༡ དུས་འཁོར་རྩ་རྒྱུད་ཐོག་མར་གསུངས་པའི་གནས་ཀྱི་ངོ་སྤྲོད།
སྟོན་པ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་པའི་ནང་ནས། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཐོག་མར་གསུངས་པའི་གནས་ནི། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་མ་ཧཱ་ཙེ་ཏ་ཡ ( Maha cetiya)དང་ཉེ་ཁུལ་དུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་བུམ་པའི་ནང་ཡིན་ལ། ༸གོང་ས་མཆོག་གིས་་དུས་དབང་ཐེངས་སུམ་ཅུ་པ་དེ་ཕྱི་ལོ་ ༢༠༠༦ ལོ་སྟེ་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་འཁོར་བའི་དུས་ཚེས་ཁྱད་པར་ཅན་དང་སྟབས་འཁེལ་གྱིས་གནང་ཡུལ་ཡང་ཡིན།
འབྲས་སྤུངས་མཆོད་རྟེན་ནི། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱིའི་གླིང་དུ་ཡོད་ཅིང༌། དེ་ནི་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་དུས་དགེ་སློང་ཞིག་གིས་མུ་གེས་ཉམ་ཐག་པའི་སེམས་ཅན་ལ་ཕན་ཕྱིར་ཉིན་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་པ་ཕབ ནས་སེམས་ཅན་ཚིམ་པར་བྱས་པའི་འབྲས་ལྷག་རྫུ་འཕྲུལ་གྱིས་བསྡུས་ཏེ་མཆོད་རྟེན་ཆེན་པོ་ཞིག་བཞེངས་པ་ལ་བརྟེན་ནས་འབྲས་སྤུངས་མཆོད་རྟེན་ནམ་འབྲས་ཕུང་མཆོད་རྟེན་ཞེས་མིང་ཐོགས་པ་ཞིག་ཡིན།
དེ་ནི་དེང་གི་ཨན་ད་ར་མངའ་སྡེའི་(Andhra Pardesh)ཁོངས་ཀྱི་ཝི་ཟ་ཝ་དཱ་(Bezwada)ས་གནས་ཀྱི་ན་ག་རྫུ་ན་ཀོ་(Nagarjunakonda) སྟེ་ལྷོ་ཕྱོགས་དཔལ་གྱི་རི་ནས་ཀེ་ལོ་མི་ཊར་བརྒྱ་དང་ལྔ་བཅུའི་སར་དྷ་ན་གོ་ཊ་ཞུ་བ་དེ་ཡིན། རྒུན་དུར་(Guntur)གྲོང་ཁྱེར་ནས་འགྲུལ་འཁོར་ཐོག་ཆུ་ཚོད་གཅིག་གིས་སླེབས་འབྱོར་ཐུབ་སྐོར་གནས་ཡིག་ཁག་ནང་གསལ།
འབྲས་སྤུངས་མཆོད་རྟེན་གྱི་གནས་ཡུལ་ངོས་འཛིན་ཐད་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ནང༌། ” ཀ་ལིང་ཀའི་ལྷོ་ནུབ་ཀྱི་ཆ་དང་སྦྲང་རྩིའི་ཡུལ་བཅས་པ་ལ་དེང་སང་མངྷ་ར་ས་བྱ་བར་འབོད” ཅེས་དང༌། “མ་རྡ་ར་སའི་གྲོང་དེ་ནས་་་་་་་་་་་སླར་བྱང་ངོས་སུ་སོང་བས་ཆུ་བོ་ཀྲྀཥ྄ཎའི་འགྲམ་དུ་རྡ་ན་ཀོ་ཊ་སྟེ་འབྲས་སྤུངས་ཡོད། འབྲས་སྤུངས་ཀྱི་ལྷོ་ངོས་སུ་ཉིན་ཕྱེད་ལྷག་པའི་ས་ན་ན་ག་རྫུ་ན་ཀྭ་ཥ་ན་འམ་(Nagarjunakonda)ཤྲི་པཏཏ་ལྷོ་ཕྱོགས་དཔལ་གྱི་རི་ཡོད་” ཅེས་དང༌། “འབྲས་ སྤུངས་འདི་ཕལ་ཆེར་གནའ་དུས་ཀྱི་མཆོད་རྟེན་བཟོ་ལུགས་ལ། ཝུ་བ་དང་འབྲས་སྤུངས་པ་ལྟ་བུ་སོགས་བཞིན་ཡོད་པས་དབྱིབས་ཀྱི་མིང་བཏགས་པ་ཞིག་ མིན་ནམ་སྙམ་ལ། མིང་གཞན་ལ་ཨ་མར་བ་ཏི་(Amarvati)བྱ་ངེས” ཞེས་དང༌། “མཁས་ པ་ཐོས་ལྡན་རྣམས་ཀྱིས་སྔོན་རབས་ཀྱི་ལོ་རྒྱུས་འཁྲུལ་མེད་རིགས་དང་བསྡུར་ཏེ་ གོང་ནས་གོང་དུ་ངེས་པ་བསྐྱེད་པར་འགྱུར་ངེས་པ་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་དགོས” ཞེས་དང༌། ” རྣམ་པ་ཐམས་ཅད་དུ་བརྟག་དཔྱད་བརྒྱ་ཕྲག་བྱས་ཏེ་ངོ་འཕྲོད་ཚེ་ཡིན་པ་ཡིན་པར་སྨྲ་བ་ལ་བརྩོན་པར་བརྩམས་པས། ལེགས་པར་ཡིད་ཆེས་པས་རིགས་སོ།།” ཞེས་གསུངས་པའི་གནས་ག་ལ་བ་ནི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཡིན།
༢ དུས་ནམ་ཞིག་ལ་གསུངས་པའི་ངོ་སྤྲོད།
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི། སྟོན་པ་བཅོམ་ལྡན་འདས་དགུང་ལོ་ཉེར་དགུ་པར་རབ་ཏུ་བྱུང་བ་དང༌། དེ་ནས་ལོ་དྲུག་རིང་དཀའ་བ་སྤྱད་དེ་དགུང་གྲངས་སོ་ལྔ་པ་ལ་སངས་རྒྱས་ཤིང༌། དགུང་གྲངས་སོ་དྲུག་པ་སྟེ་སངས་རྒྱས་པའི་ཕྱི་ལོའི་ནག་ཟླའི་ཉ་ལ་གསུངས་ཤིང༌། དེ་ཡང་དགྲ་བཅོམ་པ་རབ་འབྱོར་སོགས་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་ངོར་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་གསང་སྔགས་འཁོར་ཐུན་མོང་མ་ཡིན་པ་རྣམས་ཀྱི་ངོར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པ་ཡིན། དེ་ཚུལ་ནི། དུས་འཁོར་རྩ་རྒྱུད་དུ། སྟོན་པས་བྱ་རྒོད་ཕུང་པོའི་རིར།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་རབ་བསྟན།། ཞེས་གསལ་པོར་གསུངས་ཡོད།
དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་འཕེལ་ཚུལ།
༡ ཤམ་བྷ་ལར་དར་ཚུལ་གྱི་ངོ་སྤྲོད།
རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཐོག་མར་གསུང་ཡུལ་དང་ཆེད་དུ་བྱ་བའི་གདུལ་བྱ་ནི། བྱང་ཤམ་བྷ་ལའི་རྒྱལ་པོ་ཉི་མའི་འོད་དང་བཙུན་མོ་ལྷ་མོ་རྣམ་པར་རྒྱལ་མའི་སྲས་ཆོས་རྒྱལ་ཟླ་བ་བཟང་པོས་སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་དོན་དུ་སྟོན་པ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ཅིང༌། སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་རྒྱལ་ཟླ་བ་བཟང་པོས་གཙོ་བོར་བྱས་པའི་ཤམ་བྷ་ལ་བ་རྣམས་སྐལ་བ་དང་ལྡན་པ་ཉིད་དུ་གཟིགས་ནས་རྒྱུད་ཀྱི་རྒྱལ་པོ་དུས་འཁོར་རྩ་རྒྱུད་ཐོག་མར་གསུངས་པ་ཞིག་ཡིན།
ཆོས་རྒྱལ་ཟླ་བཟང་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་རྣམས་ཐུགས་ལ་བཟུང་སྟེ་ཤམ་བྷ་ལར་བྱོན། སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ཐུགས་ངོར་གསལ་བའི་རིམ་པ་རྣམས་ཤམ་བྷ་ལའི་སྐད་ཀྱིས་རྩ་རྒྱུད་དང་དེའི་འགྲེལ་བ་གླེགས་བམ་ལ་བྲིས་ཏེ་ལོ་གསུམ་གྱི་བར་དུ་རྒྱ་ཆེར་སྤེལ་བ་དང༌། དེ་ནས་སེམས་ཅན་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་པའི་སླད་དུ་ཤམ་བྷ་ལར་དུས་འཁོར་བློས་བསླངས་གསར་དུ་བཞེངས་པ་ནས་ཆོས་རྒྱལ་བདུན་དང༌། རིགས་ལྡན་ཉེར་ལྔ། འཁོར་ལོ་ཅན་གྱི་རྒྱལ་རྒྱུད་བཅུ་གཉིས་ཏེ་དུས་འཁོར་རྩ་རྒྱུད་ནས་ཇི་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་ལུང་གིས་བསྔགས་པའི་རྒྱལ་པོ་བཞི་ཅུ་རྩ་གསུམ་གྱིས་ཤམ་བྷ་ལའི་ཡུལ་དུ་དུས་ཀྱི་འཁོར་ལོའི་བསྟན་པ་རྒྱ་ཆེར་སྤེལ།
༢ རྒྱ་གར་དུ་དར་ཚུལ་ངོ་སྤྲོད།
ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་རྒྱལ་དཀའི་རྒྱལ་སྲིད་སྐྱོང་བའི་སྐབས་སུ། རྒྱ་གར་གྱི་མཁས་པ་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་ཞེས་མདོ་སྔགས་ཀུན་ལ་མཁས་པ་ཞིག་བྱོན་པ་དེ་རྒྱ་གར་ནས་བྱང་གི་ཕྱོགས་སུ་ཕེབས་ཏེ། མཐར་ཤམ་བྷ་ལར་བྱོན་ནས་རིགས་ལྡན་དངོས་དང་མཇལ་བ་དེ་བླ་མར་བསྟེན་ནས། དུས་ཀྱི་འཁོར་ལོས་གཙོས་པའི་རྒྱུད་སྡེ་མང་པོ་གསན་པ་དང༌། དེ་ཡང་འགའ་ཞིག་ཐུགས་ངོར་བཞེས། འགའ་ཞིག་གླེགས་བམ་དུ་བྲིས་ཏེ་རྒྱ་གར་དུ་གདན་དྲངས་པ་ནི་འཕགས་པའི་ཡུལ་དུ་དུས་འཁོར་གྱིས་གཙོས་པའི་རྒྱུད་སྡེའི་བསྟན་པ་རྒྱ་ཆེར་དར་བའི་མགོ་ཚུགས་པ་ཞིག་ཡིན།
དེ་ནས་དུས་ཞབས་པ་རང་གི་སློབ་མ་དུས་ཞབས་པ་ཆུང་བ་ཤྲི་བྷ་དྲས་དུས་ཀྱི་འཁོར་ལོའི་བསྟན་པ་ས་དར་རྡོ་དར་དུ་བརྡལ་ཁྱབ་བཏང༌། དེའི་སྲས་བྱང་ཆུབ་བཟང་པོ་དང་དེའི་སློབ་མ་ཁ་ཆེ་ཟླ་བ་མངོན་དགའ་སོགས་ཀྱིས་དུས་ཀྱི་འཁོར་ལོའི་བསྟན་པ་ཕྱོགས་ནས་མུ་མེད་པར་སྤེལ།
དེ་ལྟར་རྒྱ་གར་དུ་ཐོག་མར་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེས་དར་བར་བྱས་ཤིང༌། དེས་དུས་ཞབས་པ་ཆུང་བ་ཤྲཱི་ངྷ་དྲ་དང༌། དེས་སྲས་བྱང་ཆུབ་བཟང་པོ། དེས་ཁ་ཆེའི་པཎ་ཆེན་ཟླ་མགོན་ལ་བསྩལ་བས་མཚོན་རྒྱ་གར་དུ་དུས་འཁོར་གྱི་བསྟན་པ་རྒྱ་ཆེར་དར།
༣ བོད་དུ་དར་ཚུལ་གྱི་ངོ་སྤྲོད།
ཁ་ཆེའི་པཎ་ཆེན་ཟླ་མགོན་གྱིས་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་གཉིས་བསྣམས་ནས་ཐོག་མར་གཙང་ཁ་རག་དང་དེ་ནས་འཕན་ཡུལ་དུ་བྱོན་པ་ན། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་ཤིང༌། བསྡུས་རྒྱུད་དང་འགྲེལ་པ་བསྒྱུར་བ་ནི་བོད་ཀྱི་མཁས་པས་དུས་འཁོར་གྱི་དབང་རྒྱུད་གདམས་ངག་ཞུས་པ་ཐོག་མ་དང༌། རྒྱུད་དང་འགྲེལ་པ་བོད་སྐད་དུ་བསྒྱུར་བའང་ཐོག་མ་ཡིན། ཁོང་གིས་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུང་ལ་དབང་གི་བཀའ་དང་བཤད་པའི་ལུང༌། མན་ངག་གི་བཀའ་བཅས་གནང་བ་རིམ་བརྒྱུད་ཀྱིས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞབས་ལས་བླ་མ་རྒྭ་ལོས་གསན་པ་དང༌། ཡང་དེ་དང་ཕྱོགས་མཚུངས་པར། རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་དུས་ཞབས་པའི་སློབ་མ་མཉཛུ་ཀིརྟི་དང་དེའི་སློབ་མ་བལ་བོ་ཡེ་རང་པ་ས་མན་ཊ་ཤྲཱི་བྷ་དྲ་ཞུ་བ་བོད་དུ་གདན་དྲངས་ནས་དུས་འཁོར་རྒྱུད་འགྲེལ་བསྒྱུར་འབྲེལ། དབང་རྒྱུད་མན་ངག་དང་བཅས་པ་ཞུས་ཤིང༌། དེས་ཡེ་ཤེས་སེངྒེ་ལ་གནང༌། དེས་བླ་མ་རྒྭ་ལོ་ལ་གནང་བ་ནས་རྭ་འབྲོ་ལུགས་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར། བོད་འདིར་དུས་འཁོར་གྱི་རྒྱུད་འགྲེལ་བཅུ་དྲུག་ཙམ་ཡོད་པ་ལས་རྭ་འབྲོའི་འགྱུར་ གཉིས་ལ་དབང་གི་བཀའ་དང༌། བཤད་པའི་བཀའ། མན་ངག་གི་བཀའ་གསུམ་ཚང་བས་གཙོ་བོར་བྱེད་པ་ཡིན།
བརྒྱ་ཕྲག་བཅུ་གསུམ་པའི་ནང་བྱོན་པའི་བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་རིང་ལའང་རྭ་འབྲོའི་ལུགས་དར་ཁྱབ་ཆེ་བ་སྟེ། དེ་ཡང་བུ་སྟོན་རིན་ཆེན་གྲུབ་ཀྱིས་འཆད་ཉན་ཕྱག་ལེན་དང་བཅས་པའི་རིམ་པས་གཙང་ཞ་ལུའི་ཕྱོགས་སུ་ཆེས་ཆེར་དར་བར་མཛད་པ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས་བུ་སྟོན་གྱི་དངོས་སློབ་མཁས་གྲུབ་ཁྱུང་པོ་ལྷས་པ་ནས་དབང་རྒྱུན་དང༌། བདེ་ཆེན་དཔལ་བ་ནས་རྒྱུད་འགྲེལ་གྱི་བཤད་པ་དང་ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་ཡོངས་སུ་རྫོགས་པར་ཞུས་འབྲེལ་སྲས་ཀྱི་ཐུ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལྷག་མེད་དུ་གནང་སྟེ། རྩ་རྒྱུད་འགྲེལ་བཤད་དང་བཅས་པའི་ལྗགས་བཤད་ཁྱབ་བརྡལ་དུ་བཏང་གནང་བ་དེ་འདྲ་ནི་སྔར་གྱི་བསྟན་འབྱུང་ལོ་རྒྱུས་ནང་མ་བྱུང་བ་ལྟ་བུ་ཡིན་སྟབས། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱིས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནི་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་ལགས་པས་གཞན་གྱིས་བརྒྱ་ཚར་བཤད་པ་ལས་རྗེ་འདིས་དུས་འཁོར་ལན་གཅིག་གསུངས་པ་དེས་སའི་སྟེང་ཁྱབ་པ་བྱུང་ཞེས་བསྔགས་བརྗོད་གནང་བ་ལྟར་དང༌། ཕྱིས་ན་མཁས་གྲུབ་རྗེས་དུས་འཁོར་ཊིཀ་ཆེན་དེ་ཉིད་སྣང་བ་མཛད་པས་ཐོག་དྲངས་འབྲེལ། དུས་འཁོར་དང་འབྲེལ་བའི་བསྟན་བཅོས་མང་དུ་མཛད་པ་ལ་བརྟེན་ནས་དགེ་ལུགས་པའི་གྲུབ་མཐའི་ནང་དར་ཁྱབ་ཆེན་པོ་བྱུང་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་མཆོག་ལྔ་པ་ཆེན་པོ། རྒྱལ་དབང་སྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་དགེ་ལུགས་པའི་སྐྱེས་ཆེན་དུ་མ་རིམ་བརྒྱུད་ཀྱིས་དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་ྋསྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་མཆོག་གི་ཞལ་སྔ་ནས་བོད་ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་ཕོ་བྲང་པོ་ཏཱ་ལའི་ཚོམས་ཆེན་དུ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ། བདག་ཅག་གངས་ཅན་པ་རྣམས་ཀྱི་ཚེ་རབས་གཏན་གྱི་སྐྱབས་གཅིག་མགོན་གཅིག ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་གྱི་གདམས་པ་ཡོངས་སུ་རྫོགས་པ་གསན་བཞེས་གནང་སྟེ། ད་ཕན་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཅིག་སྨིན་སྩོལ་གྱི་བཀའ་དྲིན་བསྐྱངས་པས་མཚོན། འཛམ་གླིང་སྐྱེ་འགྲོ་ཡོངས་སུ་རྫོགས་པ་ཞི་བདེའི་ངང་འཚོ་སྡོད་ཀྱི་གཞི་རྩ་སོགས་ལ་ཆེད་དམིགས་ཀྱིས་ཕྱོགས་ནས་མུ་མེད་པར་དར་སྤེལ་གནང་མུས་ཀྱི་སྐབས་འདི་ལགས་ སོ།།
༤ དཔལ་དུས་ཀྱི་འཁོར་ལོའི་དབང་ཞུས་པའི་ཕན་ཡོན།
དཔལ་དུས་ཀྱི་འཁོར་ལོའི་དབང་ཞུས་པའི་ཕན་ཡོན་ནི། ཚེ་འདིར་རྐྱེན་ངན་བར་ཆད་ཞི་བ་དང༌། ཆོས་མཐུན་གྱི་བསམ་དོན་ཡིད་བཞིན་འགྲུབ་པ། དཔལ་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་འགྲུབ་བྱེད་ཀྱི་བག་ཆགས་ཁྱད་པར་ཅན་འཇོག་པ་སོགས་གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་གི་ཕན་ཡོན་ནི། སྐྱེ་བ་ཕྱི་མར་ཡང་རིག་འཛིན་གྱི་གནས་ཤམ་བྷ་ལ་ཡི་ཞིང་དུ་སྐྱེ་བའམ་རིགས་ལྡན་ ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་རྨག་མེད་དུ་བཅོམ་པའི་མཐར་སླར་ཡང་སྔགས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པའི་དུས་དེར་སྐྱེས་ནས་རིགས་ལྡན་དངོས་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་དང་བཅས་པའི་གསུང་གི་བདུད་རྩི་དངོས་སུ་མྱོང་བ་ལ་བརྟེན་ནས་དུས་ཀྱི་འཁོར་ལོའི་ས་ལམ་མྱུར་དུ་འགྲུབ་པ་སོགས་དང༌། གཞན་ཡང་ཕྱི་ནང་གི་དུས་ཀྱི་འཁོར་ལོ་གཉིས་ནི་གཞན་དུས་ཀྱི་འཁོར་ལོ་སྦྱང་གཞི་ཡིན་པའི་གནད་ཀྱིས་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཆེན་པོ་ཡོད་པ་བཅས་སོ།།
༼ཕྱི་ལོ་ ༢༠༠༦ ལོའི་དུས་དབང་སྐབས་ཆེད་འགྲེམས་ཞུས་པའི་དེབ དུས་ཀྱི་འཁོར་ལོ་དང་འབྲེལ་བའི་ངོ་སྤྲོད་ ཅེས་པ་ནས་ཟུར་འདོན་ཞུས་པ་ལགས༽
ཧཧཧཧཧཧ
དུས་འཁོར་ཤག་ཀྱཱས་གསུངས་རེད་ཅེས་པའི་གཏམ་དེ་རྫུན་རྐུབ་རྡོལ་ཚར་མ་རེད་བས།
བསོད་ནམས་ཀྱི་ཚོགས་ཆེན་གསོག་ས་ན།།ཆོས་སྤོང་གི་ལས་ངན་མ་བྱེད་ཅིག །
སྨན་མོ་མ་རེད་དམན་མོ་རེད། །སྐལ་པ་དམན་པས་དམན་མོ་རེད། །དུས་དབང་དམ་ཆུ་མ་བཏུང་ཞིག །འཐུང་ན་ཁྱོད་ཉིད་འཚིག་པར་གྱུར། །
དཔལ་དུས་ཀྱི་འཁོར་ལོའི་བསྟན་པའི་འཕེལ་རིམ་ངོ་སྤྲོད་མདོར་བསྡུས་ལ་ཆ་ཚང་བ་ཞིག་ཏུ་བསྒྲིགས་ནས་ཁ་བརྡར་སྤེལ་བ་ནི། ཁ་བརྡ་ཡང་ཕྱག་མཆོད་བྱ་བའི་གནས་སུ་གྱུར་པས། རྗེས་སུ་ཡི་རང་ཆེན་པོ་ཞུ་འོས་སོ། །དགེའོ། །
གསུང་བའི་དུས་གཞན་པ་ཞིག་ལ་སྟོན་པ་བཅོམ་སྡན་འདས་མྱ་ངན་ལས་འདའ་ཁའི་ནག་ཟླའི་ཉ་ལ་དུས་ཀྱི་འཁོར་རྒྱུད་འདི་གསུངས་ཡོད། མདོ་རྒྱུད་ཀྱི་ལུང་ཞིག་ནི་ཡོད་པར་ངེས་པས་དྲྭ་གྲོགས་སུ་བྱུང་དེ་ལ་ལན་ཞིག་གནང་བར་ཞུ། བཀྲིས་དགེའོ།།
ནོར་བཅོས་ལ་ འཁོར་་་ལོ་་་
གནས་ཁྱད་པར་དུ་འཕགས་པ་རྡོར་རྗེ་གདན། ཆོས་ཁྱད་པར་དུ་འཕགས་པ་དུས་ཀྱི་འཁོར་ལོ། ཆོས་གསུང་པ་པོ་ཁྱད་པར་དུ་འཕགས་པ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་༧གོང་ས་སྐྱབས་མགོན་པོས་དུས་འཁོར་དབང་ཆེན་བརྩལ་བ་ལ་སྔོན་དུ་ཕྱོགས་པའི་སྐབས་འདིར། དཔལ་དུས་ཀྱི་འཁོར་ལོའི་བསྟན་པའི་འཕེལ་རིམ་ངོ་སྤྲོད་གནང་བ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང། ང་ཚོས་ཤེས་དགོས་པ་ཞིག་ལ་དེ་སྔོན་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་གནང་སྐབས། གུང་ཁྲན་དང་དོལ་རྒྱལ་ཚོགས་པ་མཉམ་འབྲེལ་གྱིས་༧གོང་ས་མཆོག་གི་སྐུ་ལ་གནོད་སྐྱོན་གཏོང་རྩིས་བྱས་ཀྱང་བྱ་ངན་ལམ་དུ་མ་ཕྱིན་པ་ང་ཚོའི་སེམས་ནང་མ་བརྗེད་པ་ལྷང་ངེར་ཡོད། དེང་སྐབས་སེ་རའི་ཉེ་འགྲམ་དུ་ཡོད་པའི་ལོག་སྨོན་ཅན་དོལ་རྒྱལ་ཚོགས་པའི་ནང་ཕྱི་ལོག་ནས་དོལ་ཚོགས་མང་པོ་ཞིག་སླེབས་ཏེ་ངན་གཤོམ་བྱེད་བཞིན་མཆིས་ན་ཚང་མས་༧གོང་ས་མཆོག་གི་སྐུའི་བསྲུང་བྱ་ལ་ཟབ་ཟབ་གནང་རོགས་ཞེས་ཞུ་བཞིན་མཆིས་ལགས།། །།
1. ༢༡༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ གི་ཆུ་ཚོད་ ༩ སྐར་མ་ ༥༨
ངས་དུས་འཁོར་ལ་དོག་སློང་བྱེད་བཞིན་ཡོད་མ་གཏོགས་ཇོ་ནང་ལ་གང་ཡང་ཞུ་གི་མེད། དུས་འཁོར་ལས་ཤམ་བྷ་ལ་ཟེར་བ་ཞིག་འཛམ་གླིང་འདིའི་ཆ་ཤས་སུ་ཡོད་པར་བཤད་པ་དང་། རྒྱ་ནག་བོད་ཀྱི་བྱང་དུ་ཡོད་པར་བཤད་པ་སོགས་མངོན་སུམ་གྱི་བསྟན་དོན་ལ་མངོན་སུམ་གྱི་གནོད་པ་འབབ་པ་དང་། རིག་ལྡན་དྲག་པོ་ལྕགས་འཁོར་ཀྱི་སྒྲུང་གཏམ་ལུང་བསྟན་དེ་ཡིས་འཚེ་བ་ཆོས་སུ་སྨྲ་བའི་ལྟ་གྲུབ་ཀྱང་བསྟན་འདུག དེ་རིང་དེ་ཙམ་ཡིན།
1. ༡༥༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ གི་ཆུ་ཚོད་ ༥ སྐར་མ་ ༣༣
ངས་སྔོན་མ་ནས་ཇོ་ནང་གི་སྤྱི་འཐུས་སྐོར་ལ་བསམ་བློ་བཏང་པ་ཡིན། ཇོ་ནང་ལ་སྤྱི་འཐུས་དགོས་སྐོར་རྩོམ་ཡིག་ཐེབས་ཆག་ཅིག་ཀྱང་བྲིས་ཡོད་མོད་ཁྱབ་སྤེལ་བྱས་མེད། གང་ཡིན་ཞེ་ན་ཇོ་ནང་པ་ཆོས་རྒྱུད་ཅིག་ཡིན་པའི་ཆ་ནས་དེ་ལ་ཐོབ་ཐང་དགོས་གི་འདུག སྤྱི་འཐུས་དགོས་ཀྱིན་འདུག འདྲ་མཉམ་དགོས་ཀྱིན་འདུག ཅེས་བཤད་ན་རྒྱུ་མཚན་གནས་ལུགས་འདུག ཡིན་ན་ཡང་དེ་དང་ལྷན་དུ་དུས་འཁོར་ཅིག་ཅིག་མིག གཞན་སྟོང་ཅིག་ཅིག་མིག མང་པོ་ཞིག་བཤད་ཡོང་དུས་མི་ལ་དོག་པ་སྣ་མང་ཞིག་སླེབས་ཡོང་གིན་འདུག དཔེར་ན། ང་ལྟ་བུ་ཡིན་ན་དུས་འཁོར་སངས་རྒྱས་ཀྱི་བཀའ་ཡིན་མིན་ཕར་ཞོག དུས་འཁོར་འདི་ཕར་གཏུག་ན་ནང་པ་སངས་རྒྱས་པའི་བསྟན་བཅོས་ཡང་དག་ཅིག་ལ་ཡང་འགྱུར་ཐུབ་མི་ཐུབ་པའི་དོག་པ་ཆེན་པོ་ཡོད་མཁན་ཞིག་ཡིན། མཚམས་རེར་བལྟས་ན་དུས་འཁོར་འདི་འཚེ་བ་ཆོས་སུ་སྨྲ་བའི་གཞུང་ལྟ་བུ་ཡིན་པའི་དོག་པ་ཡང་ཆེན་པོ་འདུག གཞན་སྟོང་ཡང་དེ་དང་མཚུངས་པ་རེད། སྤྱིར་ན་གཞན་སྟོང་ཟེར་བ་འདི་དབུ་མའི་ལྟ་གྲུབ་འཛིན་སྲོལ་ཞིག་ཡིན་པ་མ་གཏོགས་འདི་ཇོ་ནང་ཚང་གི་དམིགས་བསལ་ཞིག་ཅི་ཡང་མ་རེད། དེ་ཡིན་དུས་ཇོ་ནང་དང་མཉམ་དུ་གཞན་སྟོང་དང་དུས་འཁོར་སོགས་སྦྱོར་མ་ཡོང་རོགས།
གོང་དེ་ཁྱེད་རང་ཚོའི་མཁས་སྤོབས་མཐས་གསུངས་པ་དྲན་གྱི་མི་འདུག་གམ།
༢༠༢༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༡༡ སྐར་མ་ ༠༩
ང་ཚོའི་ཟངས་མདོག་དཔལ་རི་དང་། རི་པོ་ཏཱ་ལ་སོགས་དང་འདྲ་གི་མ་རེད། དེ་ཚོ་ནི་རྣལ་འབྱོར་པ་སྒེར་གྱི་དག་སྣང་གི་ཞིང་ཁམས་མ་གཏོགས་ནང་པ་སྤྱིའི་ལོ་རྒྱུས་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་མིན་སྟབས་ནང་པ་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་གང་ཡང་མ་རེད། ཟངས་མདོག་དཔལ་རི་ཟེར་བ་ཞིག་འཛམ་གླིང་གི་ནང་པ་སྤྱི་ཕར་ཞོག བོད་ཀྱི་ནང་པའི་ཁྲོད་ན་ཡང་ཟངས་མདོག་དཔལ་རི་དགོས་མཁན་བརྒྱ་ཆ་བཅུ་ཙམ་མ་གཏོགས་ཡོད་པ་མ་རེད། དེང་སང་ཤམ་བྷ་ལ་ཡོད་མེད་ལ་དོག་སློང་དང་དུས་འཁོར་སངས་རྒྱས་ཀྱི་བཀའི་གྲས་ནས་ཕྱིར་ཕུད་གྲབས་བྱེད་ཅིང་ཡོད་པ་དེ་ཡང་ཤམ་བྷ་ལ་འཛམ་གླིང་འདིའི་ཆ་ཤས་སུ་བཤད་པ་དེང་སྐབས་བསྟན་རྒྱུ་མེད་པ་དང་རྒྱ་ནག་བོད་ཀྱི་བྱང་དུ་ཡོད་ཚུལ་སོགས་བཤད་པས་མངོན་སུམ་གྱི་བསྟན་དོན་ལ་མངོན་སུམ་གྱི་གནོད་པ་བབ་སོང་བ་སོགས་ཀྱང་རྐྱེན་གཅིག་རེད། མ་གཞི་དུས་འཁོར་གྱི་སྐོར་དེ་ཁྱོད་ཚོ་བོན་ལ་ཡང་ཡོད་སྙམ། ཤམ་བྷ་ལ་བསྟན་མི་ཐུབ་པའི་དཀའ་ངལ་དེ་ཁྱོད་ཚོས་ཀྱང་མི་དགོས་བཞིན་དུ་སྡུག་ཐོད་ལ་བླངས་ཚར་ཡོད་སྙམ། གཅིག་བྱས་ན་དུས་འཁོར་འདི་ང་ཚོ་བན་དེ་ཚོས་ཁྱེད་ཚོ་བོན་གྱི་ས་ནས་བརྐུས་ཡོང་བ་ཡིན་ན་ཡང་ཅི་ཤེས། ཧ་ཧ། རྡོ་རྗེ་གདན་དང་རྩ་མཆོག་གྲོང་ལྟ་བུ་ཡིན་ན་རང་གི་སྟོན་པའི་སྐུ་ཚེ་དང་འབྲེལ་བའི་གནས་ཆེན་ཡིན་དུས་ནང་པ་ཚང་མ་ལ་དགོས་མཁོ་ཡོད་པ་རེད། དེ་བསྟན་རྒྱུ་མེད་ན་ང་ཚོ་ལ་ཕུགས་མེད་པའི་རྐུབ་བུད་པ་རེད། སངས་རྒྱས་པ་ཡིན་ན་ཡང་ལོ་རྒྱུས་ཀྱི་ཆ་ནས་ཞིབ་ཆ་སྐད་གྲགས་ཡོད་མཁན་ཚང་ཞིག་གང་ཡང་མ་རེད། ཡིན་ན་ཡང་སྟོན་པ་རང་ཉིད་ཀྱི་སྐུ་ཚེའི་མཛད་པ་གླེང་སྐབས་ཆོས་འཁོར་བསྐོར་བའི་ལོ་ནས་སྐུ་མ་གཤེགས་བར་གྱི་དབྱར་གནས་བཞུགས་ས་ཚང་མ་ད་ལྟ་རེརེ་ནས་བསྟན་ཐུབ་པ་ལྟ་བུ་ཞིག་རེད།
ཐེག་པ་ཆེན་པོ་བཀའ་ཡིན་མིན་གྱི་དོགས་སློང་དེ་སྔོན་ནས་ཡོད་པ་རེད། ངས་ཀྱང་དུས་བབ་དྲ་བའི་ཟིན་བྲིས་སྟེང་ལ་བཤད་མྱོང་། ཡིན་ན་ཡང་ད་ལྟ་བར་དུ་ལན་འདེབས་མཁན་བྱུང་མ་སོང་། དེའི་སྐོར་ལ་གླེང་མོལ་བྱས་ན་ཕན་ཐོགས་འདུག་སྙམ་ན་ཐོག་མར་ཁྱེད་རང་ཚོའི་རང་ལུགས་ཞོག་དང་དེ་ནས་ངས་དགག་བཞག་སྤོང་གསུམ་གང་འོས་བྱེད་ཆོག དེ་ལ་ངས་དགའ་བསུ་ཞུ་རྒྱུ་ཡིན། དེའི་སྐོར་ལ་ངས་བཤད་འདོད་པ་མང་ཙམ་ཡོད།
དུས་འཁོར་དབང་ཆེན་སྐབས་འདིའི་སྐོར་བགྲོ་གླེང་བྱུང་ན་ཡག་ཤོས་རེད་མ་གཏོགས་དོགས་གཞི་མང་པོ་ཡོང་གི་འདུག
གོང་དུ་ངས་སྤོབས་པ་མཐས་ཀྱིས་དངོས་ཡོད་གནས་སྟངས་བཤད་པ་ཁག་གཅིག་བཀོད་ཡོད་དེའི་སྐོར་གླེང་འདོད་ཡོད་མཁན་ཚོས་དོལ་རྒྱལ་དང་རྒྱ་དམར་གཅིག་གཅིག་གཉིས་གཉིས་མང་པོ་བཤད་མ་ཡོང་། ཁ་ཐུག་དོག་གཞི་ལ་ལན་སྐྱོན་རོགས་ངས་སུ་གང་ལའང་མ་རབས་དང་སྐྱོན་ཐེར་འདོན་བྱས་པ་ཞིག་མ་ཡིན།
གལ་སྲིད་ང་ཚོས་དུས་འཁོར་དབང་ཆེན་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་བྱས་མཐར་དེ་ཉིད་འཚེ་བ་ཆོས་སུ་སྨྲ་བའི་གཞུང་ངམ་ཡང་ན་བོན་པོ་ལས་རྐུ་བཤུས་བྱས་པ་དེ་འདྲ་ཞིག་ཡིན་ཚེ་དོག་མ་བདེ་བ་ཞིག་ཡོང་རྒྱུ་ཉག་གཅིག་རེད་སྙམ། གོང་དུ་སྤོབས་པ་མཐའ་ཡས་བཤད་པ་ལྟར་ན་དངོས་གནས་ང་ཚོ་དཔེ་བསགས་པ་རེད་།
མིའི་འབྱུང་རབས་དང་ལྷའི་འབྱུང་རབས་གཉིས་མཉམ་བསྲེས་མ་གནང་། དག་ཞིང་དང་ས་ཡི་གོ་ལ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དགོས། རི་རབ་ཞེས་པ་ཡང་དག་ཞིང་ལྟར་མིན་པར། ཉི་མ་སྒྲིབ་མཁན་གྱི་རི་ལྟ་བུ་ཡིན་དགོས་ན་མེད་པ་མངོན་གསུམ་ཚད་གྲུབ་རེད། ཆོས་ཁས་མ་བླང་ན་ཆོས་ཀྱི་སྐོར་བཤད་ནས་རང་གི་དུས་ཚོད་ཆུད་ཟོས་རེད། སྔགས་ལ་དད་མེད་པར་མ་ཎི་གྲངས་ལ་ཁ་མ་གཏོང་རོགས་གནོངས། ང་ཡང་མ་ཎི་གྲངས་མཁན་ཡིན་པས་་་་་་་་
དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས་རིག་བྱེད་ནས་བཤད་པའི་རྒྱ་མཚོ་བསྲུུབས་པའི་ལོ་རྒྱུས་དང་སྐར་རྩིས། ཉ་ལ་སོགས་པའི་ཁྱབ་འཇུག་གི་འཇུག་པ་དོན་མེད་པར་གསུངས་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་ཁྱབ་འཇུག་གི་འཇུག་པ་དགུ་པ་སྟེ་རིགས་ལྡན་ནི་བཅུ་པའོ།། ཞེས་རིག་བྱེད་ནས་བཤད་པ་བདེན་པར་བཟུང་པ་དང་། ལོག་པར་སྨྲ་བ་དག་ལ་འདི་སྐད་ཅེས། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་འཇུག་པ་དགུ་པ་ཡིན་ན་འཚེ་བ་ཆོས་སུ་སྨྲ་བའི་མཆོད་སྦྱིན་གྱི་ཆོས་ལུགས་སུན་ཕྱུང་སྟེ་མི་དགེ་བཅུ་སྤངས་ནས་དགེ་བཅུ་སྒྲུབ་པ་དང་དམངས་རིགས་རྣམས་གཉིད་སད་པར་བྱས་ནས་སྐྲ་བྲེགས་ངུར་སྨྲིག་འཛིན་པའི་དགེ་སློང་དུ་བྱེད་པ་མི་འཐད་པ་དང་། གདུག་པའི་བྲམ་ཟེ་རྣམས་ཀྱིས་འདི་ལྟར་བཤད་དེ། ཁྱབ་འཇུག་གིས་སངས་རྒྱས་ཀྱི་གཡོ་སྒྱུ་འདི་བྱས་ཏེ་དེ་ལྟར་དགུ་པ་སངས་རྒྱས་ཀྱི་འཇུག་པ་ཞེས་བཤད་པ་དང་། རིགས་ལྡན་བཅུ་པ་ནི་ཤམ་བྷ་ལའི་ཡུལ་དུ་ནོར་ལྷ་བྲམ་ཟེའི་བུ་གྲགས་པར་གྱུར་ནས་རྡོའི་རྟ་ལ་ཞོན་ཏེ་ཀུ་ཤའི་རང་བཞིན་ཅན་གྱི་མདུང་རྣམས་ཀྱིས་ཀླ་ཀློ་ཐམས་ཅད་བསད་ནས་གསེར་མང་པོའི་མེ་ལྷའི་མཆོད་སྦྱིན་བྱས་ཏེ་སླར་ཡང་ས་གཞི་བྲམ་ཟེའི་རང་བཞིན་དུ་བྱེད་པར་འགྱུར་ཞེས་བཤད་པ་ནི། སངས་རྒྱས་ཞལ་བཞུགས་དུས་ཀྱི་དུས་སུ་བྱུང་བའི་བྲམ་ཟེ་རྣམས་ཀྱིས་བྱས་པ་ཞིག་སྟེ་སྔོན་གྱི་རིག་བྱེད་ལ་མེད་ཅེས་གསུངས།
འཛམ་གླིང་རྒྱས་བཤད་ལས།
དུས་འཁོར་ནས་བཤད་པའི་ཀླ་ཀློ་ནི་མུ་སཱལ་མཱན་ཡིན། མཚན་གཞི་ནི། པར་སིག་པ། དུརུཤྐ་པ་དང་ཐོ་དཀར་བ། རྒྱ་གར་ན་ཡོད་པའི་མོོ་གལ་དང་པ་ཐཱན། ས་ཡེེ་ཏ། སེ་ཤ་སོགས་དང་། རྒྱ་ནག་ལ་ཡོད་པའི་ཧོས་ཧུས་སོགས་སོ།། མདོ་སྡེ་ནས་བཤད་པའི་ཀླ་ཀློ་ནི་། དགེ་མི་དགེ། རུང་མི་རུང་། ཆོས་དང་ཆོས་མིན་གྱི་དབྱེ་བ་མི་འབྱེད་པ་ཞིག་ལ་ངོས་འཛིན་པ་ཡིན། མཚན་གཞི་ནི། བོད་ཡུལ་གྱི་ཉེ་སར་ཡོད་པའི་གློ་བ་ཁ་ཁྲ་སོགས་དང་ཕ་མ་སོགས་ཀྱི་དྲིན་ལན་གཞལ་བར་རློམ་སྟེ་གསོད་པ་དང་། ནང་ཕན་ཚུན་བསད་དེ་ཟ་བ་སོགས་ཀྱང་ཡིན། རིག་བྱེད་ནས་བཤད་པའི་ཀླ་ཀློ་ནི་རྒྱ་ནག་པ་དང་བོད། ཧོར་སོག མུ་སཱལ་མན་སོགས་ཀྱང་ཀླ་ཀློ་ཡིན་ཟེར།
མདོ་ཏིང་ངེ་འཛིན་རྒྱལ་པོ་ལས།
དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ།།སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས།།སྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད།།རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ།།
འདིའི་རིགས་ལྡན་ཞེས་པའི་གོ་དོན། བྲམ་ཟེ་རྣམས་ཀྱིས་ཚངས་པའི་རིགས་སུ་འཇོག་པར་བྱེད་པ་ནི་ཚིག་ཙམ་ལ་འཁྲུལ་བ་སྟེ། གལ་ཏེ་ཤམ་བྷ་ལའི་རྒྱལ་པོ་འཇམ་དཔལ་གྲགས་པ་བྲམ་ཟེའི་རིགས་སུ་འཇོག་པར་བྱེད་པའི་རིགས་ལྡན་ཡིན་ན། བྲམ་ཟེ་རྣམས་ལ་ནོར་མེད་པར་དཀའ་ཐུབ་སྤྱོད་པ་དང་འདི་ནོར་ལྡན་དུ་བཤད་པ་གཉིས་འགལ་བ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཁམས་ཀྱི་ལེའུ་ལས་སྟོན་པ་འདས་ནས་ལོ་དྲུག་བརྒྱ་ན་འཇམ་པའི་དབྱངས་རིགས་ལྡན་གྲགས་པ་འབྱུང་བར་ལུང་བསྟན་པ་དང་དེ་ཡང་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་བའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཅས་པ་རྣམས་རྡོ་རྗེ་ཐེག་པའི་བསམ་པས་རིགས་གཅིག་ཏུ་བྱེད་པ་དང་། རིགས་བཟང་པོ་དང་བཟང་པོ་མ་ཡིན་པ་རྡོ་རྗེ་ཐེག་པར་རིགས་གཅིག་ཏུ་བྱེད་པའམ་འདུས་པ་འདི་ལ་རིགས་ལྡན་ཞེས་བྱ། སླར་ཡང་དུས་བཞིའི་མཐར་རིགས་ལྡན་འཁོར་ལོ་ཅན་གྱིས་ཀླ་ཀློ་རྣམས་ཀྱི་འཇུག་པ་ལ་གཟིགས་ནས་རྟ་མཆོག་གི་ཏིང་ངེ་འཛིན་གྱིས་རྡོའི་རྟ་མཆོག་མཐའ་ཡས་པ་སྤྲོས་ནས་ཀླ་ཀློ་རྣམས་ཀྱི་སེམས་སྐྲག་ཅིང་ཞུམ་པར་བྱས་ཏེ་རང་གི་ཆོས་ལ་འགོད་པར་འགྱུར་ཞིང་དེ་དག་གི་ཆོས་ལུགས་འཇོམས་པར་འགྱུར་གྱི་སྲོག་གཏོང་བ་ནི་མ་ཡིན་ནོ།།
ཕྱི་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོའི་རྩ་རྒྱུད་བཀའ་འགྱུར་ཁྲོད་དུ་བཞུགས་པ་འདི་དང་དེའི་རྒྱུད་འགྲེལ་མཆོག་ཏུ་གྱུར་བ་ནི་འགྲེལ་ཆེན་དྲི་མེད་འོད་དང་དེ་གཞིར་བཅས་ནས་རྒྱ་གར་དང་བོད་ཀྱི་མཁས་པ་མང་པོས་རྒྱུད་འགྲེལ་བརྩམས་པ་དང་མཆན་བུ་བཏབ་པ་སོགས་བགྲང་གིས་མི་ལང་། རྗེ་ཙོང་ཁ་བས་དུས་འཁོར་ནི་བླ་མེད་ཀྱི་རྒྱུད་དུ་ཞལ་གྱིས་བཞེས་པར་མ་ཟད། དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་ཐུགས་དམ་གྱི་དཀྱིལ་དུ་མཛད་པས་བཅོམ་ལྡན་དུས་ཀྱི་འཁོར་ལོ་མངོན་སུམ་གཟིགས་ཤིང་གསུང་གི་གནང་བ་བྱུང་། འཇམ་དབྱངས་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་ལས། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་དུས་འཁོར་ལོའི།།ཡན་ལག་དྲུག་གི་གནད་རྣམས་དགོངས་པ་ན།།བཅོམ་ལྡན་དུས་ཀྱི་འཁོར་ལོ་མངོན་སུམ་གཟིགས།།ཟླ་བ་བཟང་པོ་འདྲ་བར་ལུང་བསྟན་པ།།དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།ཞེས་གསུངས་པ་དང་། རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་ར་སོགས་དང་བོད་ཀྱི་བླ་མ་བཅོམ་ལྡན་རིག་པས་རལ་གྲི་ལ་སོགས་པས་དུས་འཁོར་ལ་དགག་པ་བརྒྱབ་པ་སོགས་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྣམ་བཤད་ལས་ཉི་མ་བཞིན་གསལ་བར་གསུངས་འདུག་པས་དེར་གཟིགས་རོགས་ཞུ། དེ་མིན་ཁ་ཕོ་མ་སྒྲོགས་ཤིག །
མིག་བརྒྱད་པ་ཞེས་པར་དོན་དང་ལྡན་པ་འདྲ། མང་པོ་ཞིག་གཟིགས་འདུག
མིག་བརྒྱད་མ། ཀླ་ཀློ་ལ་འདུལ་བ་དང་མདོ་སྡེའི་ལུགས་བྲིས་འདུག་ཏེ་གཙོ་བོ་འདུལ་མདོ་དགོངས་པ་མི་འགལ་གཅིག་ཏུ་གསུངས་དགོས། ཁྱེད་མིག་བརྒྱད་མ་མ་རེད་དལ་བརྒྱད་མ་རེད་འདུག
བྲམ་ཟེ་ཆོས་ལུགས་པ་རྣམས་ཀྱིས་རིག་བྱེད་ཆོས་ནི་ཕུ་བོ་དང་ཐམས་ཅད་མཁྱེན་པའི་ཆོས་ནུ་བོར་བཤད་པ་ལ་བརྟེན་ནས་རིག་བྱེད་བཟང་བའི་རྒྱུ་མཚན་བཤད་ལ། དབང་ཕྱུག་པ་རྣམས་ཀྱིས་དབང་ཕྱུག་ཡོན་ཏན་བརྒྱད་ལྡན་དུ་བཤད་དེ། ཕྲ་བ་དང། ཡང་བ་དང་། བདག་པོར་གྱུར་བ་དང་། དབང་དུ་གྱུར་བ་དང་། གར་ཡང་ཕྱིན་པ་དང་། མཆོད་པར་བྱ་བ་དང་། འདོད་རྒུར་ལྡན་པ་དང་། དགའ་མགུར་གནས་པའོ།།དེ་དག་གང་ཞེ། ལུས་ཀྱི་ཆ་ཕྲ་མོ་གཡོས་པ་ཙམ་གྱིས་ཀྱང་བཅུད་ཀྱི་སེམས་ཅན་སྐྱེ་འཇིག་བྱེད་པ་ལ་དབང་བ་ནི། ཕྲ་བའི་ཡོན་ཏན། འབྱུང་བཞི་སོགས་སྣོད་ཀྱི་འཇིག་རྟེན་སྐྱེ་གནས་འཇིག་གསུམ་བྱེད་པ་ལ་དབང་བ་ནི། ཡང་བའི་ཡོན་ཏན། སྣོད་བཅུད་གནིས་ཀ་སྐྱེ་གནས་འཇིག་གསུམ་བྱེད་པ་ལ་དབང་བ་ནི། བདག་པོར་གྱུར་བའི་ཡོན་ཏན། སེམས་ཅན་ཐམས་ཅད་ལ་ཕན་གནོད་བྱེད་པ་ལ་དབང་བ་ནི། དབང་དུ་གྱུར་བའི་ཡོན་ཏན། ཡུལ་དང་བཟའ་བཏུང་སོགས་གང་སར་ཕྱིན་པ་ནི། གར་ཡང་ཕྱིན་པའི་ཡོན་ཏན། འཇིག་རྟེན་གསུམ་གྱིས་མཆོད་ཅིང་བཀུར་བར་འོས་བ་ནི། མཆོད་པར་བྱ་བའི་ཡོན་ཏན། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ལ་འདོད་རྒུར་དབང་བསྒྱུར་བ་ནི། འདོད་རྒུར་ལྡན་པའི་ཡོན་ཏན། རང་གིས་ཞི་བ་ཐོབ་ཅིང་གཞན་ལ་མཐོ་རིས་དང་ཐར་བའི་གོ་འཕང་གང་འདོད་དུ་སྟེར་བ་ནི། དགའ་མགུར་གནས་པའི་ཡོན་ཏན་ཏེ། རིག་བྱེད་ཀྱི་གཞུང་ནས་བཤད་པའི་ཚུལ་ལོ།།ཚངས་བ་དང་དབང་ཕྱུག །ཁྱབ་འཇུག་གསུམ་ལ་ཁོ་ཚོས་ཚད་མར་ཁས་ལེན་པ་ཡིན་ཀྱང་དམིགས་བསལ་གྱིས་མིང་བཏགས་པ་ནི་གཙོ་ཆེ་ཆུང་གི་དབང་དུ་བྱས་པ་ཡིན། སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་བྱོན་ནས་བྲམ་ཟེ་རྣམས་ཀྱིས་རང་དགར་ཁྱབ་འཇུག་གི་འཇུག་པར་བཤད་པ་ནི་ཡོད་ཚད་ལྷ་ཆེན་དེ་དག་གིས་འདོད་རྒུར་དབང་བསྒྱུར་བ་ལ་བསམ་པའི་དབང་གིས་ཡིན་པ་ནི་བསྙོན་མེད་མེད་ཡིན། དེ་ལ་སྟོན་པ་དང་ཆོས་ཀྱི་ཁྱད་པར་འདི་ཡོད་དེ།
སྟོན་པ་རྟོགས་པའི་མཐའ་ལ་མ་ཐུག་ཅིང་།།དུག་གསུམ་གཡོ་སྒྱུའི་སྐྱོན་ཡང་མ་སྤངས་བར།།འཚེ་བ་ལྷུར་ལེན་ལོག་པའི་ཁེངས་བ་ཅན།།ལྷ་ཆེན་རྣམས་དང་གདུག་པའི་དྲང་སྲོང་རྩུབ།།ལྟ་བ་རང་རྐྱ་ཐུབ་པའི་རྫོང་ལ་ཞེན།།སྒོམ་པ་སྲིད་རྩེ་གནོན་པའི་མཐུ་དང་བྲལ།།སྤྱོད་པ་བསོད་ཉམས་ངལ་དུབ་མཐའ་ལ་ལྷུང་།།ཟག་ཟད་འབྲས་བུ་སྟོར་བའི་ཆོས་དེ་ནོངས།།
སྐབས་འདིར་དུས་འཁོར་སངས་རྒྱས་ཀྱི་གསུངས་པ་ཡིན་མིན་ཐོག་མར་བཏང་སྙོམས་སུ་འཇོག རིགས་ལྡན་གྱི་ཀླ་ཀློག་བཏུལ་ཚུལ་སོགས་བྱིས་པ་མགུ་བའི་ལྷ་སྒྲུང་ཙམ་ཡིན་སྟབས་རྩོད་རིན་ཞིག་ཡོད་པ་མ་རེད། གལ་གནད་ཆེ་ཤོས་ཤིག་ནི་འདིར་བཀོད་ཡོད་པའི་ལྷའི་འདྲ་རིས་བཙོག་པ་དེ་འདྲ་འགྲེམ་སྤེལ་མ་གནང་རོགས། ལྷ་སྐུ་འདྲ་མིན་འགྲེམ་སྤེལ་བྱེད་པ་དེ་ཡག་པོ་གཏན་ནས་མི་འདུག ལྷ་སྐུ་ཁྲོ་ཉམས་ཅན་བྱིས་པ་གཉིད་ལོག་སློང་སྤྱད་ལྟ་བུ་དང་། ཆགས་ཉམས་ཅན་ཕོ་མོ་མཉམ་སྦྱོར་རིགས་རྒྱ་གར་གྱི་གནའ་བོའི་ཀ་མ་སུ་ཏྲའི་གཟུགས་རིས་དེ་རིགས་ཀྱིས་དང་པ་དང་དང་བ་འཕེལ་བ་ཕར་ཞོག་མིང་སྲིང་མཉམ་དུ་ཡོད་སྐབས་མིག་གིས་ལྟ་ཡང་མི་བཟོད་པ་ཞིག་རེད།
སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པ་འདིའི་ལུགས་ལ་ལྷ་སྐུའི་འདྲ་རིས་ཆགས་སྡང་ཟུང་འཇུག་གི་ཉམས་ཅན་ཞིག་ངོམ་དགོས་ན་ཐབས་སྐྱོ་བོ་རེད། ས་ཁུལ་ལུང་ཀྱོག་གི་ལྷ་ཁང་ཁ་ཤས་ཀྱི་ནང་ན་ལྷ་སྐུ་འདྲ་མིན་སྣ་ཚོགས་ཡོད་ཀྱང་ཧ་ལས་དགོས་པ་ཞིག་མ་རེད། འདི་ལྟ་བུའི་མི་ཚོགས་ཀྱི་འདུ་བ་ཆེན་པོ་དང་། གནས་མཆོག་རྡོ་རྗེ་གདན་ལྟ་བུ་ནང་པ་སངས་རྒྱས་པའི་འདུ་འཛོམ་བྱ་ཡུལ་ཡོད་ན་མེད་ན་དེ་འདྲ་ལ་ལྷ་སྐུ་ཆགས་སྡང་ཟུང་འཇུག་གི་ཉམས་ཅན་དེ་རིགས་མ་སྤེལ་རོགས།
བོད་ནང་གི་བླ་མ་གྲགས་ཅན་ཞིག་གིས་ལྷའི་འདྲ་གཟུགས་དེ་རིགས་རང་གི་ཉམས་ལེན་ལ་ངེས་པར་དུ་མཁོ་ན་གསང་བའི་སྒོ་ནས་ཉར་བ་མ་གཏོགས་ཁྲོམ་སྤེལ་དང་ཁྲོམ་སྟོན་མི་བྱེད་པའི་འབོད་སྐུལ་ཞུས་པ་ངས་སྔར་ནས་གོ་མྱོང་། སྤྱིར་ན་ལྷའི་འདྲ་གཟུགས་འདྲ་མིན་མང་པོ་ཞིག་ལ་བརྩི་མཐོང་ཆེན་པོ་བྱེད་པ་འདི་ལས་སྡུག་ཅིག་མི་འདུག ལྷག་པར་ཡང་ཆགས་སྡང་གི་ཉམས་ཅན་དེ་རིགས་ལས་བཙོག་ཅིག་མི་འདུག འདི་བཀོད་ཡོད་པའི་དུས་འཁོར་གྱི་གཟུགས་རིས་དེ་ཡང་མེད་པ་བཟོས་ན་ཡག་ཤོས་རེད།
ཐུབ་བསྟན་པ་ལ་མཚོན་ན་སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་དེ་དངོས་གནས་བདེན་པ་བདེན་རྐྱང་རེད་དཱ།
བསམ་བློ་ཡག་པོ་ཞིག་ཐོངས་དང་།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཅོང་ཁ་པ། །
བློ་བཟང་གྲགས་པའི་༸ཞབས་ལ་གསོལ་བ་འདེབས། །
སྤོབས་པ་མཐའ་ཡས་ཟེར་བ་བསོད་ཟད་ཅིག་ཡིན་པ་འདྲ།
རྒྱ་གར་གྱི་ཤི་བའི་ལིང་གཱ་(ཁ་སྐད་དུ་བཤད་ན་ལྷ་ཤི་བའི་མཇེ)དེང་སང་ཡང་ཧིན་དུའི་ཆོས་ལུགས་ཀྱི་ལྷ་ཁང་ཚང་མར་མཐོང་དུ་ཡོད་པ་དེ་མིང་སྲིང་ཕར་ཟད། ཁྱིམ་མི་གང་ཚང་སོང་ནས་བྲམ་ཟེ་མཁས་པ་སྨྲ་ར་ཅན་གྱི་ཆོ་ག་དང་བསྟུན་འོ་མ་དང་མེ་ཏོག་གིས་མཆོད་པ་དེ་དག་ཀྱང་ལས་མ་དག་པ་ཁྱོད་ལྟ་བུ་ལ་བརྗེ་དགོས་པ་མིན་ནམ།
ཧ་ཧ་ཧ་ཧ་བླུན་པོ་སྨྲ་བ་ཉུང་ན་མཛེས། ཤེས་བྱ་ལ་མངོན་སུམ་གཅིག་བུ་མ་གཏོགས་མི་སྲིད་པར་འདོད་པ་ཁྱོད་ནི་ཕྱི་རོལ་གྲངས་ཅན་པའི་ཟླར་སོང་འདུག་པས་བག་བསྐྱུང་རོགས།
ཁྱོད་ཕྱི་རོལ་པ་ལོས་ཡིན་ཇོ་ནང་བ་ཞིག་རེད་འདུག་པའི་ཕྱིར། རྟགས་གདོད་ནས་གྲུབ།
སྤོབས་མཐའ་ལགས། རང་ཁ་གྲུ་བཞི་སྒོ་མོ། རང་སྲོག་གཅོད་ཀི་སྟ་རེ་ཞེས་པའི་དཔེ་དེ་སེམས་ལ་བཅངས་ནས་ད་དུང་རྗེས་དཔག་དང་ཡིད་ཆེས་ཀྱིས་རྟོགས་དགོས་པའི་ཤེས་བྱ་ཁྱོད་ཀྱི་མི་ཚེ་ལ་སྦྱངས་ཀྱང་མི་ཚར་བ་ཡོད་པ་ཤེས་པར་གྱིས།