རྩོམ། འོད་ཟེར།
སྒྱུར། ནགས་ཤོད་སད་མི།
༡༽
ཕྱི་ལོ ༢༠༡༡ ལོའི་ཟླ་བ ༡༡ པའི་ཚེས ༣ ལ། ཐུ་བྷོད་ཤར་ཕྱོགས་ནས་དགུང་ལོ ༣༥ ལ་སོན་པའི་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་པ་རེད།
འདི་ནི ༢༠༠༩ ནས་བཟུང་། རང་ལུས་མེར་བསྲེགས་པའི་ཐུ་བྷོད་བ ༡༢ དེ་རེད། སྐྱེས་པ ༡༠ དང་། བུད་མེད ༢ རེད། ཚང་མ་ཆོས་གོས་དམར་སེར་བསྣམས་པ་རྐྱང་རེད། འོན་ཏེ་འདིའི་ཁྲོད་ཀྱི་མི་གཉིས་ནི་དགོན་པར་འཛུལ་བའི་ལས་བྱེད་ཀྱིས་ཕྱིར་བསྐྲད་པས། འབྲོག་པའི་པགས་རྩག་མ་གྱོན་རང་གྱོན་བཟོས་པ་རེད། རབ་ཏུ་འབར་བའི་མེ་དབལ་དྲག་པོའི་ཁྲོད་ནས་མི ༦ སྐུ་གཤེགས་པ་དང་། མི ༥ ལ་འཚིག་སྐྱོན་ཐེབས་ནས་ཉེན་རྟོག་པས་ཁྲིད། མི ༡ དགོན་པར་ཡོད་ཀྱང་དབུགས་སུར་སུར་ཙམ་ལས་མེད།
ད་ལྟ། ཐུ་བྷོད་ཀྱི་དགོན་པ་རེ་རེར་ལས་བྱེད་དང་ཉེན་རྟོག་པའི་གྲིབ་ནག་ཡོད་པ་ཤེས་སོང་ངམ། ཏང་གིས་དགེ་འདུན་པ་རེ་རེའི་ཀླད་པ་ཆུ་བཤལ་རྒྱག་པའི་སླད་དུ་ཁོང་ཚོ་མངགས་ཡོང་བ་སྟེ དགེ་འདུན་པ་ཚོས་ཏཱ་ལའི་བླ་མར་མཆི་མ་བཏབ་ནས ༼ གདུག་འདྲེ ༽ རེད་ཟེར་དགོས་པ་དང་། ལག་པ་གནམ་ལ་བཀྱགས་ནས་གུང་ཁྲན་ཏང ༼ བྱང་ཆུབ་སེམས་དཔའ ༽ རེད་ཅེས་བརྗོད་དགོས།
༢༽
གཟའ་འཁོར་གཅིག་གི་གོང་དུ། ཡུས་ཋུས་པིས YouTu be དྲ་ཚིགས་ནས་བཙུན་མ་དཔལ་ལྡན་ཆོས་མཚོས་རང་ལུས་མེར་བསྲེག་བརྒྱབས་པའི་བརྙན་པར་ཐོན་པ་རེད།
ང་ཚམ་ཚོམ་ཞིག་གི་ངང་དལ་ཅིག་བརྙན་པར་དེར་་མཛུབ་གནོན་བྱ་མ་ཕོད། མིག་ལམ་དུ་འཁོར་འོང་བ་ནི་མཐོང་ཟིན་པའི་པར་རིས་དང་བརྙན་པར་དག་རེད་ལ། ཐུ་བྷོད་སེར་མོ་བ་ཚོ་གཞུང་ལམ་ཁ་དང་། ཡང་ན་རྩྭ་ཐང་སོགས་སུ་མེ་ལྩེས་འཁྱུད་པའམ། ཐ་ན། མེ་དབལ་དྲག་པོས་ཚིག་རིལ་ཐེབས་པའི་རྣམ་པ་དག་རེད། རྒྱུ་ཆ་འདི་ཚོ་ནི་ས་གནས་བོད་མིས་སྲོག་བསྡོས་ཀྱིས་ཕྱིར་གཏོང་བྱས་ལ། དམིགས་ཡུལ་ནི་འཛམ་གླིང་འདིས་མཐོང་ན་བསམས་པ་རེད་མོད་ལྟ་བས་བཟོད་དཀའ་བའི་ཚད་རེད།
དེའང་ཟླ་བ་གཅིག་གི་སྔོན་དུ། ང་རང་དམག་དང་ཉེན་རྟོག་པས་གནམ་ས་དཀྲིགས་པའི་ལྷ་ས་ནས་ཐལ་སྐྱས་གཡོགས་པའི་པེ་ཅིང་དུ་ལོག མ་གཞི་ངའི་སྡོད་སྒར་བཙན་རྒྱལ་བའི་རྒྱལ་ས་འདི་ན། རང་བྱུང་མཁའ་དབུགས་ཧ་ཅང་ངན་ཆེས་ནའང་། ཆབ་སྲིད་ཀྱི་མཁའ་དབུགས་ངོ་མ་ལྷ་ས་ལས་ཞི་འཇམ་པས། དམ་དུ་བཀྱིགས་པའི་ངའི་ཁྲ་རྩ་རྣམས་རྦད་དེ་ལྷོད་ལ་བབས། ཡིན་ནའང་། བོད་མི་བཅུ་པ་ཡིས་རང་ལུས་མེར་བསྲེགས་པའི་གནས་ཚུལ་ཕྱིར་ཁྱབ་པ་དེས། ཡར་ཐོན་ལྡན་པའི་པེ་ཅིང་གི་གདོང་འབག་རྩབ་ཧྲལ་ལ་བཏང་སོང་།
ཁོང་ནི་དགུང་ལོ ༢༠ མེད་པའི་བཙུན་མ་བསྟན་འཛིན་དབང་མོ་ལགས་རེད། འབྲོག་པའི་ཁྱིམ་ཚང་ནས་དགོན་པར་ཡོང་སྟེ་བཙུན་མ་བསྒྲུབས་པའི་བུད་མེད་འདིས། མེ་ལྕེས་ཟོས་པའི་གཟུགས་ཕུང་ཞིག་གི་པར་རིས་ལས་ཅི་ཡང་བཞག་མེད།
༣༽
སྐར་མ ༣ ཡང་མེད་པའི་བརྙན་པར་འདི་ཁ་ཕྱེས་པ་དང་། བཀག་ཀྱང་མ་ཁོག་པའི་ཚོར་ཤུགས་དེ་རེད།
སྐུ་གཟུགས་ཡོངས་མེ་ལྕེས་འཁྱུད་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་གཞུང་ལམ་ན་ཀྲོང་ངེར་བཞེངས་པ་དེ་ནི། འབར་གྱིན་པའི་དཔལ་འབར་ཞིག་དང་གཅིག་པ་གཅིག་རྐྱང་རེད། ང་དེ་མུར་མིག་ཆུ་ཆར་བབས་པ་ལྟར་གྱུར་ནས་གཙོད་ཀྱང་མ་ཐུབ་པས། ལག་གཉིས་གདོང་པར་བཀབ་ནས་བསྡད།
ང་ལས་ཏག་ཏག་ལོ་གྲངས ༡༠ ཆུང་བའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས། འདི་ལྟར་གསོན་གསོན་ངང་མེས་ཚིག་པ་རེད། འདི་ནི་ལྕགས་མ་རེད་ལ། རྡོ་ཡང་མ་རེད། འདི་ནི་ཤ་རུས་ཁྲག་བཅས་ཀྱི་མི་རེད། ངང་ཚུལ་འདིས། སེམས་པ་ལྕགས་ལས་སྲ་ཞིང་རྡོ་ལས་གྲུབ་པའི་མི་དག་ཀྱང་བརྒྱ་ཆ་བརྒྱ་འདར་སིག་རྒྱག་ཏུ་བཅུག་ཡོད།
མིག་ཆུས་སྦགས་པའི་ཁྲོད། དང་ཐོག་ངས་ཁོང་མེ་ལྕེ་ཁུར་ནས་འགྲོ་གིན་ཡོད་པ་དང་། འགྲོ་གིན་འགྲོ་གིན་རྒྱལ་བ་རིན་པོ་ཆེ་འབོད་ཀྱིན་ཡོད་ལ་ལྟར་སྣང་མོད། ཞིབ་ཏུ་ལྟ་དུས། ཁོང་ནི་གོམ་པ་གང་ཙམ་ཡང་སོང་མེད་ལ། ཀྲོང་ངེར་འགྱིངས་པ་རེད། དེ་མཚམས་ཤིག་ནས་ཁོང་གི་རྐེད་པ་གུག་ཙམ་བྱས་ནས་ཡང་ས་ཐང་དུ་དྲང་མོར་ཉལ་སོང་། གཞུང་ལམ་ངོས་ཀྱི་མི་དེ་ཚོས། མེ་དབལ་དྲག་པོས་ས་ཐང་ལ་བརྡབས་པའི་མོ་རང་ལ་ཅེར་ནས་སྨྲེ་ངག་དང་འོ་དོད་བྱེད་པ་ལས་མེད། དམར་རྗེན་ངང་ཕྱིར་གྱར་བའི་འདྲ་པར་འདིར་ལྟ་དུས། སྐབས་དེར་ཁོང་གི་གདོང་པ་ས་ཐང་ལ་འབྱར་ཡོད་ནའང་། ལག་གཉིས་ད་དུང་ཐལ་མོ་སྦྱར་ནས་ཡོད།
ང་ནི་བརྙན་པར་དེའི་ནང་གི་བོད་ཆས་གྱོན་པའི་བུད་མེད་དེ་ཡིན་ན་བསམ། མོ་རང་ནི་ངུ་འབོད་མེད་པའི་ཁར། མེ་ལྕེ་དྲག་པོས་ཁྱུར་མིད་གཏོང་གིན་པའི་བཙུན་མ་དཔལ་ལྡན་ཆོས་མཚོའི་སར་སོང་སྟེ། གུས་པ་མཚོན་པའི་དཀར་གཙང་དར་ཁ་ཞིག་གཡུགས་པ་རེད།
༤༽
དེའི་ཚེ་ན། སྐད་སྒྲ་ཁ་ཤས་ཀྱིས་འདི་དོན་རྟོགས་གི་མེད་ལུགས་བརྗོད། ཡིན་ནའང་། འདི་ཚོ་ཏང་གི་མཆུ་ཏོ་ཅན་ཚོའི་སྐད་ཆ་མ་རེད། དེ་ལས་ལྡོག་ཏེ་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་ཟེར་མཁན་དང་། ཡང་ཁ་ཤས་ནི་བཙན་གནོན་ཕོག་པའི་རྒྱ་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བ་ཚོ་རེད།
ངོ་མ་བོད་མི་ཚོ་ཧ་ཅང་ལྐུགས་དྲགས་པ་དང་། བློ་རིག་ཞེན་ཆེས་པ། ཚེ་སྲོག་ལ་སྣང་ཆུང་བྱེད་པ། རང་ལུས་མེར་བསྲེགས་པ་ནི་ཞེད་སྣང་སྐུལ་བའི་རོལ་རྩེད་ཅིག་ཏུ་ལྟ་བ་རེད་དམ། ཤེས་དགོས་པ་ཞིག་ནི། གདུག་རྩུབ་ཅན་གྱི་སྲིད་དབང་འདིས་བྱ་བཏང་བའི་དགེ་འདུན་པ་ཚོའི་སྐུ་ལུས་ལ་མེ་ལྕེ་སྤར་བ་དེ་རེད།
གདུག་རྩུབ་ཅན་གྱི་སྲིད་དབང་འདི་པས། མེ་མདའ་དང་སྒོར་མོ་གཅིག་པུར་བློ་གཏོད་པ་ལས་ཆོས་ལུགས་ལ་དད་མོས་མེད་པ་མ་ཟད། འཛམ་གླིང་འདིའི་སྟེང་དུ་མི་ལ་ལས་ཆོས་དད་ཀྱི་སླད་དུ་རང་ཉིད་སྲེག་བཞིན་ཡོད་པ་ཡིད་ཆེས་བྱེད་ཀྱི་མེད། དེས་ན། ཁོས་སྐྱག་རྫུན་བཤད་ནས་རང་ལུས་མེར་བསྲེག་པ་དེ་ཚོ་ལོ་ན་གཞོན་པས་ཡག་བཙོག་དབྱེ་བ་འབྱེད་མ་ཐུབ་པ་རེད་ཟེར། གདུག་རྩུབ་ཅན་གྱི་སྲིད་དབང་འདི་པས། མེ་མདའ་དང་སྒོར་མོ་ཡོད་དུས་ཐམས་ཅད་ལེབ་ལེབ་བཟོ་ཐུབ་པ་དང་། སུས་ཀྱང་ཁོང་ཚོ་ལ་ཡིད་མོས་བྱེད་ཀྱི་རེད་དྲན་ཡོད། དེ་འདྲ་སོང་བས། ཁོང་ཚོས ༼ ཏཱ་ལས་སྒོར་མོ་བཏང་ནས་རོ་ཉོ་གི་འདུག ༽ ཟེར་བའི་དུག་ཅན་གྱི་སྐད་ཆ་འདི་བཟོས་པ་རེད།
དོན་ངོ་མར། ལོ་རྒྱུས་ཐོག་ཏུ་རྐྱེན་ཆག་སྒོ་མགོར་ལྷུང་བའི་ཚེ། ནང་པ་ཡིན་ནའང་འདྲ། ཆོས་ལུགས་གཞན་གྱི་རྗེས་འབྲངས་པ་ག་གེ་མོ་ནས་རང་ཉིད་བློས་བཏང་ནས་ཆོས་ལུགས་བསྐྱབས་འོང་། དེང་དུས་ཀྱི་རྒྱ་ནག་འདི་པ་ཚང་ཡིན་ནའང་དེ་ག་རང་སྟེ། དེ་སྔོན་ཤིས་ཨན་གྱི་ཧྥ་མེན་དགོན་པའི་དགེ་འདུན་པས་རིག་གསར་སྐབས་སུ། དམར་སྲུང་དམག་འགོག་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་ནས་མཆོད་རྟེན་སྲུང་སྐྱོབ་བྱས་པ་རེད། ཡིན་ནའང་། བོད་མིའི་སྐུ་གཤེགས་སྟངས་འདིར་དོན་སྙིང་གཉིས་ཚོགས་ཡིན་པ་སྟེ། ཆོས་དད་སྲུང་སྐྱོབ་ཙམ་དུ་མ་ཟད། རང་དབང་ལ་ཡང་རྩོད་ལེན་བྱས་པ་རེད།
གཞན་ཡང་། སྐུ་གཤེགས་དཔའ་བོ་རྣམ་པ་དང་ལོ་ཚོད་དབར་འབྲེལ་མེད་ལྟ་བུ་ཞིག་སྟེ། ཧླ་རན་སའི་ལོ་རྒྱུས་ཐོག་གི་ལྷ་མོ་ཀྲིང་ཏེ་ཡང་དང་ཐོག་ཞིང་པའི་བུད་མེད་དར་མ་ཞིག་རེད། ཁོང་གིས་དམག་དཔུང་མགོ་ཁྲིད་དེ་ཕྱི་དགྲ་འགོག་རྒོལ་བྱས་པས། མཐའ་མ་དགྲ་བོས་མེ་ཁྲིམས་བཅད་དེ་བཀྲོངས་པ་རེད། དེའི་ཚེ་ཁོང་དགུང་ལོ ༡༩ ལས་མེད་ནའང་། ཧྥ་རན་སིའི་མི་རྣམས་ཀྱི་སེམས་པའི་དབུས་སུ་ནམ་ཡང་ནུབ་པ་མེད་པའི ༼ རང་དབང་ལྷ་མོ ༽ རུ་གྱུར་པ་རེད།
༥༽
རང་ལུས་མེར་བསྲེགས་པའི་བོད་མི་ཚོ་སྐད་ཅིག་ངང་ཁ་གྲངས་ཙམ་དུ་ལུས་པ་ལྟ་བུ་ཞིག
ཐེངས་དང་པོ་ནས་གཉིས་པ་བར། ལོ་གཉིས་འགྱངས་ན་ཡང་། ཐེངས་གཉིས་པ་ནས་གྲངས་ཀ་བཅུ་གཉིས་བར་དུས་ཐུང་ཟླ་བ་བརྒྱད་ལས་མེད། དེ་ལས་ཀྱང་མགྱོགས་པ་ཞིག་ནི་ཐེངས་བཞི་པ་ནས་བཅུ་གཉིས་པའི་འཕར་ཚད་དེ་ནི། ཉིན་གྲངས་བདུན་ཅུ་ལྟ་བུ་ཞིག་
ལས་འགོར་མེད་པ་རེད།
ཡིན་ནའང་། ཁ་གྲངས་འདི་ཡང་ནོར་འཛོལ་འགྲོ་གིན་ཡོད་པ་སྟེ། ཐེངས་དང་པོ་དགེ་འདུན་པས་རང་ལུས་མེར་བསྲེག་བརྒྱབས་ནས་མི་ལོ་གཉིས་ཙམ་འགྱངས་སོང་དུས། དེ་སྣང་མེད་བཏང་ནས་རྩིས་རྒྱག་གི་མེད། རང་ལུས་མེར་བསྲེག་པ་བཅུ་གཉིས་ལ་བཅུ་གཅིག་འབོད་ཀྱི་ཡོད། གྲངས་ཀ་འདི་གཞན་གང་ཡང་བགྲང་གི་ཡོད་པ་མ་རེད། གལ་ཏེ་གཞན་ཞིག་ཡིན་ཚེ། གཅིག་ཙམ་མང་བ་དང་ཉུང་བ་སོགས་ལ་ཁྱད་པར་ཅི་ཡོད། དེས་མ་ཚད་གྲངས་ཀ་འདི་ཡང་གྲང་ཤུར་ཤུར་གྱི་གྲངས་ཀ་ཞིག་ག་ན་ཡིན། རྩ་བར་གཏུགས་ནས་བཤད་ན། ཚེ་སྲོག་ཅིག་གི་སྐྱེ་བ་དང་འཆི་བར་ཐུག་ཡོད་པ་རེད། ཁྱོད་ཚོ་ལྟར་ན། སླར་ཡང་ལོ་གཉིས་སོང་མཚམས། ཕལ་ཆེར་གནས་ཚུལ་ཅི་ཡང་ལྷག་མེད་པ་ལྟ་བུས། ད་ལོའི་རང་ལུས་མེར་བསྲེག་པ་འདི་ཚོ་ཡང་ཀླད་ཀོར་ལ་འབབ་རྒྱུ་ཨེ་རེད།
མི་རྣམས་ཀྱིས་འདི་ཡག་ཉེས་ཅི་ཡིན་དབྱེ་འབྱེད་བྱ་ལོང་བྱེད་ཁོམ་མ་བྱུང་བའི་སྐབས་སུ། རྒྱ་ནག་འདི་རང་ལུས་མེར་བསྲེགས་པའི་བོད་མིར་ཞེད་ཀྱི་མེད་པ་དང་། དེ་ལས་གསོན་པོར་ཡོད་པའི་བོད་མིར་སྐྲག་ཆེ་མིན་སོགས་ལྟ་ལོང་མ་བྱུང་བའི་དུས་ན། ཐ་ན། མགོ་ནས་མཇུག་བར། དོན་དམ་པས་རང་ལུས་མེར་རྒྱག་མཁན་གྱི་ཁ་གྲངས་ག་ཙམ་ཡིན་མིན་སོགས་བགྲངས་མ་ཐུབ་པའི་མཚམས་ནས། ས་བབ་མཐོ་ས་འདིའི་ཐུ་བྷོད་པ་སུ་ཞིག་སླར་ཡང་མེ་མདེའི་ཁ་ཅོ་ལས་བདེན་དོན་དུ་གཤེགས་ནས། ཡིད་སྤྲོ་བས ༼ འབར་གྱིན་པའི་སྐུ་གཤེགས་དཔའ་བོ ༽ རུ་ཆས་འགྲོ་ཨང་།
འཛམ་གླིང་འདིས་གོ་སོང་ངམ་། འབར་མེའི་ཁྲོད་ཀྱི་བོད་མི་རྣམ་པས་ཅི་ཞིག་བོས་པ་གོ་སོང་ངམ། —-ཐུ་བྷོད་ལ་རང་དབང་དགོས། ཏཱ་ལའི་བླ་མ་ཚུར་ཕེབས་དགོས་ཟེར། —–ངོ་མ་ཡིན། འདི་འདྲ་བའི་རེ་བ་ཡང་ཧ་ཅང་ཐལ་ཆེས་པ་ཨེ་རེད།
ཁ་གསབ། རྩོམ་ཡིག་འདི་བྲིས་ཚར་དུས། བོད་རང་སྐྱོང་ལྗོངས་ཀྱི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་པའི་གནས་ཚུལ་དེ་གོ་སོང་། འདི་ནི་བོད་ནང་རང་ལུས་མེར་བསྲེགས་མཁན་བཅུ་གསུམ་པ་དེ་རེད།
༢༠༡༡ ༡༢ ༤ ལ།
གངས་ལྗོངས་ནས་ཐོན་པའི་ཡིད་སྐྱོ་བའི་གཏམ་ངན་རེ་ཐོས་དུས་ངའི་དམར་ཆུང་གི་སེམས་པ་བུམ་པོ་མང་བོར་གཏང་།
གལ་ཏེ་ཆོས་སྐྱོངས་ཡོད་ན་ད་དུས་ལ་བབས་པས་མ་ཟད་ཕྱི་དྲགས་སོང་།
འོད་ཟེར་ལགས་ལ་ཐུགས་རྗེ་ཆེ་ཞུ། ང་ཚོས་ཁྱོད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་སྙིང་ནས་གུས་འདུན་དང་ཡི་རང་ཞུ་བཞིན་ཡོད། འུ་ཚང་ལ་ཡི་གེ་བ་དང་རྩོམ་པོ་མིང་ཁྱེར་མཁན་དུ་མ་ཞིག་ཡོད། འོན་ཀྱང་དེ་དག་གིས་ནི་ནང་ལོག་དཀྲུག་ཤིང་སློང་བྱེད་ཅིག་རགས་ཉི་མ་ཤར་གྱི་རེད། ཕྱི་དགྲ་བོའི་དགྲ་བོ་ཐོག་ཚིག་ངན་ཞིག་ཀྱང་འབྲི་མི་ཕན་ཤ་སྟག་རེད། ནང་ཁུལ་གྱི་རྙོག་དྲག་ཅུང་ཙམ་རེ་ཡོང་དུས་དྲྭ་རྒྱ་དག་གི་ནང་དུ་ཟིན་བྲིས་ཆར་པ་འབབ་འབབ་རེད། དཔེ་ན། གསལ་ལེ་རྒྱལ་སོགས་ལྟ་བུའི་ཀླད་སྟོང་དག་གིས་ནང་དཀྲུག་གི་རྩོམ་རྙོག་དག་ལ་མཆན་ཅི་ཙམ་འདྲི་འདུག དེ་མིན་བོད་ནང་གི་གནས་ཚུལ་སྐོར་ལ་མཆན་འབྲི་མཁན་ཉིན་མོའི་སྐར་མ་ལྟར་རེད། ངོ་མ་རེད། བཙལ་འབྱོར་བ་ཚོས་སྐུ་ལུས་མེ་ལ་སྦྱིན་མཁན་དག་གིས་གྲངས་འདྲེན་ཙམ་ཡང་བགྲང་མ་ཐུབ་པ་རེད། ཁྱོད་ཀྱི་ངོ་དེབ་སྟོང་དུ་བཅུ་གཅིག་མ་རེད་བཅུ་གཉིས་རེད། ཅེས་མ་འཁོད་པར་བཀའ་བློན་ཁྲི་བ་ནས་ཀྱང་གསལ་ལམ་ཁག་ཏུ་གྲྭ་བཙུན་བཅུ་གཅིག་གིས་སྐུ་ལུས་མེ་ལ་སྒྲོན་པར་ཁྱབ་བསྒྲགས་བྱས་ཡོད། ང་ཚོས་ཁྱོད་ལ་དགོངས་དང་ཞུ་གི་ཡོད།
ལོ་ཙཱ་བ་ནགས་ཤོད་སད་མི་ལགས་ལ་ཐུགས་རྗེ་ཆེ་ཞུ།
སད་མི་ལགས་ཐུགས་རྗེ་ཆེ། ཁྱོད་མེད་རྒྱུ་ན་རྩོམ་ཡིག་འདི་འཇིག་རྟེན་འདིར་སྐྱེས་ཀྱང་ཁོ་བོའི་མིག་ལམ་དུ་འཆར་མི་སྲིད།
གོ་ཚོད་ལ་ཕྱི་ཟླ་༩་པ་ཡས་མས་ཞིག་ལ་དབུས་གཙང་དགའ་ལྡན་དགོན་པའི་ནང་གྲྭ་པ་ཞིག་གིས་རང་ལུས་མེ་སྲེགས་བཏང་བ་རེད་ཅེས་གོ་སོང་། འོན་ཀྱང་། གནས་ཚུལ་ངོ་མ་ཡིན་པ་འདྲ། ཐབས་སྐྱོ་བ་ཞིག་ལ་གྲྭ་པ་དེ་ཁང་ཚན་གང་ནས་ཡིན་པ་དང་མཚན་ལ་གང་ཞུ་གི་ཡོད་མེད་གསལ་ཆ་གང་ཡང་མེད།
༄།། སྡུག་བསྔལ་གྱི་མཐར་ཐུག་ནི། སྙིང་སྟོབས་ཀྱི་རྩེ་མོ་ཡིན།
མའོ་ཙེ་ཏུང་གིས་ཏྰ་ལའི་བླ་མར་དབུ་བསྐོར་བ་ནས། ཧོས་ཅིན་ཐའོའི་ད་ལྟའི་སྲིད་དབང་སྒེར་གཅོད་ཀྱི་ཡ་ང་བའི་གནས་སྟངས་འདིའི་བར། ཏག་ཏག་མི་ལོ་ལྔ་བཅུ་ལྷག་ཅིག་ཕྱིན་སོང་། བོད་ལ་ལྟོས་ན། མི་ལོ་དེ་དག་ནི་ན་ཟའི་དབང་འོག་གི་ལྗོས་རིགས་ལྟར། རང་གི་མིང་གནས་སྲོག་གསུམ་རྩ་མེད་དུ་གཏོང་བཞིན་པའི་ཆབ་སྲིད་ཀྱི་བཙན་འཛུལ་འཇིགས་སུ་རུང་བ་ཞིག་རེད་ལ། ང་ཚོའི་ཚེ་སྲོག་དང་། རིག་གཞུང་། འཚོ་གནས་སོགས་ལ་ཉམས་མྱོང་དང་། གོ་རྟོགས་རང་བཞིན་གྱི་བློ་སྦྱོང་རྩ་ཆེན་པོ་ཞིག་ཀྱང་ཡིན། གནའ་བོའི་རྒུ་རིག་གི་སློབ་དཔོན་ཆེན་མོ་སོ་ཁུར་ཁྲེ་སི་མཆོག་གིས། ༼ཤིང་ནགས་ལས་ཁོ་བོར་བསླབ་རྒྱུ་ཅིའང་མི་འདུག༽ཅེས་དང་། ཝེལ་ཡམ་ཤག་ཁུ་སི་པེ་ཨར་མཆོག་གིས། ༼རྒྱུ་རྐྱེན་སྟོབས་ཆེན་གྱིས་འགུལ་སྐྱོད་སྟོབས་ཆེན་བསྐྲུན་ཐུབ༽ཅེས་བཤད་མྱོང་བ་ལྟར། ང་ཚོ་ལ་ཕ་རོལ་བོའི་བརྙས་བཅོས་དང་། མཐོང་ཆུང་། བཙན་འཛུལ་སོགས་མེད་ན། ང་ཚོ་ད་དུང་བྱིས་སྒྲུང་སྐྱིད་པོ་ཞིག་གི་ནང་གཉིད་དུ་ཡུར་ནས་བསྡད་ཡོད་སྲིད་པ་རེད། ད་ང་ཚོ་དངོས་གནས་སད་ཡོང་གི་འདུག རྒྱ་ཆེ་ས་ཞིག་ནས་སད་ཡོང་གི་འདུག གཏིང་ཟབ་ས་ཞིག་ནས་སད་ཡོང་གི་འདུག ངོ་མཚར་ས་ཞིག་ནས་སད་ཡོང་གི་འདུག མི་སད་ཁ་མེད་ཅིག་ནས་སད་ཡོང་གི་འདུག མི་ལོ་ལྔ་བཅུ་ལྷག་གི་རིང་། བཙན་འཛུལ་རང་ལུགས་པས་ང་ཚོ་བྱིས་པ་ལོ་བརྒྱད་ཅིག་ཏུ་བལྟས་ནས། བཙན་རྒྱལ་རང་ལུགས་མཐར་སྤྲོད་དང་། དབོན་ཞིང་རོགས་སྐྱོར། ནུབ་རྒྱུད་འཛུགས་སྐྲུན། བོད་སྐྱོད་རོགས་ཚོགས། གྲངས་ཉུང་མི་རིགས་རང་སྐྱོང་སོགས། ཉན་ན་སྙན་ཞིང་བསམས་ན་སྙིང་ན་བའི་ཆབ་སྲིད་ཀྱི་རྫབ་དོང་སྐྱུག་བྲོ་བོ་དག གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་ཡོད། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས། བོད་སྟོད་སྨད་བར་གསུམ་དང་། དབུས་གཙང་ཆོས་ཀྱི་ཆོལ་ཁ། ཁམས་ཁུལ་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་ཞེས། བོད་ཀྱི་ལོ་རྒྱུས་ལ་རླུང་ལྟར་གྲགས་པའི་ཐོབ་སྐལ་གྱི་ས་ཆ་ཞིག་ཡོད་པ་རེད། ཁྱོད་ཚོས་སྲིད་དབང་སྒེར་གཅོད་ཀྱིས་གཏུབ་སོང་། བཅད་སོང་། བཅུགས་སོང་། ང་ཚོའི་སྐད་དང་ཡི་གེ་རྒྱང་ཕུད་ནུས་མེད་དུ་གཏོང་བཞིན་འདུག ང་ཚོའི་ལོ་རྒྱུས་དང་ཤེས་རིག་གི་གླེགས་བམ་ཁྲི་སྟོང་མང་བོ། གྲང་ངར་དང་འཕྲད་པའི་ཆུ་ཀླུང་བཞིན་རང་ཡུལ་གྱི་གྲུ་ག་རེ་རེ་ན། དགོས་ནུས་བྲལ་བའི་ཤོག་རྙིགས་ཀྱི་གན་མཛོད་དུ་སྒྱུར་བཞིན་ཡོད། ཁ་ན་མཐོང་ཆུང་དང་བརྙས་བཅོས། ཁོག་ན་ཧམ་སེམས་དང་གདུག་སེམས། ལག་ན་མེ་མདའ་དང་དུག་མཚོན། རྒྱབ་ན་མེ་སྒྱོགས་ལྕགས་ཁྲབ་ཅན་འདྲུད་པའི་དམར་དམག་ཚོས། གླང་ཆེན་སྨྱོན་པ་པད་མའི་ཚལ་དུ་སླེབས་པ་ལྟར། བོད་ཆོས་ལྡན་ཞི་བདེའི་ཡུལ་ཁམས་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་གཡུལ་ས་ཞིག་ཏུ་བསྒྱུར་སོང་། ང་ཚོའི་སྐད་དང་ཡི་གེའི་རང་ཡུལ་ནའང་གོ་མི་ཆོད། ཐ་ན་ང་ཚོའི་ཆོས་དང་རིག་གཞུང་ཡང་ང་ཚོའི་གཉའ་བ་གཅོག་བྱེད་ཀྱི་ཆབ་སྲིད་དུ་སྒྱུར་བཞིན་ཡོད། མཁའ་ལམ་འཐེན་སོང་། ལྕགས་ལམ་བཟོས་སོང་། རླངས་འཁོར་གྱི་ལམ་བསྐྲུན་སོང་། དེའི་འབྲས་བུ་ཅི་འདྲ་རེད། ཚུར་ལ་ཡོང་བ་ནི་འཇིག་རྫས་ཀྱི་བཅའ་དངོས་རེད། ཕར་ལ་ཁུར་བ་ནི་ཤིང་ནགས། ཤ་མར། བལ་པགས། གཏེར་ཁ་སྣ་ཚོགས། རྩི་སྨན་སོགས་སླད་མེད་གསེར་རྡོག་ལྟ་བུའི་བོད་ཡུལ་གྱི་རང་བྱུང་རིན་པོ་ཆེའི་རིགས་རེད། རྒྱ་མིའི་གྲོག་ཚང་བརྡོལ་སོང་། རྒྱ་ལུགས་གཡར་མཚོ་ལྟར་སྤེལ་སོང་། ད་ངའི་ཁྱིམ་གྱི་འཕོང་སྟེགས་ཆུང་ཆུང་དེ་དང་། རྩམ་ཁུག་ཆུང་ངུ་དེ། ཤ་མར་ཕྱུར་བ་སོགས་བསྐལ་བའི་ཆགས་སྟངས་ཀྱིས་ཐོབ་པའི་འཚོ་ལམ་དེའང་འཕྲོག་བཞིན་ཡོད། དེ་ལས་ཀྱང་བོད་མི་རིགས་ཀྱི་སྙིང་ལ་གྲི་འཛེར་བ་ཞིག་ནི། སངས་རྒྱས་ཆོས་ལུགས་ཀྱི་སེམས་ཁམས་ཤེས་རིག་གི་ལྟ་སྟངས་ལས་བྱུང་བའི་རང་གི་རྩ་བའི་བླ་མར། བདུད་དང་། ལྕེ་སྤྱང་། དྲག་སྤྱོད་པ་ཞེས་འཇིག་རྟེན་ན་ཆེས་ངན་ཤོས་དང་། སྡུག་ཤོས་སུ་བརྩིས་ནས་སྒྲོ་སྐུར་སྣ་ཚོགས་བྱེད། རྐང་འོག་ཏུ་བསྣན། མེ་ལ་སྦྱངས། མེ་མདའི་རྩེ་གྲིར་བགྱོན་པ་སོགས་ངན་རྒུའི་མཐར་ཐུག་བྱེད་བཞིན་པ་མ་ཟད། ད་དུང་རྗེས་འཇུག་ཚོར་དེ་ལྟར་བྱ་དགོས་པར་བཙན་སྐུལ་བྱེད་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ཆ་ཚང་ཞིག་འཛམ་གླིང་འདིར་ཡོད་པ་ནི་བོད་བརྒྱུད་ནང་བསྟན་གཅིག་པུ་ཡིན་པར་གསུང་གི་ཡོད་པ་རེད། འདི་ལ་བླ་མའི་ཆོས། ཕྱི་རོལ་བའི་ཆོས། ངན་སྔགས་ཀྱི་ཆོས། དྲག་སྤྱོད་ཀྱི་ཆོས་ཞེས་རང་གི་མིག་སེར་དང་། ཆབ་སྲིད་ཀྱི་ཧམ་སེམས་ཁོ་ན་ལྟག་ཤེད་དུ་ཁུར་ནས་གཏོར་རྐྱང་བྱས་ན། འཛམ་གླིང་འདི་མ་ཟད། འཇིག་རྟེན་ཧྲིལ་བོ་ལ་གྱོང་ཆེན་པོ་རག་གི་ཡོད་པ་རེད། དེར་བརྟེན་ཁོང་ཚོས་སྐུ་ལུས་མེ་ལ་བསྒྲོན་ནས་ཆོས་ལུགས་དེ་འཛིན་དང་བཅས་པར་སྲུང་སྐྱོབ་བྱས་པ་རེད། ཁྱོད་ཚོས་བོད་མི་རིགས་ཀྱི་སེམས་ཁམས་ལ་བཟོས་པའི་རྨ་ཁ་གཟུགས་སུ་གྲུབ་པ་ཡིན་ན། གནམ་ས་ཁ་ཕྱེ་བ་ལྟ་བུ་རེད། ཁྱོད་ཚོས་བོད་མི་རིགས་ཀྱི་སེམས་ཁམས་སྲེག་པའི་ན་ཟུག་གཟུགས་སུ་གྲུབ་པ་ཡིན་ན། མིག་ཆུའི་རྒྱ་མཚོ་འབྲུབ་ཅིང་། མེ་སྔགས་ཀྱིས་སྲིད་པ་གང་བའི་ཚད་རེད། ཁྱོད་ཚོས་མ་མཐའ་ཡང་སངས་རྒྱས་ཆོས་ལུགས་ཀྱི་བླ་མ་དང་སློབ་མའི་འབྲེལ་ལམ། སྐྱབས་འགྲོའི་ཆོས་སྐོར་སོགས་ལ་ཅིག་བལྟས་པ་ཡིན་ན། ཁྱོད་ཚོས་བྱ་བཞིན་པའི་ལས་ཀ་དེ་ཅི་འདྲའི་འགན་ཁུར་མེད་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག རྒྱལ་ཁབ་བརྟན་བརླང་ལ་ཉེན་ཁ། ཀླ་ཀློ་དང་མུན་ནག་གི་རང་བཞིན། རང་མགོ་གཅོད་བྱེད་ཀྱི་སྟ་གྲི་དང་། ནམ་ཡང་འགྲུབ་ཐབས་མེད་པའི་རྨོངས་ཡས་ཉག་ཅིག་ཡིན་པའི་རྒྱུན་མཚན་དང་གནས་ལུགས་གསལ་བོར་མཐོང་ཐུབ། དེར་བརྟེན་ང་ཚོ་བོད་མི་རིགས་ཀྱིས་ཁྱོད་ཚོས་བྱེད་བཞིན་པའི་ཆབ་སྲིད་ཀྱི་ནག་ཉེས་དེ་དག རང་གི་གཅེས་པའི་ལུས་སྲོག་མེ་ལ་སྤར་ནས་འཛམ་གླིང་ལ་གསལ་བཤད་བྱས་པ་རེད། བོད་ཀྱི་སྐད་ཡིག་གཉིས་ཀྱིས་ཤེས་བྱ་འཆུན་ཚད་བསམ་གྱིས་མི་ཁྱབ་པ་རེད། དེ་ལ་དབྱངས་གསལ་གྱི་ཡི་གེ་སོ་བཞི་མ་གཏོགས་ཡོད་པ་མ་རེད། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་གཉིས་ཆར། ཡི་གེ་དེ་དག་གི་ནང་འདུམ་མི་ཐུབ་པ་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད། རྒྱ་ཡིག་ལྟར་ཡིག་གསར་སྟོང་ཕྲག་མང་བོ་བཟོས་ནས་བརྗོད་བྱ་སྟོན་དགོས་པའི་དཀའ་ངལ་ཡོད་པ་མ་རེད། བོད་ཀྱི་སྐད་དང་ཡི་གེ་དེ་གཉིས་བོད་མི་རིགས་རང་གིས་བཟོས། རང་གིས་བེད་སྤྱེད་བཏང་སྟེ་བོད་གསུང་འབུམ་གྱི་ལུང་བར་ཆགས་པ་རེད། རང་རྐྱ་ཐུབ་པའི་སྐད་ཡིག་འདིས་བོད་ཀྱི་ཆོས་སྲིད་འཕྲལ་ཕུགས་འཚོ་ཐབས་དང་བཅས་པར་གཞན་གྱི་སྔོན་དུ་འགྲོ་མ་ཐུབ་ཀྱང་། རྗེས་སུ་ལྷག་མ་དགོས་པའི་བཀོལ་བདེའི་ནུས་ཚད་ལྡང་ངེས་ཅན་ཡོད་པ་རེད། ད་རང་གི་སྐད་ཡིག་རང་གི་ལུང་བ་ནས་བེད་སྤྱོད་གཏོང་བའི་ཁོར་ཡུག་འཕྲོག ལས་གནས་བརྟན་པོ་ཞིག་ཕར་ཞོག ཐ་ན་ཡིག་འགྲུལ་ཙམ་ཡང་གཏོང་ཐུབ་ཀྱི་མི་འདུག འཛིན་བྱང་། སྒོ་བྱང་། ཡིག་བྱང་སོགས་ཚང་མ་བཀོད་སྤྱོད་གཏོང་སའི་ལམ་ཁ་ཕལ་ཆེར་འགག་འགྲོ་གི་ཡོད་པ་རེད། དཔལ་ས་སྐྱའི་དཔེ་རྙིང་ནས། སྣར་ཐང་པར་ཁང་ཆེན་མོ། སྡེ་དགེ་དཔར་ཁང་ཆེན་མོ། ལྷ་སའི་ཏང་གི་གསང་བའི་ཡིག་མཛོད་སོགས་ན་བཞུགས་པའི་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་བཀའ་དགོངས་འགྲེལ་སོགས། བསམ་གྱིས་མི་ཁྱབ་པའི་གླེགས་བམ་གྱི་ཕུང་བོ་མཐའ་དག་དབྱངས་གསལ་སོ་བཞི་འདི་དག་གི་ནང་ན་ཡོད་པ་རེད། ལོ་ངོ་སྟོང་ཕྲག་མང་བོའི་རིང་། བོད་མི་མང་གིས་ལུས་སྲོག་ལོངས་སྤྱོད་མཐའ་དག་ཕང་མེད་དུ་བཏང་སྟེ། རང་གི་སྐད་ཡིག་རིག་གཞུང་འདི་དག་འཛུགས་སྐྲུན་བྱས་པའི་དཀའ་སྤྱད་སྙིང་རུས་དང་། དེའི་རྩ་ཆེའི་རང་བཞིན་གྱི་རིན་ཐང་། དེ་འཆར་གཞི་ལྡན་པའི་ཐོག་རྩ་མེད་དུ་གཏོང་བཞིན་པའི་ངང་ཚུལ་སོགས་ལ་བསམ་བློ་ཞིག་བཏང་བ་ཡིན་ན། ཆེན་པོ་ཞིག་སྲུང་སྐྱོབ་ཀྱི་ཆེད་དུ་ཆེན་པོ་ཞིག་གཏོང་འོས་པའི་རྒྱུ་མཚན་རྟོགས་གི་ཡོད་པ་རེད། དེར་བརྟེན་ཁོང་ཚོས་རང་གི་ལུས་སྲོག་མེ་རུ་སྤར་ནས་བདེན་དཔང་བྱས་པ་རེད། རྩྭ་ས་གཞུང་གིས་འཕྲོག་སོང་། རི་ཁྱིམ་ཀློང་དུ་ཕབ་སོང་། བོད་ཕྲུག་རྒྱ་ཁོག་ཏུ་ཁྲིད་སོང་། ཁང་བ་བསྐྲུན་སོང་། རྐུད་ལམ་དྲངས་སོང་། འདི་ཚོ་བོད་ཡར་རྒྱས་ལ་དམིགས་པའི་འཛུགས་སྐྲུན་ཅིའང་མ་རེད། བོད་རིགས་ཚོ་འཛིན་བཟུང་དང་སྟངས་འཛིན་སྟབས་བདེའི་ཆེད་དམིགས་པའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་རེད། བོད་ཆོས་ལྡན་གྱི་རྒྱལ་ཁམས། གཞང་ཁང་དང་། ཆང་ཁང་། རྒྱན་ཁང་། རྐུན་ཁང་གིས་གང་སོང་། གྲོང་ཁྱེར་བཟོ་སྐྲུན། སྡོད་ཁྱིམ་བཟོ་སྐྲུན། ཡུལ་སྐོར་འཛུགས་སྐྲུན་སོགས། བོད་ཀྱི་ངོ་རྟགས་མཚོན་པའི་སྲོལ་རྒྱུན་རྩ་མེད་དུ་གཏོང་བའི་བྱ་འགུལ་ཆེད་དུ་དམིགས་ནས་སྐྲུན་བཞིན་ཡོད། བོད་རིགས་ལ་ཁ་དབང་མེད། ཐོབ་ཐང་མེད། གོ་ས་མེད། དཔོན་མིང་ཙམ་ཡོད་ཀྱང་། དེ་ནི་གསོམ་སྡོང་ལ་ཆས་གོས་ཤིག་གཡོགས་པ་ལས་གཞན་ཅིའང་མ་རེད། དེར་བརྟེན་ཁོང་ཚོས་ལུས་སྲོག་མེ་ལ་བསྒྲོན་ནས་བདེན་དཔང་བྱས་པ་རེད། ཕྱི་ནས་ལྕགས་ཚེར་གྱི་ར་བས་བསྐོར། ནང་ནས་དམར་དམག་གིས་དྲག་རྡུང་བྱེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་རང་སྐྱོང་གི་རྩ་ཁྲིམས་ཚང་མ་བརྩི་མེད་རྡོག་རོལ་གྱིས། རང་གི་ཁ་ལྟོ་དང་རྫུན་རྒྱབ་སྦས་སྐུང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ། མཁས་པས་མཐོང་ན་ཁོང་རྒོད་འཆོར་བ། བླུན་པོས་རིག་ན་ཧང་སེང་བ། ཕྱི་རྒྱལ་གྱིས་མཐོང་ན་ཞེན་པ་ལོག་པ། ནང་རྒྱལ་གྱིས་མཐོང་ན་ཡིད་ཆེས་བརླག་པ། རང་སྣང་གང་དྲན་གྱི་ཁྲིམས་མེད་ལུགས་མེད་ཀྱི་ཇག་ཚོགས་ཤིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན་ཁྱོད་ཚོ་གཡོན་ཐལ་ཆེ་སོང་། ཁྱེད་ཚོར་དྲང་བདེན་མི་འདུག ཁྱོད་ཚོས་བོད་ཀྱི་རིག་གཞུང་དང་། སེམས་ཁམས་ལ་བརྩི་བཀུར་བྱེད་ཀྱིན་མི་འདུག ཅེས་ཁོང་ཚོས་ལུས་པོ་མེར་སྲེག་ནས་སྡུག་ཡས་གནམ་ལ་བཏོན་པ་རེད། ང་ཚོར་དགོས་པའི་དངོས་པོ་ཁྱོད་ཚོས་སྤྲོད་ཀྱིན་མི་འདུག ང་ཚོར་མི་མཁོ་བའི་དངོས་པོ་ཁྱོད་ཚོས་ཆེད་དུ་གཉེར་ནས་སྤྲོད་བཞིན་འདུག ང་ཚོས་ནམ་ཡང་ང་ཚོར་ཁང་རྩེག་མཐོན་པོ་དེ་ཚོ་དང་། གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ཚོ། དྲག་པོའི་རྟེན་གཞི་འཛུགས་སྐྲུན་གྱི་དམག་སྒར་དེ་ཚོ། བོད་ཁུལ་རྒྱ་སྲང་དུ་སྒྱུར་བཞིན་པའི་བཅོས་སྒྱུར་དེ་ཚོ། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྐལ་གཅོད་བཞིན་པའི་རྩ་འཛུགས་དེ་ཚོར། བོད་མི་མང་གིས་ནམ་ཡང་རེ་བ་ཞུ་མྱོང་ཡོད་པ་མ་རེད། ཁྱོད་ཚོས་དུས་རབས་ཕྱེད་ཀའི་རིང་། ད་དུང་བོད་མི་མང་གི་རེ་འབོད་དང་། དགོས་མཁོ་ཅི་ཡིན་ཧ་གོ་གི་མེད་ན། ངས་བཤད། རང་གི་འཚོ་གནས་ལ་རང་དབང་ཞིག རང་གི་སྐད་ཡིིག་ལ་ཁོར་ཡུག་ཅིག རང་གི་ཁོར་ཡུག་ལ་སྲུང་སྐྱོབ་ཅིག རང་གི་སྲོལ་རྒྱུན་ལ་བརྩི་མཐོང་ཞིག རང་གི་ཆོས་དད་ལ་རང་དབང་ཞིག ལྷག་པར་བོད་ཀྱི་བསམ་བློའི་ནང་། སངས་རྒྱས་ཤྰཀྱ་ཐུབ་པ་དང་གཉིས་སུ་མེད་པའི་ཏྰ་ལའི་བླ་མ་ཕྱིར་རང་ཡུལ་དུ་གདན་འདྲེན་རྒྱུ་དེ་ནི། བོད་མི་མང་གི་རེ་འདུན་གཙོ་བོ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་བརྟན་བརླང་གཉིས་ཆ་ཡིན་པ་ཁྱོད་ཚོས་ཧ་གོ་བར་གྱིས་ཤིག ཁྱོད་ཚོས་དུས་རབས་ཕྱེད་ཀའི་རིང་། བོད་ལ་བཟུང་བའི་ཆབ་སྲིད་ཀྱི་དམིགས་ཚད་དང་། འཆར་རྩིས། བྱ་བཞག་ཚང་མ་འཁྲུགས་སོང་། ནོར་སོང་། དོན་མེད་བེད་མེད་དུ་གྱུར་སོང་། དགེ་མཚན་ཅིའང་ཐོན་ཐུབ་མ་སོང་། རྒྱུ་མཚན་ཅི་རེད། ཁྱོད་ཚོ་སྲིད་དབང་སྒེར་གཅོད་པའི་ཆབ་སྲིད་ཀྱི་དམིགས་འབེན་ཁོ་ན་ལས། བོད་མི་རིགས་ཀྱི་སེམས་ཁམས་ལ་རྒྱུས་ལོན་ཁྱོན་ནས་བྱས་མི་འདུག ཁྱོད་ཚོར་བོད་ཀྱི་མངོན་འདོད་ལ་བརྩི་བཀུར་ཆ་འཇོག་བྱས་ན། འཛམ་གླིང་ཞི་བདེ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་བརྟན་བརླང་དང་ཆེ་མཐོངས་ལ་དགེ་མཚན་ཆེན་པོ་འབྱུར་རྒྱུ་ཡིན་པའི་བསམ་བློའི་གོ་རྟོགས་སད་མི་འདུག ཁྱོད་ཚོར་འཛམ་གླིང་གི་ཆེ་མཐོངས། ཁྱོད་ཚོར་རྒྱལ་ཁབ་ཀྱི་བརྟན་བརླང་། ཁྱོད་ཚོར་མི་རིགས་ཀྱི་མཐུན་བསྒྲིལ། ཁྱོད་ཚོར་རྒྱ་ནག་དེ་མིང་དོན་མཚུངས་པའི་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་དགོས་པའི་རྒྱལ་ཞེན་ཡོད་ན། བོད་ཐེ་བའི་གྲངས་ཉུང་མི་རིགས་དང་། དེ་དག་གི་རིག་གཞུང་། རང་དབང་སོགས་ལ་ལུགས་མཐུན་བརྩི་འཇོག་བྱེད་དགོས་པ་རེད། དེས་འཕྲལ་ཕུགས་གཉིས་ཀར་ཕན་གྱི་རེད། རྒྱ་ལ་ཕན་གྱི་རེད། བོད་ལ་ཕན་གྱི་རེད། རྒྱལ་ཁབ་ལ་ཕན་གྱི་རེད། དེ་མིན། ཁྱོད་ཚོ་ཅི་ཙམ་སྟོབས་ཆེ་རུང་། ཁྱོད་ཚོ་ཅི་ཙམ་འབྱོར་བ་ཆེའང་། ཁྱོད་ཚོ་ཇི་ལྟར་ཁ་དབང་ཆེ་རུང་། ཁྱོད་ཀྱིས་བོད་ལ་འཛིན་པའི་ཁྲིམས་འགལ་གྱི་སྲིད་ཇུས་དེ་ཚོ། ད་མུས་བཞིན་ནམ་ཡང་ལམ་འགྲོ་ཡོང་གི་མ་རེད། འདི་ནི༼སྡུག་བསྔལ་གྱི་མཐར་ཐུག སྙིང་སྟོབས་ཀྱི་རྩེ་མོ་དང་།༽༼བདེན་རྫུན་གཉིས་ནམ་ཡང་གཅིག་ཏུ་འདྲེས་མི་སྲིད་པའི་ཆོས་ཉིད༽༼རྒྱུ་རྐྱེན་སྟོབས་ཆེན་གྱིས་འགུལ་སྐྱོད་སྟོབས་ཆེན༽བསྐྲུན་ཐུབ་པའི་གནས་ལུགས་རེད།།
ཁྲི་ཏུས་གྲོང་ཆེར་གྱི་སློབ་གྲ་ཞིག་གི་ནང་རྒྱའི་སློབ་ཕྲུག་མང་པོས་བོད་ཀྱིས་སློབ་ཕྲུག་ཚོར་ཐུབ་ཚོད་བྱས་ཡོད་པའི་གནས་ཚུལ་འདི་ལྟར།
一场风一场梦: #群体事件频发#2011年12月14日晚上,成都郫县郫筒镇,成都铁路工程学校发生大暴乱,汉藏学生群殴,千多汉族学生围打藏族,藏族寝室被砸、学生被打,领导汽车、警车也被砸。 当局出动过百武警、特警镇压,许多学生被打伤。
༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག །
ད་ལྟ། ཐུ་བྷོད་ཀྱི་དགོན་པ་རེ་རེར་ལས་བྱེད་དང་ཉེན་རྟོག་པའི་གྲིབ་ནག་ཡོད་པ་ཤེས་སོང་ངམ། ཏང་གིས་དགེ་འདུན་པ་རེ་རེའི་ཀླད་པ་ཆུ་བཤལ་རྒྱག་པའི་སླད་དུ་ཁོང་ཚོ་མངགས་ཡོང་བ་སྟེ དགེ་འདུན་པ་ཚོས་ཏཱ་ལའི་བླ་མར་མཆི་མ་བཏབ་ནས ༼ གདུག་འདྲེ ༽ རེད་ཟེར་དགོས་པ་དང་། ལག་པ་གནམ་ལ་བཀྱགས་ནས་གུང་ཁྲན་ཏང ༼ བྱང་ཆུབ་སེམས་དཔའ ༽ རེད་ཅེས་བརྗོད་དགོས། ཟེར།