གཙང་ཞོལ་བདེ་གསལ།
1ཉམ་ཆུང་འགྲོ་བའི་ཁམས་སུ།།
ཐུགས་རྗེའི་ཕྱག་གིས་བརྐྱངས་ཤིང་།
སེམས་ཀྱི་འོད་གསལ་མཐོང་བའི།།
རིགས་ཀྱི་ཁྱབ་བདག་མཁྱེན་མཁྱེན།།
2འཕྱོངས་རྒྱས་བཙན་པོའི་བང་སོ།།
ས་ལ་འཛུལ་བ་བདེན་རུང་།།
ཀི་བསྭོའི་དཔའ་སྐད་མཐོན་པོ།།
རྣ་རྒྱབ་རླུང་ལ་མི་བསྐུར།།
3བཀའ་གདམས་བསྟན་པའི་གདན་ས།།
གཙང་གི་བཀྲ་ཤིས་ལྷུན་པོར།།
བཀྲ་ཤིས་ཟིལ་གནོན་མེད་ན།།
ཕྱི་གཙང་ནང་གཙང་ཡིན་འགྲོ།།
4བརྡ་གླུས་རྩ་ཁམས་སྦྲིད་པའི།།
རིག་འཛིན་ཚངས་དབྱངས་རྒྱ་མཚོར།།
རྡོར་སྨིན་དཔལ་གསུམ་ཕྱོགས་ནས།།
གསང་འཕྲིན་འབྱོར་བ་མིན་ནམ།།
5མདོ་གླིང་ས་ཡི་གཙུག་ཏོར།།
རྨ་ཆེན་གངས་རིའི་རྩེ་ལ།།
སྤྲིན་དཀར་ལང་ལོང་རྒྱུ་དུས།།
ཕ་མའི་བསླབ་བྱ་དྲན་བྱུང་།།
6ལོ་སར་ཚེས་གཅིག་ཉིན་མོར།།
ཐོ་རེངས་སྐར་ཆུ་བླངས་ཤིང་།།
གྲོ་སོ་ཕྱེ་མར་མཆོད་དེ།།
བཀྲ་ཤིས་རྟེན་འབྲེལ་བསྒྲིག་ཟེར།།
7རོང་ཆེན་ཀོང་པོའི་ཡུལ་ལ།།
འབྲས་དཀར་སྙེ་མ་བཏབ་བྱུང་།།
ལོ་ཡག་བདེ་དྲོད་རུམ་ནས།།
མགོ་བོ་ཚོས་ལ་སྒུག་ཡོད།།
8ཨ་ཕྱིས་བཙགས་པའི་ཕབ་རྒྱུན།།
ལོ་ཆང་ཁམ་པ་ཞིམ་པོ།།
བརྩེ་སེམས་ཤེལ་དཀར་ནང་ནས།།
མཉམ་འཐུང་སྐལ་བར་བལྟས་ཡོད།།
9ཚེ་གཅིག་ལྷ་སའི་གླིང་ལ།།
མི་འགྱུར་མཁར་ཞིག་བཞེངས་འདོད།།
ཕྲག་དོག་སྐྱིད་ཆུ་བྲུག་ན།།
འགོག་པའི་ར་ཞིག་བརྩིག་དགོས།།
10བཙན་དབང་ཙད་ཀྱིས་མ་བསྐམ།།
གཡོ་འཕྲུལ་སེར་བས་མ་རེག།།
ཞེ་འདང་ས་གཞི་གཙང་མར།།
ཀུ་ཤུའི་མངར་ཁ་འཇིབ་དང་།།
11བསམ་གཞིག་འོ་མའི་ནང་གི།
སྙིང་གཏམ་གྱོག་ག་རྡོག་རྡོག།།
དེ་རིང་གནང་བ་མེད་ན།།
ཟ་བའི་ཁོ་ཐག་ཆད་ཐལ།།
12དུངས་ཞེན་སེམས་ཀྱི་འཕྲིན་ཡིག།།
སྔོན་མོ་ཆུ་ལ་བསྐུར་ཡོད།།
ཆུ་ལེན་བུ་མོ་སྟོང་གིས།།
ཧབ་ཆའི་མགོ་འཕང་ཇེ་མཐོ།།
13ང་ཡི་བཀྲ་ཤིས་དབང་མོར།།
གོམ་གསུམ་སྤོ་དབང་མེད་པས།།
གསོམ་དཀར་ཆུ་ཟོ་ནང་ལ།།
དྲན་པའི་མཆུ་མ་འཁྱིལ་འདུག།།
14རྒྱ་ལམ་གོར་མོའི་ནང་གི།
མི་ཚོགས་འཚང་ཁ་མ་རྒྱག།།
བུ་མོ་དུངས་སེམས་ཅན་མ།།
ལས་འཕྲོའི་དར་དཀར་འཐེན་འདོད།།
15ཇོ་བོ་ཡིད་བཞིན་ནོར་བུའི།།
ཞལ་ངོར་གསེར་ཆུ་བྱུག་རུང་།།
དད་ལྡན་མཇལ་བ་ཕོ་མོའི།།
གདོང་ལ་བསེར་མདོག་དོད་ཡོད།།
16བཤད་དང་སྒྲུབ་པའི་སྟོན་པ།།
རྒྱལ་བ་བློ་བཟང་གྲགས་པའི།།
སྐྲ་དཀར་མ་ལོའི་སྤྱན་ཆབ།།
དགའ་ལྡན་རྩེ་ལ་བབ་སོང་།།
17འདུ་འཛིའི་འབྲེལ་ཐག་བཅད་དེ།།
སྐུ་རྐྱང་གསུང་རྐྱང་ངང་གི།
མཆུམ་ཕུའི་སྒོམ་ཆེན་པ་ལ།།
མྱོང་བའི་དྲོད་རྟགས་སླེབས་སམ།།
18ཁ་ཆད་དབྱར་ཟླ་འགྱ་སོང་།།
སྟོན་འགོའི་ལོ་ཏོག་མཐོང་སོང།།
རླུང་དམར་འུར་འུར་གཡུགས་སོང་།།
སྙིང་ཆུང་ལུ་གུ་འདར་སོང་།།
19མི་སེམས་ཨ་ལ་བ་ལ།།
བརྟགས་ན་མི་འཆར་དགུ་འཆར།།
རྒྱལ་མོའི་དངུལ་ཆུའི་རླབས་སྒྲས།།
གཅོང་རོང་བྲག་རི་བསྙིལ་ཡོང་།།
20ཕར་བསམ་ཚུར་ལ་མི་བསམས།།
ཚུར་བསམ་ཕར་ལ་མི་བསམས།།
སྣང་བ་ཡལ་མ་ཡོལ་གྱིས།།
ཚེ་ཡི་མཐའ་ལ་གཏུགས་ཡོང་།།
21ཕྱི་ཡི་གསར་འགྱུར་ཇེ་གསལ།།
ནང་གི་དམ་དྲག་ཇེ་དམ།།
ཕ་མར་གསོན་བྲལ་བྱས་པའི།།
གཞི་རྩ་དེ་ལ་ཐུག་ཡོད།།
22གཤིན་ཐང་སྐྱ་མོར་འཁྱམས་པའི།།
དྲིན་ཅན་ཕ་དང་མ་ལགས།།
རྔམ་ནག་ང་རོ་སྒྲོག་པའི།།
ལས་མཁན་དེ་འདྲ་ཡོད་དམ།།
23བཟློག་མེད་ལས་རླུང་འགགས་དུས།།
ང་ལ་འཁང་ར་ཨེ་བྱས།།
གནོང་འགྱོད་སྙིང་རྩ་འཕར་བས།།
ཤ་དང་རུས་པས་མི་བཟོད།།
24ཚེ་འདིར་རེ་ཐག་ཆད་དེ།།
མི་རྐྱང་རི་ལ་ཤོར་སོང་།།
སྐྱེ་བ་ཕྱི་མའི་འབྲེལ་བ།།
རྨ་ཆུའི་ཁུག་ནས་འཇོག་འདོད།།
25གཡོ་དང་དཔུང་ཁག་སྒྲིག་སྟེ།།
ལས་དང་རྒྱུ་འབྲས་བསྣོག་སོང་།།
འཆི་ཁར་མནར་གཅོད་མྱོང་ན།།
མི་སྐྲག་དཔའ་གདེང་ཨེ་ཡོད།།
26ཡོད་ཚད་བློས་བཏང་བྱས་ཏེ།།
གློ་དང་མཆིན་པ་བཏོན་རུང་།།
སེམས་དང་མིག་ལ་མ་བཞག།།
གཏམ་དང་འུར་ལ་བསྐུར་སོང་།།
27འདོད་རྔམ་ལག་པ་རིང་མོ།།
རྡ་རམ་ས་ལར་བརྐྱངས་ཐལ།།
དཀའ་མོའི་གྲོས་ཆོད་འོག་ནས།།
མི་སེམས་རླུང་ལ་བསྐུར་ཡོང་།།
28རིགས་དང་སྐྱིད་སྡུག་བསམས་ཏེ།།
སེམས་ཐག་ཉེ་བ་སྔ་སོང་།།
ལག་དང་ལས་ཀའི་བར་ན།།
ཤུགས་རིང་ཤོར་སྤྱད་མང་གི།
29འཇུ་སའི་ཕོར་པ་ཆག་ཐལ།།
འདུག་སའི་ཁང་ཆུང་རྡིབ་ཐལ།།
ཞེ་སའི་སྐད་ཆ་སྦགས་ཐལ།།
རྒྱལ་སའི་གནམ་གཤིས་འགྱུར་ཐལ།།
30བརྩེ་བའི་ཕྱི་མིག་ཕར་ཞོག།།
འགྲོ་ཁའི་བདེ་མོ་མ་ཞུས།།
ལུས་ཀྱི་མཛད་པ་མཐོང་ན།།
ཨ་ཐང་ཆད་པའི་རྒྱུ་རེད།།
31ར་རིའི་ཕྲག་པ་བརྡར་ཞིང་།།
ཅོལ་ཆུང་བླ་རྩ་ཡང་བའི།།
བཟེ་རེ་ཅན་གྱི་ཁ་ནས།།
ཚིག་ངན་རྭ་རྩེ་ཟེང་ངེ་།།
32གྲོག་དང་དགོས་མཁོ་མེད་ན།།
འབྲེལ་བའི་དར་ཐག་བཅད་འགྲོ།།
བླ་བཙགས་རྐང་འདྲེན་བྱས་ཏེ།།
རང་མཚང་རང་གིས་ཕུད་ཡོང་།།
33དཔོན་ཚང་སྲས་དང་སྲས་མོའི།།
སྣང་བ་ཁྱོད་མཐོ་ང་མཐོ།།
གསེར་ནག་མ་མོའི་མཆིན་པའི།།
མཛུབ་དཀྲིས་ཕར་བསྐོན་ཚུར་བསྐོན།།
34ཤ་འདྲེས་ཁྲག་འདྲེས་བྱས་ཏེ།།
དྲན་ཚད་བཤད་པ་སྔ་སོང་།།
རྒྱ་སྡེའི་མི་ཁ་བརྒྱུད་དེ།།
རྙོག་གྲ་ཆེ་རུ་བཏང་སོང་།།
35མྱི་ཚེ་དཀར་འཚུབ་ནག་འཚུབ།།
དགའ་སྡུག་གོམ་པ་མཉམ་གཤིབ།།
མི་བརྟན་འཁོར་བའི་གྲོང་ནས།།
ངལ་གསོའི་སེམས་རྒྱ་སྐྱེད་དང་།།
རྐྱེན་འདྲ་མིན་དང་ཉམས་མྱོང་སོགས་ཀྱིས་བརྒྱུད་བསྐུལ་བྱས་ཤིང་། དཔེ་དོན་ཚིག་གསུམ་གང་ཆ་ནས་བོད་རང་གི་དམངས་ཁྲོད་རྩོམ་རིག་ལ་ཁ་ཕྱོགས་ཅི་ཐུབ་ཀྱིས་འབད་དེ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་འབྲི་སྟངས་སྤྱད་ཡོད། དེས་ན། དམངས་ཁྲོད་རྩོམ་རིག་ལ་དུངས་བ་ཟབ་པའི་སྤུན་ཟླ་ཚོར་ལེགས་སྐྱེས་ཆུང་ཆུང་ཞིག་ཏུ་འགྱུར་ན་ཨང་སྙམ་སྟེ། ཐུབ་བསྟན་རྡོ་རྗེའམ་གཙང་ཞོལ་བདེ་གསལ་གྱིས་བཞུགས་སྒར་རྡ་རམ་ས་ལར༢༠༡༡ ༥ ༢༤ཉིན་མཇུག་རྫོགས་པར་བྱས་སོ།།
ཚང་དབྱངས་མགུལ་གླུ་མཉམ་མཁས། །
ང་ལྷག་མི་འདུག་སྙམ་ཡང་། །
གཙང་ཞོལ་བདེ་གསལ་ཁོ་ཡིས། །
ང་ཡི་ང་རྒྱལ་བཅག་སོང་། །
ཧ་ཧ་རྩེད་མོ་ཡིན་ལགས། །