ཚེ་རིང་མཚོ།༼ བོད་ནང་། ༽
མིས་མི་སྐྱོང་བའི་གླེང་གཞི་འདི་བདག་ལྟ་བུའི་ཤེས་བྱའི་ ཆུ་ཚད་དམན་པ་ཞིག་གིས་གླེང་ན་ཐལ་དྲགས་འདུག་པའི་སྣང་ཚུལ་ཞིག་འབྱུང་སྲིད་མོད། རང་ཉིད་དངོས་སུ་བརྒྱུད་མྱོང་བའི་སློབ་གྲྭ་ཆུང་འབྲིང་དང་ད་ལྟའི་གནས་བབས་འདི་ ལ་དམིགས་ནས་བཤད་ན་ཡང་མི་ཆོག་རྒྱུ་མེད་པའི་ཚོར་འདུ་གསོན་པོ་ཞིག་གིས་སྨྱུ་གུ་ དང་ལག་རྡེང་སྦྲེལ། ངས་གླེང་འདོད་པའི་མིས་མི་སྐྱོང་ཚུལ་འདི་ད་ལྟའི་སློབ་གསོའི་ཁ་ཕྱོགས་དང་གནས་ ཚུལ་དངོས་ཟུང་འབྲེལ་བྱས་ནས་བདེན་པ་བདེན་ཐོག་ཡིན་པ་ལས། མེད་པ་སྒྲོ་འདོགས་ཀྱི་རྣམ་པ་དབེན་པའི་རང་སེམས་དམར་པོའི་ལྷུག་བརྗོད་ཅིག་ཡིན་པ་ཤེས་བར་མཛོད།
གླེང་གཞི་འདི་རིགས་གསུམ་དུ་དབྱེ་ན་གཤམ་གསལ་ལྟར།
དང་པོ། དབྱུག་པས་འཇིགས་སྐུལ།
དབྱུག་པའི་འཇིགས་སྐུལ་གྱིས་མི་སྐྱོང་ཚུལ་འདི་ལ་བདག་གིས་བསམ་བློ་མང་པོ་བཏང་ མྱོང་། དེ་ནི་མིས་སྤོབས་པ་དང་སྙིང་སྟོབས་ཉམས་རྒུད་དུ་གཏོང་བའི་གཉེན་པོ་ཞིག་ལས་མི་ སེམས་ནང་ལ་འགུག་པའི་བདུད་བརྩིའི་སྨན་དུ་འགྱུར་མི་དཔེ་སྙམ། དཔེར་ན། རྐུ་བྱེད་པའི་སློབ་མ་ཞིག་ལ་མཚོན་ན་སེམས་ངོས་མ་ཟིན་པའི་ངན་གཤིས་ཀྱིས་གཞན་ལ་ བརྐུ་བྱས་པའི་ཉེས་བ་དགེ་ཡིས་རྡུང་རྡེག་གི་ཆད་པ་ལྗིད་མོ་བཅད་ནས་བཏང་ཟིན། བྱིས་པས་དགེ་ཡོད་དུས་བརྐུ་བྱེད་མི་ཉན་པ་དང་དགེ་མེད་དུས་སྔར་བཞིན་རྐུ་བྱེད་ འདོད་ཀྱི་འདུན་པ་སྐྱེས་སྲིད་པའི་དཔེ་དེ་ཡིས་ང་ཚོར་གནས་ལུགས་ཤིག་བསྟན་འདུག་ སྟེ། བྱིས་པས་རྐུ་བྱེད་པའི་ཉེས་བ་མ་རྟོགས་པར་དགེ་ཡི་རྡུང་རྡེག་ཁོ་ན་སེམས་སུ་ཉེར་ ཡོད་པས་སོ། དེ་ནི་ང་ཚོས་བསམ་བློ་འགུག་བྱེད་ཀྱི་སྐད་ཆ་མ་སྤྱད་པར་ཉྭ་འདར་བྱེད་ཀྱི་དབྱུག་ པ་སྤྱད་པའི་གྲུབ་འབྲས་རེད། དེ་བས་དབྱུག་པས་འཇིགས་སྐུལ་བ་ལས་འཇམ་པོའི་ལྷག་བསམ་གྱི་སྐད་ཆ་སྤྱད་ན་མི་ཆོག་ གམ།
གཉིས་པ། ཟུར་ཟའི་ཚིག་མདའ།
ང་ཚོ་ནི་སྨྱུ་གུ་འཛིན་མཁན་གྱི་ཤེས་ལྡན་པའི་སྡེ་ཡིན། འོ་ན་ཤེས་ལྡན་པའི་སྡེ་འདི་ནས་ཟུར་ཟ་བྱེད་པའི་སྐྱུག་བྲོ་བའི་རང་བཞིན་འདི་ཇེ་ ཉུང་དུ་བཏང་ན་མི་ལེགས་སམ། སློབ་མར་ཟུར་ཟ་མང་པོ་ཞིག་བྱས་ནས་རང་ཉིད་མཁས་པ་ཞིག་ཏུ་འདོད་ཡོད་མོད། ཟུར་ཟ་དེས་མི་སེམས་ལ་རྨ་ཁ་ཅི་ཙམ་བཟོས་ཡོད་པར་བསམ་བློ་བཏང་ཨེ་མྱོང་། ངས་བསམ་ན་ཟུར་ཟ་བྱེད་པར་མཁས་པ་ལས་སློབ་ཁྲིད་ལེགས་པོ་ཞིག་འཁྱོངས་ཐུབ་པ་བྱེད་ རྒྱུ་ནི་ཧ་ཅང་གལ་ཆེན་རེད་འདོད། ད་དུང་ཅིག་བཤད་ན་ཁྱེད་ལ་ཟུར་ཟ་བྱེད་པའི་ཁ་ལྕེ་རྣོན་པོ་ཞིག་ཡོད་རུང་དེ་སློབ་ མའི་སྨན་དུ་གྱུར་ཡོད་དམ་དགེ་སློབ་འབྲེལ་བ་གཅོད་བྱེད་ཀྱི་དུག་ཏུ་གྱུར་ཡོད། དོན་གྱིས་དཔྱད་ན་ཟུར་ཟ་ནི་མི་གཞི་དམའ་འབེབས་དང་མི་གཞི་ལ་བརྩི་འཇོག་མ་བྱས་ པའི་བྱ་སྤྱོད་ཅིག་ཏེ་དབྱུག་པ་ལས་ཐུ་བ་ཞིག་རེད་སྙམ།
གསུམ་པ། ཕྱོགས་ལྷུང་གི་འོད་ནག
རྒྱུ་ཡི་བསླུ་བྲིད་འོག་ཏུ་ང་ཚོའི་ཡོད་ཚད་ཟད་གྱིན་ཡོད་ལ་འབོར་གྱིན་ཡང་ཡོད། རྒྱུ་ཡིས་མི་སྐྱོང་ཚུལ་འདི་ལ་ཡང་ཤུགས་རྐྱེན་ངན་པ་ཞིག་ཐེབས་དང་ཐེབས་བཞིན་ འདུག གལ་ཏེ་ཁྱེད་ལ་སློབ་གསོ་བྱེད་པའི་བློ་མིག་དང་སློབ་མ་སྐྱོང་བའི་ཐབས་ཤེས་ཡོད་ པའི་ང་རྒྱལ་ཡོད་ན། ཁྱོད་རང་རྒྱུ་ལ་རྔམ་དྲགས་པའི་མི་སྐྱོང་ཚུལ་འདི་ལ་ངས་ཐད་ཀར་ངོ་རྒོལ་བྱེད་ སྲིད། རྒྱུ་མཚན་རྒྱུ་ནོམ་གྱི་བསླུ་བྲིད་འོག་ནས་ཁྱེད་ཀྱི་ཁྱིམ་བདག་ག་ཚོད་ཀྱི་མར་ ལོ་ཁུག་མའི་ནང་དུ་བཅུག་ཏེ་སློབ་མ་ཚོའི་མདུན་ནས་རྒྱུ་འབྲས་རྫུན་མ་ཞིག་གི་ བློ་མིག་ཕྱེ་སྟེ་ཡར་སྐུལ་གྱི་བྱ་དགའ་སྣ་ཚོགས་ཇི་ལྟར་སྟེར་གྱིན་ཡོད། ད་དུང་གདོང་གི་སྐྱི་མོའི་ཡག་བཙོག་ལས་ཁྱེད་ཀྱི་སྐྱུག་བྲོ་བའི་བྱ་སྤྱོད་དེ་ དག་ངོ་མ་སྐྱུག་བྲོ་བ་ཞིག་ཡིན་པ་ངས་གཞི་ནས་རྟོགས། རྒྱུ་དང་ལང་ཚོ་ལ་བརྟེན་ནས་མི་སྐྱོང་ཚུལ་འདིས་མ་གཞི་མི་ལ་བཞག་པའི་བག་ཆགས་ རུལ་བོ་ཞིག་ཡིན་པས། དེ་ལ་ཙན་དན་ལྟ་བུའི་དྲི་ཞིམ་གསར་བ་ཞིག་གློ་བུར་དུ་ཡོད་དགོས་ཟེར་ན་དཀའ་ སྙམ། དེ་བས་ཕྱོགས་ལྷུང་གི་འོད་ནག་མེད་པར་བཟོས་ནས་རྒྱུ་འབྲས་དྲང་བདེན་གྱིས་ མི་གཞི་བསྐྱངས་ན་མི་ལེགས་སམ།
མི་རིགས་ཤིག་གི་ཉམས་རྒུད་ནི་འདི་རེད་ཞེས་རྡོག་རྡོག་ཞིག་སྟོན་རྒྱུ་མེད་པར་ རང་རང་གི་ལས་གནས་དང་ཁོར་ཡུག་ཁྲོད་འདང་གི་མེད་ས་དང་ཤོར་ཟིན་པ། མི་འདང་ས་ཁས་མི་ལེན་པ་དང་ཤོར་ཟིན་པར་འགྱོད་པ་མེད་པ་འདི་ཡིན་པར་འདོད།
སྤྱིར་ན་དེ་ལྟར་རེད་ཅེས་ཁས་ལེན་ཆོག འོན་ཀྱང་གོ་བ་མེད་པའི་གླང་རྒན་ལ་རྒྱལ་པོའི་བཀའ་ལས་དབྱུག་པ་བཙན་པའི་གཏམ་དཔེ་དེ་ཡང་བེད་སྤྱོད་གཏོང་ས་མེད་པ་ཞིག་མིན་པ་དང། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་པའི་སྐྱོན་མཚང་ཐེར་འདོན་དང་དགོས་དབང་གི་ཟུར་ཟའི་སྒྱུ་རྩོམ་རིགས་ནི་ངེས་པར་ཡོད་འོས་པ་ཞིག་གོ ཆུང་ས་བྱིས་པ་ལ་རྔན་པ་དང་རྒད་པོ་ལ་ལག་རྟགས་ཚུན་ཆད་ནས་གཟེངས་བསྟོད་བྱ་དགའ་སོགས་ནི་རྒྱུ་དངོས་ཀྱི་སྐུལ་འདེད་རིགས་ཤིག་ཡིན་པས། འདི་དག་ཀྱང་མེད་པར་བཟོ་མི་རུང།
ཐབས་ལ་མི་མཁས་པའི་གཅར་རྡུང་དང་སྐྱོན་བརྗོད། རྒྱུ་རྔན་རིགས་ནི་ངེས་པར་སྤང་བར་བྱ་བར་རིགས་སོ།
“མི་རིགས་ཤིག་གི་ཉམས་རྒུད་ནི་འདི་རེད་ཞེས་རྡོག་རྡོག་ཞིག་སྟོན་རྒྱུ་མེད་པར་ རང་རང་གི་ལས་གནས་དང་ཁོར་ཡུག་ཁྲོད་འདང་གི་མེད་ས་དང་ཤོར་ཟིན་པ། མི་འདང་ས་ཁས་མི་ལེན་པ་དང་ཤོར་ཟིན་པར་འགྱོད་པ་མེད་པ་འདི་ཡིན་པར་འདོད།”ཅེས་པ་ནི་དེ་དེ་བཞིན་ལགས་སོ།
བེད་སྤྱོད་ཅེས་པ་དེ་བྱེད་སྤྱོད་ཅེས་པ་ཟུར་ཆག་པ་ཡིན་ཞེས་ལ་དྭགས་མཁས་པ་བཀྲ་ཤིས་རབ་རྒྱས་ཀྱིས་གསུངས་པ་དེ་བདེན་པར་མངོན་ཏེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར། རྒྱལ་བ་སྐུ་འཕྲེང་བརྒྱད་པས་བརྩམས་པའི་ཤོག་གྲངས་༢༨༣པའི་ཡིག་འཕྲེང་༣པ་ན་བྱེད་སྤྱོད་ཅེས་བྲིས་སོ།།