ཀླུ་སྨྱོན་ཧེ་རུ་ཀ
ཨ་རིར་འབྱོར་ནས་ལོ་མང་སོང་བ་དང་། །
ཕན་མི་ཐོགས་པའི་ངོ་ཤེས་འགའ་ཡང་ཡོད། །
ད་ནི་སྒྲོ་ལོར་ལྗང་ཁུ་གསོག་དུས་འདིར། །
སོས་དལ་སྐྱིད་ཉལ་བྱེད་མཁན་ཁོ་བོ་ཙམ། །
སྐྱེ་བོ་འདོད་ལྡན་ངན་པ་ཁ་ཅིག་ནི། །
ཉི་མ་ཉིན་གང་ལས་ཀྱིས་ཡོངས་དུབ་ཅིང་། །
ཕྱི་དྲོར་ནང་དུ་ལོག་ནས་ཆད་པའི་ལུས། །
རོ་དང་འདྲ་བར་ཉལ་བར་བྱེད་ཅེས་གསུངས། །*
ཡིན་ཡང་སྒྲོ་ལོར་ལྗང་ཁུ་མི་འཚོལ་བར། །
དབྱར་དགུན་སྟོན་དཔྱིད་ཉི་མ་དྲོ་བའི་དུས། །
མིག་ཤེལ་ནག་པོ་ཞིག་གི་འོག་ཡིབ་སྟེ། །
སྙན་ངག་རྒུན་ཆང་དམར་པོའི་རོ་ཡིས་བཟི། །
བྲེལ་འཚབ་ཆེ་བའི་ཨ་མེ་རི་ཁ་འདིར། །
དབུལ་ཕྱུག་ཁྱད་མེད་ལས་ཀའི་བྲེལ་འཚབ་ཀྱིས། །
མི་ཚེ་ཁྱུག་ཙམ་རྫོགས་པའི་སྣང་ཚུལ་འདིར། །
སྤྲང་པོ་བདག་ནི་དགོད་ཙམ་ངུ་ཙམ་བྱེད། །
དགའ་སྐྱོ་ཆགས་སྡང་མེ་བཞིན་འབར་བ་ཡི། །
འཇིག་རྟེན་འདི་རུ་བག་ཡངས་འཚོ་བ་ནི། །
བཀྲེས་སྐོམ་ཅན་གྱི་ཡི་དྭགས་འཇིག་རྟེན་དུ། །
རྒྱས་བཟའ་རྒྱས་འཐུང་བྱེད་དང་ཡང་དག་མཚུངས། །
སྐབས་རེར་སྒྲོ་ལོར་ལྗང་ཁུའི་ཆར་བ་འབབ། །
ལན་རེར་ཉིན་རེར་ཟ་མ་ཐེངས་གཅིག་ཙམ། །
ཡིན་ཡང་སྙིང་གི་བུ་ཆུང་སྙིང་རྗེ་ཅན། །
འོད་གསལ་ཉི་མའི་ཕང་བར་གཉིད་དུ་ཡུར། །
བཟའ་ཚང་གསོ་རྒྱུ་མེད་པས་རླུང་རྟ་བརྒྱུགས། །
ཚེ་གྲོགས་རྗེས་འདེད་མེད་པས་བསོད་བདེ་འཕེལ། །
གུ་ཡངས་ཡན་པ་བློ་བདེ་སྨྱོན་པ་ཞིག །
ད་ལྟ་ཨ་མེ་རི་ཁར་མཆིས་སོ་ལོ། །
སྨྱུག་རྩེ་ལྷ་ཡིས་ཁ་ལོ་བསྒྱུར་མིན་ཡང་། །
མཚོ་བྱུང་པི་ཝང་བརྐུས་པ་ལན་གཅིག་མིན། །
འཚོ་བའི་ཟློས་གར་ཆེན་པོའི་ལྡིང་ཆ་རུ། །
ཚེ་ལོ་ལྔ་བཅུའི་འཁྲབ་ཚན་རྫོགས་པར་ཉེ། །
རི་བོ་སྒང་དྲུག་ལྗོངས་སུ་མ་བསླེབས་པར། །
རུས་རྐང་ཨ་རིར་འཐོར་ན་མི་འདོད་ཀྱང་། །
ལས་ཀྱི་འཆི་བདག་གང་དུ་འབྱོར་བ་དེར། །
ཚེ་མཇུག་དབུགས་ཀྱི་ཐ་མ་ལོས་ཀྱང་རྔུབ། །
ཁོ་བོ་སྨྱོན་པའི་མི་ཚེ་རྫོགས་རེ་རན། །
གྲོགས་དག་ད་ནི་སྒྱུ་མའི་འཇིག་རྟེན་འདིར། །
ལན་གཅིག་ཕན་ཚུན་ངོ་ཤེས་གྱུར་པ་དེ། །
མ་རྗེད་སྙིང་གི་རྡོ་རིང་ངོས་སུ་རྐོས། །
*སྤྱོད་འཇུག་ལས།
ཀླད་ཀྱི་པར་དེའི་པར་མཁན་ཀླུ་སྨྱོན་ཡིན།
ཀླུ་སྨྱོན་ལགས་ཀྱི་སྙན་པོ་ཞེ་དྲགས་བྲིས་འདུག་བ། ད་དུང་མུ་མཐུད་དེ་འབྲི་རོགས་ཞུ།
ཨ་རོ།
བཟའ་ཚང་གསོ་རྒྱུ་མེད་པས་རླུང་རྟ་བརྒྱུགས། །
ཚེ་གྲོགས་རྗེས་འདེད་མེད་པས་བསོད་བདེ་འཕེལ། །
གུ་ཡངས་ཡན་པ་བློ་བདེ་སྨྱོན་པ་ཞིག ཟེར་མོད་་་་་་
བརྩེ་གདུང་གིས་མནར་ནས་གོམ་བགྲོད་ཆེན་པོ་ཞིག་གནང་རྩིས་བྱས་པ་མིན་ནམ། དེ་བས་བསོད་བདེ་དང་བློ་བདེ་རང་ད་ཨེ་ཡིན་ནམ།
བརྩེ་བས་གདུང་བའི་ཉལ་སར་ལྷུང་བ་ཞིག
ཅེས་ཁ་སྣོན་བྱས་ན་མི་བཟང་ངམ།
ཧཧཧ
hahaha
དགོངས་དག གོང་གི་ཧཧཧ་མང་པོ་བྲིས་པ་དེ་དག་མཆན་འགོད་ཐུབ་མིན་ཚོད་ལྟ་བྱས་པ་ཡིན།
རྗེས་འདེད་མེད་པའི་འཚོ་བ་དང་། ཕྱུགས་བདག་མིན་པའི་འཚོ་བ། སྙན་ངག་འབྲི་བའི་འཚོ་བ་འདི་དག་གི་སྔ་གཞུག་དེ་ན་སྐུ་ཉིད་བདེ་ཐང་ངང་བཞུགས་ནས་ཡོད་པ་དགའ་ནི་ཞིག་རེད། ལས་ཀྱི་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན་ཟེར་བའི་ཚིག་བཅད་དེ་ལ་ཉིད་ནས་རྟོགས་པ་སད་ཡོད་ངེས་རེད་འདུག
ཀླུ་སྨྱོན་འདི་རྩོམ་མ་ཟད་པར་རྒྱག་ཡག་ཀྱང་མཁས་པ་ཡིན་ས་རེད། ཀླད་ཀྱི་པར་དེ་ཞེ་བོ་རྒྱབ་ཤག ལྟད་མོ་འདུག་ད།
ཟས་སུ་སྙན་ངག་སྐོམ་དུ་སྙན་ངག་འཐུང་།།
གོས་སུ་སྙན་ངག་ལྷམ་སོགས་སྙན་ངག་གྱོན།།
དགའ་རོགས་སྙན་ངག་གཏན་གྲོགས་སྙན་ངག་དང་།།
མི་ཚེའི་རྫོགས་ཚིག་སྙན་ངག་ལྷན་དུ་དགོད།།
ཉིན་ལ་འགྲོ་རོགས་ཀྱང་ནི་སྙན་ངག་དང་།།
མཚན་ལ་ཉལ་གྲོགས་དེ་ཡང་སྙན་ངག་གོ།
མི་ཚེ་སྙན་ངག་ལྷན་དུ་འཚོ་བཞིན་པའི།།
སྙན་ངག་རྒད་པོ་ཨ་ཁུ་ཀླུ་སྨྱོན་ལགས།།
ཀླ་ུ༡ཡི་དབང་པོ་བྱོན་ནས་བརྟན་བཞུགས་མཛོད།།
སྨྱོན་༢པའི་རྒྱལ་པོ་འཕུར་ནས་སྲོག་རྩ་ཟུངས།།
ཧེ་༣མ་ལ་ཡ་བཞེངས་ནས་ཐུགས་གསོ་གནོངས།།
རུ་༤མཛེས་མཁའ་འགྲོའི་ཚོགས་ཀྱིས་གསང་གསུམ་འཁྱུད།།
ཀ་༥ལི་དྲོན་མོར་ཡུན་གནས་སྨོན་ལམ་འཐོབས།།
ཡེ་༦ནས་དཀར་བའི་ཀུན་སློང་གཙང་བའི་ཁར།།
ཤེས་༧བྱའི་ཁྱོན་ལ་འཇུག་པ་ཤིན་ཏུ་ཡངས།།
རྒྱ་༨ཆེན་ཕ་མཐའ་བྲལ་བའི་ཡི་དྺགས་གྲོང་།།
མཚོ་༩མོར་ངང་མོ་རྩེན་དེར་ཞབས་བརྟན་ཤོག།།