་བར།།
རྣམ་པར་དཔྱོད་པའི་མདུང་ཐུང་གིས།།
མངོན་པར་འབིགས་པའི་ཆོ་ག་བཙུན།།
ལྷུན་པོའི་མཐའ་ལ་འཁྲིལ་བ་རྒྱ་མཚོའི་རླབས།།
མི་བཟད་དུས་ཀྱིས་བསྐུལ་པའི་དྲིལ་བརྡ་ཡིས།།
ནང་གི་མྱོང་རྟོགས་སད་པའི་ཁྱེའུ་ཞིག།
གྲུ་འཛིན་གསེར་གྱི་ཁང་བུར་བཞུགས་སོ་ལོ།།
མ་ཧཱ་མུ་ནེ་མ་ཤི་ཀ་དང་མ་ཧམ་མད་སོགས་འཛམ་གླིང་གི།
ཞི་བའི་སྤྲིངས་ཡིག་ཕྱོགས་སུ་བཀྱེ་བའི་ཆེན་པོའི་མི་རྣམས་རབ་ཚོགས་ནས།།
འབྱུང་འགྱུར་དུས་ཀྱི་གོ་ལ་རིལ་མོར་ཀུན་ཁྱབ་སྙིང་རྗེའི་ལས་སྐལ་ཅན།།
ཟུར་ཕུད་སྤངས་པའི་རྣམ་སད་གཞོན་ནུ་མི་ཡི་དཔལ་དུ་མངགས་པ་བཞིན།།
འཁྲུགས་པའི་ཆུ་བོ་དྲག་ཏུ་འཁྲུགས་པ་བཞིན།།
དུས་ཀྱི་ཆུ་བོ་དྲག་ཏུ་འབྲུབས་པ་ལས།།
སར་བཅས་རྒྱ་མཚོའི་དཔལ་གྱི་གང་བུ་ཀུན།།
བརྟན་སྤངས་གཡོ་བའི་གཡོ་བའང་ཁྱེད་ཀྱིས་མཁྱེན།།
དེ་ལྟའི་གཟིགས་པ་ཕུན་ཚོགས་ཀྱིས།།
གང་ཐུགས་ཡང་ཡང་བྲན་པ་ལས།།
ཞི་བའི་བདག་ཉིད་དམ་པའི་སར།།
ཁྱབ་འཇུག་གོམ་པའི་སྟབས་སུ་གཤེགས།།
ནང་གི་ཡོན་ཏན་དམ་པ་ལྟ་ཅི་སྟེ།།
ཕྱི་རོལ་རྐྱེན་གྱི་རིག་བྱེད་ཕྲ་མོ་ཡང་།།
བསྐལ་མང་གོམས་པ་ཁོ་ནས་རབ་འབྱམས་པའི།།
ཕུལ་བྱུང་ཤེས་པའི་མཐུ་ཁྱད་བློ་ལས་འགོངས།།
གཉིས་སྐྱེས་དབང་བོ་གྲགས་ལྡན་ནི།།
སྒོ་ངའི་ནང་ན་འདབ་གཤོག་རྒྱས།།།
མི་དབང་རིགས་ཀྱི་ཐིག་ལེ་ཡང་།།
མངལ་དུས་ཉིད་ནས་ཆོས་ཀུན་ཆུབ།།
ཐུབ་པའི་བཅུད་བཟང་སྦྲང་དཀར་རྩམ་པའི་རོར།།
རིག་བྱེད་མར་དང་ཕྱུར་རའི་སྟོབས་བསྣན་ཏེ།།
མངོན་མཐོ་ངེས་པར་ལེགས་པའི་རོ་བརྡ་བས།།
སྐྱེ་དགུའི་རྒུའི་བཀྲེས་པའི་ནད་ཀུན་གཞིལ་ལ་རིངས།།
ཐོས་པས་དམན་པ་ཉིད་ནི་རྫིང་གི་རུས་སྦལ་མིག་མེད་ལས་ཀྱང་ཤེས་བྱ་ཡོངས་སུ་གཅོད་ལ་དམན་པ་སྟེ།།
ཅུང་ཟད་ཐོས་ཀྱང་ཕྱོགས་རེེར་འཐས་པ་དག་ནི་འཕྱེ་བོ་གཡང་སར་གྱར་པ་ལས་ཀྱང་གོལ་སར་ཆས་པ་ཉིད།།
དེ་ཕྱིར་ཕྱོགས་མེད་ཐོས་པའི་བཅུད་བཟང་འབའ་ཞིག་སྲོག་གི་ཟུངས་སུ་ཐོབ་པའི་སྐྱེ་བོ་དེ་ནི་མི་ཉིད་ནའང་།།
མཐོ་རིས་མཆོག་གི་བདག་པོ་བཞིན་དུ་ཟླ་ཚེས་མེད་པར་སྐྱེ་བོའི་བླ་ན་མངོན་པར་བགྲོད་ལ་དཔའ་བ་ཉིད།།
མཐའ་དག་གནས་ལྔ་རིག་པའི་རྒྱལ་ཐབས་ལ།།
ཤེས་བརྩོན་རྐང་བས་མ་རེག་དེ་སྲིད་དུ།།
ཡངས་པའི་འཇིག་རྟེན་སྐྱོང་བའི་བློ་གྲོས་རྡུལ།།
རྣམ་པར་དག་པའི་མཐའ་ལ་རིང་བ་ཉིད།།
ཁྱད་པར་གློག་གི་འགྱུ་བ་ཡང་།།
རྣམ་གནོན་དུས་ཀྱི་ཡོ་ལང་ཁྲོད།།
ཇི་སྙེད་གནམ་མཚོ་སྐམ་གསུམ་ཀུན།།
ལག་གི་རྫས་བཞིན་རྟོགས་བྱ་ཉིད།།
གྱ་གྱུར་གཡོ་བའི་སྒེག་ལྡན་ཆུ་མོ་དག་ནི་འདེངས་འདེངས་ཞེས་སྒྲོགས་མདུན་ནས་མདུན་དུ་བསྐྱོད།།
ཚེ་མཐར་གཏུགས་པའི་སྐྱེ་བོ་ཉམ་ཆུང་དག་ནི་རིག་རིག་མིག་གིས་ལྔ་བའི་ལམ་བུ་སྙོགས།།
དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ཉིད་ཀྱང་དུས་ཀྱི་འགྲོས་བཞིན་རྙིང་དང་གསར་བ་སྟེ།།
རྟག་པས་བསླུས་པ་དག་ནི་ནམ་ཡང་རྗེས་སུ་ལུས་སོ་ཀྱེ་མ་སུ་ཞིག་བརྟན་པོར་གནས།།
གཉའ་ཤིང་གང་ཙམ་ཁོ་ནའི་ཡུལ།།
རྨི་ལམ་ཞིང་དུ་བསྲེལ་བ་ཡི།།
རྨོངས་པ་རྨོངས་པར་འཁྲེན་པ་དེའི།།
དུས་ཀྱི་ཉེས་པ་འཁྲུད་དུ་མེད།།
རྒྱང་མཐོངས་གསེར་གྱིས་བཅད་པའི་ཁང་བུ་ན།།
རང་གི་མཐོང་བ་ཙམ་ཞིག་འདོམ་དང་ལྷན།།
ཡུལ་སྣང་བཙན་གྱིས་བཀག་པའི་བྱིས་པ་ཞིག།
དུས་ཀྱི་ཕ་མཐར་གཤེགས་འདི་ཇི་ལྟར་བདེན།།
དེ་ཚེ་ཁྱེད་ཀྱི་ཡུལ་དང་ཁྱེད་ཀྱི་གྲོགས།།
ཁྱེད་ལ་རྐྱེན་དུ་འབབ་པའི་ཡོ་བྱད་ཚུན།།
སྔ་མ་སྔ་མ་ཞིག་གི་སྣང་བརྙན་ཏེ།།
དུས་ལས་ལུགས་སུ་ལྡོག་པའང་ཇི་སྙེད་ཅིག།
འོན་ཀྱང་ཁྱེད་བློ་མ་འདྲེས་དྭངས་པའི་དངོས།།
ངོ་མཚར་གསང་བ་འབུམ་གྱི་རིག་པའི་མཛོད།།
རྡུལ་བྲལ་ཤིན་ཏུ་དག་པའི་ཨ་དཱརྴར།།
མ་ལུས་མཁྱེན་པའི་རི་མོ་འབུམ་དུ་བཀྲ།།
སྒྲ་དང་ཚད་མ་བཟོ་དང་གསོ་བ་སོགས།།
ཚངས་པའི་ཞལ་ཁྱིམ་འཛིན་མའི་ཡོལ་གོ་རུ།།
ཇི་སྙེད་སྐྱིལ་བ་ཤེས་བྱའི་ཆུ་བོ་ཀུན།།
ཁྱོད་བློ་རྣམ་དཔྱོད་ལྟེ་བའི་བཅུད་དུ་བྱས།།
སྙན་ཚིག་མངོན་པར་བརྗོད་དང་ཟློས་པའི་གར།།
སྐར་ནག་རྩིས་དང་དེ་ལྟར་བྱུང་བའི་མཐར།།
གང་ཐུགས་མཆོག་ཏུ་བཟོ་བའི་མཚན་མ་རེར།།
སྒྱུ་འཕྲུལ་ཏིང་འཛིན་རོལ་བའི་ལྕེ་བརྒྱ་གསལ།།
རྫས་དངོས་མཚན་ཉིད་ལག་རྩལ་སོགས།།
ཇི་སྙེད་རིག་གསར་སྡུག་གུར་ཡང་།།
རྣམ་དཔྱོད་སྤྱན་དཀྱུས་གཡོ་བ་ཡིས།།
དུས་ཀྱི་རིན་ཐང་ནོམ་དུ་བཅད།།
གང་བློ་གཞོན་ནུའི་ལྕུག་ཕྲན་གསར་བས་ཀྱང་།།
རྒྱ་ཆེན་ཚུལ་ལ་རྟོག་པའི་རྒན་པོའི་ཁྱུར།།
དྲེགས་པའི་རལ་བ་བཅད་པའི་བརྟུལ་ཞུགས་ཀྱི།།
རིགས་ལམ་རལ་གྲིའི་རོལ་རྩེད་འབུམ་དུ་གདལ།།
ཡིད་འོང་མ་མའི་བརྩེ་བྱམས་སྡུག་གུའི་དངོས།།
ཡིད་མཐུན་ན་ཟླའི་ཁ་ཏ་བློ་ཡི་གསོས།།
བག་ཡངས་ཅ་ཅོའི་འཇིག་རྟན་མཐུན་པའི་གྲོགས།།
ཡུལ་ལས་རིང་དུ་བསྐལ་པའི་གཞོན་ནུ་ལ།།
མཁའ་ཁྱབ་མཁའ་ལྟར་སྙོམ་པའི་བརྩེ་བ་དང་།།
གནའ་དེང་ཤེས་བྱ་གཅོད་པའི་བློ་གྲོས་སྟོབས།།
བག་ཡངས་དགོད་སྒྲས་ཁེངས་པའི་ཡིད་འོང་འཛུམ།།
འགྲན་པ་བཞིན་དུ་འཕེལ་བའི་ཡ་མཚན་གསལ།།
སྤང་ཐང་མེ་ཏོག་བཞད་པའི་ལྗོངས་སུ་ཐོལ་སྐྱེས་སྤྲོ་སྣང་རླུང་ལ་སྐུར་བའི་བྱིས་པའི་འཚོ་བ་མ་མྱངས་ཤིང་།།
ཡིད་འོང་གསེར་གྱི་བ་གམ་མཐོན་པོར་རྣམ་མང་འདོད་པའི་དགའ་བར་རྩེན་པའི་གཞོན་པའི་སྐྱིད་སྣང་མ་གཟིགས་ལ།།
བག་ཡངས་མི་ཚེའི་དལ་ཁོད་སྙོམས་པོར་ལུས་སེམས་ཀློད་པའི་དངོས་པོའི་མཐུན་སྦྱོར་གྲོག་མའི་རྐང་ལྟར་ན་ཕྲ་ཡང་།།
ནང་གི་མཁྱེན་རྟོགས་ཚད་དུ་ཕྱིན་ཅིང་སྐྱོ་བ་སྤངས་པའི་འཛུམ་མདངས་ཁོ་ནས་ས་འདི་བཟླུམས་ལ་སུ་མི་མཚར།།
གང་ཞིག་རབ་དགའ་ཞེས་བྱ་བར།།སྲོལ་དུ་ཚུད་པའི་དུས་ཉིད་ནས།།ཚངས་སོགས་དབང་སོགས་བརྒྱ་བྱིན་སོགས།།
ས་ཡི་དབང་ཕྱུག་ཉིད་དུ་སྟོན།།
དེས་ནི་ས་ལ་སྙོམ་པའི་ཁྲིམས་སྲོང་ཞིང་།།
ཡུལ་ལ་ཡ་རབས་ལུགས་ཀྱི་སྣང་བ་བཀྱེ།།
འབངས་ལ་ནད་མེད་ཉི་མའི་དྲོད་སྦྱིན་པར།།
ཕྱོགས་ཀྱི་འཇིག་རྟེན་སྐྱོང་བ་རྣམས་ཀྱང་འདུད།།
ཆོས་ཀྱི་ལྟ་བ་རྨད་བྱུང་ཞིང་།།
ལུགས་ཀྱི་སྤྱོད་པ་བཙུན་པ་ཡི།།
ས་སྐྱོང་སྡོམ་བརྩོན་ཆེན་པོ་ལ།།
རྒྱལ་བོ་མི་ཡི་ལྷ་ཞེས་རིགས།།
ངེས་པར་འབྱུང་ཞིང་དུལ་ལ་མཆོག་ཏུ་བཟང་།།
ཁ་ན་མ་ཐོ་མེད་པའི་ངང་ཚུལ་བརྟན།།
འཇུག་དང་ལྡོག་པའི་ཚུལ་ལ་རང་དབང་ཅན།།
དོ་གེར་སྤངས་པའི་རྒྱལ་པོ་གང་ཉིད་ཙམ།།
འོན་ཀྱང་ནུབ་ཁའི་རྡུལ་དམར་ལ་རྩེན་གངས་ལྗོངས་བསོད་ནམས་ཤིང་རྟའི་འགྲོས།།
རྐྱེན་གྱུར་ལས་ཤུགས་ཀྱོ་བ་རྣོན་པོས་ངམ་མནག་མུན་པའི་གཅོང་རོང་དུ།།
ལོག་པའི་ཁ་ལོ་བདུད་ཀྱིས་བསྒྱུར་བའི་སྙིགས་མ་འཐིབས་པའི་ཐུན་གསུམ་དེས།།
ཁ་བའི་རི་གྲོང་རབ་ཏུ་དཀྲིགས་པའི་ནག་པོའི་མངོན་རྟགས་ཕྱོགས་སུ་མཆེད།།
དེ་ཚེ་དབང་ཕྱོགས་ས་ཡི་འཛིན་མ་ནས།།
མཐོ་རིས་མེ་ཏོག་ཕྲེང་བ་རྙིང་བྱེད་པའི།།
མ་རུང་བདེན་དང་བྲལ་བའི་ལག་ལྡན་དཔུང་།།
ཆོལ་གསུམ་རི་བོའི་འདབས་སུ་ཁད་ཀྱིས་ཕྱོགས།།
བདེན་བདེན་དར་གྱིས་ལྕིབས་པའི་མེ་མདའ་ཡིས།།
སྲོག་གི་སྒྲོམ་བུ་དངོས་སུ་འཕྲོག་བཞིན་དུ།།
བཅོས་མའི་འཛུམ་མདངས་སྟོན་པའི་ཁྲེལ་བོར་ཁྱུ།།
ད་དུང་བདེན་པའི་ཕོ་ཉ་ཡིན་ནོ་ལོ།།
ར་སྐྱེས་སྟག་གིས་ཟ་བའི་ཆོ་ངེ་ཡིས།།
སེ་བའི་བུ་ལ་བཟོད་དཀའི་གནད་བསླངས་ཤིང་།།
འབྲོམ་གྱི་མཚེར་ལ་བསྲེགས་པའི་ལྷ་དམག་གིས།།
ཁྭ་ཏའི་རྒྱལ་མཚན་ཁྲོམ་གྱི་དབུས་སུ་འཕྱར།།
དེ་ལྟར་བྱུང་བའི་རྒྱུ་མང་ཞིང་།།
འདི་ལྟར་ལྷག་པའི་རྐྱེན་བདོ་བའི།།
དུས་ཀྱི་འཚུབས་མ་དཀྲིགས་པ་ཡིས།།
རྒྱལ་པོའི་ཕོ་བྲང་ཡོམ་ཡོམ་འདར།།
མཐུན་རྐྱེན་ལེགས་པའི་སྦྱོར་བ་ཉག་ཕྲ་བའི།།
དབང་ཕྱོགས་ཟླ་བ་ལྷག་མའི་རྒྱལ་ཐབས་ཤིག།།
རྒན་པོའི་ཚོགས་འདིས་ཁྱོད་ལ་དབུལ་ན་ཡང་།།
གསོན་པའི་རེ་བ་ནམ་གཞུག་སྦྲང་བུའི་སྐད།།
དུས་མཐུན་བྱ་བ་བསྒྲུབ་པའི་བློ་མེད་ཅིང་།།
རིམ་བསགས་རྐྱེན་མང་འདོར་བའི་ཐབས་མེད་ལ།།
ཕ་རོལ་སྟོབས་ཀྱིས་མནོན་པའི་ཤུགས་མེད་པའི།།
ལས་ཀྱི་ལྷག་མ་འདི་ཀོ་སུ་ཡིས་བྱིན།།
སྐྱེ་བ་ཉིད་ཀྱིས་འཆི་བ་དང་།།
དར་བ་ཉིད་ཀྱིས་རྒུད་པ་ཡི།།
སྐྱེ་བོ་སྐྱེ་བའི་རང་བཞིན་ཉིད།།
མཚོན་པའི་མེ་ལོང་གཉིས་པ་སྤངས།།
དེ་ལྟའི་དྲང་དང་ལྡོག་པའི་གཟུགས་བརྙན་འབུམ།།
གྲུ་འཛིན་བཻ་ཌཱུར་དག་པའི་ཆུ་སྣོད་དུ།།
རྣམ་པར་བཀྲ་བ་ཉམས་དགའི་ལོངས་སྤྱོད་དེས།།
རྒྱལ་སྲས་ཐུགས་བསྐྱེད་ཟབ་མོའི་གྲོགས་སུ་སྨིན།།
སྒྱུ་མ་སྒྱུ་མར་རྩེན་པའི་སྣང་ཤེས་ཀྱིས།།
བཟང་ངན་བདེ་སྡུག་མཉམ་པར་མངོན་རྟོགས་པའི།།
གང་གི་དཔའ་བར་འགྲོ་བའི་ཏིང་འཛིན་ནི།།
ཆུ་ཤེལ་ཟེར་བརྒྱས་བྲན་པའི་ཆུ་གཏེར་བཞིན།།
སྐྲ་ཅན་དང་ནི་སྣ་ཅན་བཞིན།།
འགྲོ་བའི་རི་དྭགས་ཚོགས་དག་གི།
ཚོགས་ཀྱི་དཀྱིལ་འཁོར་རབ་གསལ་བ།།
ཀཻ་ལ་ཤ་ཡི་ཁྱུ་མཆོག་སྟེ།།
མ་ལ་ཡ་གནས་བཅོམ་ལྡན་གཽ་རིའི་ཞལ་ནི་བདེ་འབྱུང་གཙུག་གི་རྒྱན་བཞིན་མཛེས་པ་དང་།།
སྙིམ་པའི་མེ་ཏོག་འཁོར་ལོས་མཚན་བཅས་རིག་འཛིན་རྒྱལ་བོ་འོད་སྟོང་ལྡན་མར་འཁུ་བ་སོགས།།
གྲགས་ལྡན་དཔལ་གྱི་ཨུཏྤལ་བཟང་པོ་རྙིང་བ་མིན་པའི་ལང་ཚོའི་ཤིས་པ་མཐའ་དག་ཀྱང་།།
ཁྱོད་དྲུང་རང་གི་ལེགས་པ་དག་ནི་ས་ཡི་འོག་ཏུ་ཡིབ་པ་བཞིན་དུ་གསལ་མི་འགྱུར།།
བྱེ་རུའི་མེ་ཏོག་ཚལ་དུ་སྨིན་པའམ།།
གུར་གུམ་གསར་བས་སྦངས་པའི་ཆུ་གཏེར་བཞིན།།
གྲགས་ལྡན་ས་ཡི་རྒྱན་གྱུར་ན་ལནྡ།།
གངས་རིའི་ཁོངས་སུ་འཕོས་པའི་ཆོས་ཀྱི་གྲྭར།།
ཇི་སྙེད་ཤེས་བྱའི་རྣམ་པ་ཡོད་དོ་ཅོག།
ལུང་རིགས་འཇུར་མིག་ཕྲ་མོར་དྲངས་པ་ལས།།
ལོག་རྟོག་འཇུར་བུ་བཤང་བའི་མཛད་བཟང་ལ།།
དཔང་གྱུར་མཁས་པ་དགྱེས་པའི་མངོན་རྟོགས་ངོམས།།
གནམ་སྣུམ་གཡོ་བ་འཛིན་པའི་ཟུར་ཕུད་དང་།།
རིན་བྲལ་ཆེན་པོར་འོས་པའི་ཁྱད་འཕགས་གོས།།
སྡུག་གུའི་ལང་ཚོ་ཉེ་བའི་སྟོབས་པར་བཅས།།
རྒྱལ་བོའི་རྒྱན་གྱི་དམ་པར་ཁྱེད་མ་གཟིགས།།
ཚུལ་དང་ཚུལ་མིན་འབྱེད་པའི་བག་ཡོད་གོས།།
གནས་དང་གནས་མིན་མཁྱེན་པའི་རྣམ་དཔྱོད་རྒྱན།།
ལུགས་དང་ལུགས་མིན་དཔྱོད་པའི་མཛངས་པར་བཅས།།
ངེས་དོན་དམ་པའི་རྒྱན་དུ་གང་གིས་བཞེད།།
སྡོམ་བརྩོན་ཉིད་བཞིན་རྒྱལ་པོ་སྟེ།།
རྒྱལ་བོ་ཉིད་བཞིན་སྡོམ་བརྩོན་པ།།
ཁྱད་འཕགས་མཆོག་གི་བརྟུལ་ཞུགས་འདི།།
སྔོན་གྱི་ས་སྐྱོང་ལ་ཡང་དམན།།
མུ་འགོད།་་་་་་་་་་་་་་་་
བརྗོད་བྱ་ཁྱད་དུ་འཕགས་ཤིང་རྗོད་བྱེད་ཀྱི་ཚིག་སྙན་པ་སོགས་ཀྱི་ཁྱད་ཆོས་དུ་མས་ཕྱུག་པའི་སྲོལ་རྒྱུན་སྙན་ངག་འདི་འདྲ་མཇལ་རྒྱུ་བྱུང་བ་སེམས་ལ་དགའ་བོ་ཞེ་དྲག་བྱུང་།
༧ དྲན་སྐུལ་ཅོང་བརྡ།
༄། །ཉེ་ཆར་ཕྱི་ཟླ་8པའི་ནང་། །༸གོང་ས་མཆོག་གི་མཚན་འཁོད་པའི། །སྐུ་སྒེར་དྲྭ་ཞབས་ལས་ཁུངས་སུ། །ཕུལ་བའི་ཞུ་ཡིག་གཤམ་གསལ་ལྟར།།
༄། །མཁྱེན་ཡངས་དབུ་འཛིན་རྣམ་པའི་མདུན་སར།
གུས་གསོལ། ༧གོང་ས་མཆོག་གི་རང་རྣམ་«བཙན་བྱོལ་ནང་གི་རང་དབང་»དེ་༧གོང་ས་མཆོག་གི་མཚན་འཁོད་དྲ་ངོས་སུ་ས་མིག་སྟོང་བར་ཡོད་བཞིན་པ་དེ་ལ། ལྡི་ལི་བོད་ཁང་གིས་ཁུར་བཞེས་ནས་ཉེ་འཆར་དཔར་དུ་བཏབ་པའི་རང་རྣམ་དེ་ག་ཁ་བསྐངས་ཅན«ཕྱི་ཡུལ་གྱི་རང་དབང་»ཞེས་སུ་མཚན་གསོལ་འདུག་པ་དེ་བཞིན་རང་རྣམ་གྱི་ས་མིག་སྟོང་བར་འགོད་རོགས་བསྙེལ་མེད་ཞུ། གཞིས་ལུས་དོན་གཉེར་ཡོད་རིགས་ཚོར་ཕན་རླབས་ཆེ་ངེས་ཡིན་པ་ཞུ་མ་དགོས་པ་བཅས་ཐུགས་འཛིན་དོན་སྨིན་ཞུ་ཡིག་ཏུ།
ཨ་མདོ་ནས་གུས་ཕུལ།
དེ་ནས་ཕྱི་ཟླ་9པའི་ནང་། །འབྱོར་བའི་ཞལ་བཞེས་ཡིག་ལན་ནི། །
༄༅། །གཞིས་བཞུགས་དོན་གཉེར་ཅན་རྣམས་ལ།
ཆེད་ཞུ། ངེད་དྲྭ་བས་ཁྱེད་རྣམས་པའི་ཐུགས་འདོད་ལྟར་༸གོང་ས་མཆོག་གི་རང་རྣམ་«ཕྱི་
ཡུལ་གྱི་རང་དབང་»ཞེས་པ་གང་མགྱོགས་དྲྭ་བའི་ཐོག་འགོད་ངེས་ཡིན་པས་དེ་དོན་ཡིད་འཇགས་འཚལ། ཁོང་གི་ཞབས་ཞུ་བས་2011ཟླ་9ཚེས་15བཟང་པོར་ཕུལ།།
ད་ནི་ལོ་འདིའི་ལོ་མཇུག་སྟེ། །སྒྱིད་ལུག་མ་གནང་ཞབས་ཞུ་བ། །ཞལ་བཞེས་བཞིན་དུ་རང་རྣམ་ཟླ། །གང་མྱུར་དྲྭ་བའི་མཁར་གསལ་ཤོག།
ཡག་པོ་བྲིས་འདུག དངོས་གནས་སྙན་ངག་གི་མདངས་ཞིག་མངོན་ཡོང་གི
ཀྱི་ཧུད་ཀྱི་ཧུད་བདག་ལ་སྙན་ངག་བྱ་བའི་བློ་གྲོས་རྙེད་ལོ་ཀྱེ་མ་འདི་ནི་ཀློག་པའི་ཚེ། །
རྒྱ་མཚོའི་གོས་ཅན་འཛིན་མའི་རྒྱན་གྱུར་རབ་འབྱམས་མཆོག་གི་སྟོན་པ་བསྟན་འཛིན་རྒྱ་མཚོ་རྒྱལ་གྱུར་ཅིག །
ཅེས་པ་ལྟ་བུའི་ཚིག་མཐོང་ངམ། །
ཐོས་ཚེ་བདག་ཡིད་དད་མྱོས་ནས། །
རྫ་ཚེའི་མགྲིན་པར་སུས་འཁྱུད་སྙམ། །
དབུག་པ་ཅན་གྱི་དབྱུག་གུ་ངས་ཀྱང་ཉོས། །
དབྱངས་ཅན་ལྷ་མོའི་གཟུགས་སྔགས་ངས་བཟླས་ཀྱང་།
བདག་གིས་་་་་
སྙན་འཇེབས་རོལ་མོའི་དབྱངས་རྟ་འབུམ་གྱིས་དད་ལྡན་སྐྱེ་བོའི་ཡིད་ཀྱི་བརྟན་པ་དབང་མེད་
ཅིག་ཅར་འཕྲོག །
སྙན་འགྱུར་ང་རོ་ལྕི་ཡངས་སྣ་ཚོགས་ལྷོ་ཤར་ལུགས་དང་བཅས་པས་སྒྲ་དབྱངས་ལྷ་མོའི་གསང་གྲོགས་ཀུན་གྱི་ཡིད་དབང་སྣང་ལ་མ་ངེས་གཟུགས་སུ་བསྐྲུན།།
སྙན་མོ་གླུ་ཡི་མཆོད་སྤྲིན་སྟོང་གིས་སྙིང་ཁམས་ལོག་རྟོག་མུན་པས་འཐིབས་རྣམས་ཁད་ཀྱིས་དཀྲོག་སྟེ་བག་ཡོད་གཟུ་བོའི་དབྱངས་སུ་དྲངས།།
སྙན་དངགས་འཇམ་རྩུབ་འདྲེས་མའི་གསེབ་ཏུ་གསང་གསུམ་རྣམ་ཐར་གསལ་བར་སྟོན་
འདིས་མཆོག་དམན་ཀུན་གྱི་སྒྲ་འཛིན་དབང་པོ་དོན་ལྡན་མཛད་འདི་རྨད།།
སྙན་སྙན་དབྱངས་ཅན་དབྱངས་ལ་འགྲན་མཛད་དབྱངས།།
གང་གང་དད་ལྡན་རྣ་བར་གྲགས་དང་ལྷན།།།
ཡང་ཡང་བཀླགས་པར་མཛད་ནས་གདམས་ངག་རྣམས།།
གཟབ་གཟབ་དྲན་པར་སྐལ་ལྡན་མཐའ་དག་རངས།།
སྙན་ངག་གི་བསྟན་བཅོས་སམ་རྒྱན་གྱི་བསྟན་བཅོས་དང་སྙན་ངག་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དགོས་སྙམ་ལགས།
སྣྲོན་ངག་ཁྲི་ལགས་ཀྱིས་ཟུར་དུ་བཀོད་པའི་དབྱངས་ཨ་ངེས་བ་དང་ཟུང་ལྡན་གྱི་སྙན་ངག་གི་སྒྲ་རྒྱན་ནི་ཁྱད་དུ་འཕགས་སོ། །མངོན་པར་བསྟོད། ཀ་ནས་ཨའི་བར་དབྱངས་ཨ་ངེས་བའི་སྒྲ་རྒྱན་གྱི་སྒོ་ནས་གོང་ས་མཆོག་ལ་བསྟོད་པ་ཀ་ཕྲེང་ཞིག་བྲིས་ཐུབ་ཀྱི་འདུག་གམ། ཀརྡོ་རབ་འབྱམས་པས་རྒྱན་གྱི་བསྟན་བཅོས་དང་སྙན་ངག་གཉིས་ལ་ཁྱད་པར་ཡོད་གསུངས་བ་ལྟར། རྒྱན་གྱི་བསྟན་བཅོས་ཡིན་ན་སྙན་ངག་ཡིན་པས་ཨེ་ཁྱབ།
དབྱངས་ཨ་ངེས་པའི་ལུགས་འབྱུང་ཀ་ཕྲེང་གིས་༸གོང་ས་མཆོག་གི་སྐུའི་གསང་གསུམ་ལ་བསྔགས་པ་དྲི་ཟའི་གླུ་དབྱངས་ཞེས་བྱ་བ།
ཀ་བ་ལྟར་བརྟན་སངས་རྒྱས་ས་ལ་མཚན་སྙན་གྲགས་ནས་སླར་ཡང་ཁམས་གཞན་པ།
ཁ་བ་གངས་ཅན་གནས་དང་བཅས་ལ་གྱར་དང་མ་གྱར་པ་རྣམས་རབ་དྲངས་སླད།།
ག་པ་གང་སར་ཡང་ཡང་འཕྱན་ལྟར་ཐ་མལ་པ་ལ་གང་ལ་གང་འཚམས་སྣང་མཛད་གང་།།
ང་ཅག་གངས་ཅན་པ་རྣམས་བླ་མ་ས་སྒང་རྒྱལ་བསྟན་མཐའ་དག་དབང་མཛད་རྒྱལ།།
ཅ་ན་ཏ་དང་རྒྱ་གར་འཕགས་གནས་དང་།།
ཆ་ཚང་རང་དབང་གནས་རྣམས་ཞབས་བཅག་ནས།།
ཇ་ཆང་སྤྱད་ནས་རྒྱལ་ཁབ་གཞན་མནན་མཁན།།
ཉ་གང་ཟླ་བར་རྔམས་པ་དགྲ་གཅན་རྒྱར།།
ཏྰ་ལ་མཚན་ཅན་དག་ལས་གཞན་པ་གང་།།
ཐ་མལ་འཆམ་ལ་དབབ་མཛད་ཅང་མ་ལགས།།
ད་ཆ་བསྐལ་བཟང་སངས་རྒྱས་མ་མཇལ་ཡང་།།
ན་ཕྲ་ལས་ཀྱང་ས་ཡས་ལྷག་མཛད་ཁམས།།
པྲཉྫ་ས་རས་བརྒྱན་པ་རབ་སྙན་དབྱངས།།
ཕ་ལམ་ཚང་མས་འགྲན་བྲལ་གང་དག་གནད།།
བ་ལང་བདག་འདྲས་སྨྲ་བར་རབ་ངལ་ན།།
མ་ལ་ཡར་གནས་རྣམ་པས་སྨྲས་ཀྱང་གང།།
ཙ་ན་ཀ་རྣམས་བྲག་ལ་དྲངས་འདྲ་བ།།
ཚ་གྲང་ས་གནས་གང་སར་གྱར་བ་རྣམས།།
ཛ་དྲག་གནས་ལས་ཡང་ཡང་སྐྱབས་ནས་སླར།།
ཝ་ལྟར་ལམ་ངན་འཕྱན་རྣམས་རབ་དྲངས་མཛད།།
ཞཱ་མང་པཎ་ཞཱས་བརྒྱན་གང་ལྷག་པར་རྨད།།
ཟ་ངན་གཡངས་ལ་གྱར་རྣམས་བྱམས་དང་བཅས།།
འ་ཅག་མཉམ་པར་བསྐྱངས་མཛད་གངས་ཅན་༸སྐྱབས།།
རཱ་ཅན་ཡ་མཎ་དཱ་ཀ་མ་ལགས་སམ།།
ལ་ལས་སངས་རྒྱས་ལ་ཡང་དབྱངས་གསལ་བསླབས།།
ཤ་ཚ་ཅན་ལ་སྙན་གཏམ་མ་ལགས་སྙམ།།
ས་ལྒང་གང་ཟག་མང་དག་རབ་བསྔགས་ཀྱང་།།
ཧ་ཅང་སྐལ་ངན་མཐའ་དག་ཆགས་སྡང་ངང་།།
ཨ་གསར་ཚ་བས་སྣང་བའང་སྨག་དང་འདྲ།།
ཞེས་དང་རྐང་པ་བཞི་པོ་རིམ་པ་བཞིན་དབྱངས་ཨི་ཨུ་ཨེ་ཨོ་བཞིར་ངེས་པའི་བསྔགས་
འོས་བསྔགས་པའི་བྱ་དཀའ་བ་ནི།
ཡིད་ཀྱི་འཁྲི་ཤིང་སྙིང་གི་དཔྱིད།
ཟུང་འཇུག་སྐུ་གསུང་ཐུགས་སུ་རུམ།།
ལེགས་ཉེས་དབྱེ་འབྱེད་དགེ་ལེགས་གཏེར།།
ཡོངས་རྫོགས་མགོན་པོ་ཁྱོད་རོལ་ལོ།།
རྒྱན་གྱི་བསྟན་བཅོས་དང་སྙན་ངག་གཉིས་ལ་མུ་བཞི་ཡོད་དེ།
༡༽གཉིས་ཀ་ཡིན་པའི་མུ་ནི། སྙན་ངག་གི་བསྟན་བཅོས་ཆེན་པོ་དཔགས་བསམ་འཁྲི་ཤིང་ལྟ་བུ།
༢༽རྒྱན་གྱི་བསྟན་བཅོས་ཡིན་ལ་སྙན་ངག་མ་ཡིན་པ། ངན་གཡོ་དང་བརྩེ་བྲལ་གྱི་བསྟན་བཅོས་ལྟ་བུའོ།།
༣༽སྙན་ངག་ཡིན་ལ་རྒྱན་གྱི་བསྟན་བཅོས་མ་ཡིན་པ་ནི། སངས་འཕགས་རྒྱུད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ལྟ་བུ་དང།།
༤༽གཉིས་ཀ་མ་ཡིན་པ་ནི། དྲཱ་རྒྱ་ཁག་ཏུ་ནང་འཁྲུགས་རྒྱག་མཁན་གྱི་དྲཱ་འབུའི་ངག་ལྟ་བུའོ།།།།
སྣོན་ངག་ཁྲི་ལགས། ཤིན་ཏུ་བཟང་། བོད་ལ་དབྱངས་ཨ་ངེས་བའི་སྙན་ངག་གི་འབྲི་སྲོལ་ཐོག་མ་རྗེ་ཙོང་ཁ་ནས་དར་བས་སྲོལ་འདི་བོད་རང་གི་ཐུན་མོང་མ་ཡིན་པ་དང་བོད་ཀྱི་ཡི་གེ་མ་གཏོགས་རྒྱ་ཡིག་དང་དབྱིན་ཡིག་སོགས་ལ་དེ་འདྲའི་སྙན་ངག་འབྲི་སྲོལ་ཡོང་མི་སྲིད་པ་ནི་ཡི་གེ་རང་སྟེང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ས་རེད། ཙ་ན་ཀ་རྣམས་བྲག་ལ་དྲངས་འདྲ་བ།།ཞེས་པའི་དོན་དོན་ཇི་ལྟར་ཡིན། ཙ་ན་ཀ་ནི་སྲན་མ་ཞིག་གི་མིང་ཡིན་པས་བྲག་ལ་དྲངས་ཞེས་པ་མགོ་མ་ཚོས་མ་སོང་ལགས། ངན་གཡོ་དང་བརྩེ་བྲལ་གྱི་བསྟན་བཅོས་སྙན་ངག་མ་ཡིན་པའི་རྒྱུ་མཚན་གསུང་ཡ་ཨེ་ཡོད། བཀའ་འདྲི་ཞུ་བ་ལགས།
སློབ་དཔོན་དབྱུག་པའི་སྙན་ངག་གི་སྐོར་མེ་ལོང་མ་ནི། རྒྱན་གྱི་བསྟན་བཅོས་ལ་སྙན་ངག་ཞེས་མཁས་པར་མི་གྲགས་ལགས།
དབྱངས་ཨར་ངེས་པའི་ཚིག་རྒྱན་བོད་ཀྱི་སྐད་ཡིག་ལ་མ་གཏོགས་མེ་པ་བདེན་སྲིད་ཀྱང་། ཐོག་མར་བྲིས་མཁན་སློབ་དཔོན་ཐུ་མིས་མཛད་ནས་བྱ་དཀའ་བའི་ལམ་ཞེས་སོགས་ཀྱིས་ཆོས་རྒྱལ་སྲོང་བཙན་བསྟོད་པ་དང་པོ་བརྩིས་དགོས་རེད་སྙམ། འདི་ལ་ཡང་བོད་ཀྱི་བོན་པོ་མཁས་པས་དགག་བཞག་ཐད་ལྡན་མེད་ནའོ། །
ཀ་ཁ་ནས་སྦྱངས་མཁས་མཛངས། །
ཁ་དང་ལག་པ་མཉམ་གནས། །
ག་ས་ག་ལ་གནང་མཁས། །
ང་ཅག་བླ་མ་སངས་རྒྱས། །
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ། །
ཀི་ཀི་ཧི་ཡིས་གཟི་བརྗིད། །
ཁུ་ཚུར་ཁུངས་བཙུན་བཙུན་ཚུལ། །
གེ་རེས་སྒེར་རེར་རྗེས་དེད། །
ངོ་བོ་ཇོ་བོ་འབྱོན་པོ། །
༸ཏྰ་ལའི་བླ་མ་ཁྱོད་ཉིད། །
མཁྱེན་ཡངས་དྲཱ་གྲོགས་མིག་བརྒྱད་མཚན་ཅན་ལགས་དང་ཀ་རྡོ་རབ་འབྱམས་པའི་མཚན་
སྙན་ཅན་རྣམ་གཉིས་མཆོག་ལ།།
༡༽རྒྱན་གྱི་བསྟན་བཅོས་ལ་སྙན་ངག་ཅེས་མཁས་པར་མི་གྲགས་ལགས་ཞེས་པ་གོ་
རྒྱུ་ཆེ་ཡང་། རྒྱན་གྱི་བསྟན་བཅོས་ཡིན་ན་སྙན་ངག་མ་ཡིན་པས་ག་ལ་ཁྱབ་སྟེ། དབུ་མ་རིགས་ཚོགས་དྲུག་དང་།། བྱམས་ཆོས་སྡེ་ལྔ་སོགས་འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་གཞུང་རྣམས་དང་། བོད་གངས་ཅན་གྱི་མཁས་དབང་དམ་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་བརྗོད་བྱའི་
དོན་ཟབ་ཅིང་བརྗོད་བྱེད་ཀྱི་ཚིག་སྦྱོར་ཤིན་ཏུ་སྙན་པ་རྣམས་མཐའ་དག་ལ་སྙན་ངག་གི་་མཚན་ཉིད། མཐོང་བ་དང་ཐོས་པ་སོགས་ཀྱི་སྐབས་སུ་རྣ་བར་སྙན་ཞིང་ཡིད་འཕྲོག་པར་བྱེད་པའི་ངག་གི་ཕྲེང་བ་ཞེས་པའི་མཚན་ཉིད་ཚང་བའི་ཕྱིར་རོ།།
༢༽གཞན་ཡང་དེ་དང་ཕྱོགས་མཚུངས་ངན་གཡོ་དང་བརྩེ་བྲལ་གྱི་བསྟན་བཅོས་གང་རུང་ཡིན་ན་སྙན་ངག་མ་ཡིན་པས་མ་ཁྱབ་ཀྱང་དེ་གཉིས་རང་ལྡོག་ནས་སྙན་ངག་མ་
ཡིན་སྟེ་དེ་དག་གང་རུང་དང་སྙན་ངག་མ་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་
ཏེ། དེ་དག་དང་སྐྱེ་བོའི་འཇུག་ངོགས་མ་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་རོ།།
རབ་ཡངས་གངས་དཀར་ར་བ་རབ་མཚར་ཡང་།།
རབ་སྙན་དབྱངས་ཅན་སྒྲ་དབྱངས་འགྲན་དཀའ་བས།།
རབ་གསལ་སྨྲ་དབང་ལྡན་རྣམས་རབ་འབད་ནས།།
རབ་དཀར་གངས་ཅན་རྒྱན་ཆར་རབ་བསྔགས་འཚལ།།
སྲིད་ཀྱི་རྫིང་རིང་འདི་ཉིད་ཀྱིས།།
ལུགས་ཟུང་བཟུང་རྒྱུ་ཡུན་དུ་རུང་།།
དགེ་ལེགས་ཆེར་འཕེལ་བདེ་གཤེགས་དེས།།
ཡོངས་རྫོགས་དགོངས་དོན་འགྲོ་བློར་འདོམས།།
ཞེས་བྱ་བ་ནི་༸གོང་ས་མཆོག་ལ་མཛད་རྣམ་མཐའ་དག་ལ་བསྔགས་པའི་བྱ་དཀའ་
བ་དབྱངས་བཞི་ངེས་པའོ།
སྙན་དང་མི་སྙན་སེམས་ཀྱི་འཁྱེར་སོ་ཞིག
སེམས་དང་སེམས་ཞེས་བྱ་བ་མ་གྲུབ་པས།
སེམས་མེད་ཞི་བ་ཆེན་མོའི་གཞི་དབྱིངས་ནས།།
མཉམ་ཉིད་བདེ་བ་ཆེན་པོར་རོལ་ན་འདོད།།