སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་ཡིག་ལ་གཟིགས་ན་འདི་རུ་བསྣུན།
རྒྱ་ནག་མཁས་ཅན་མི་སྣ་གསུམ་གྱིས་རྒྱ་ནག་གི་ད་ལྟའི་མི་རིགས་སྲིད་ཇུས་ཐད་བགྲོ་གླེང་བྱས་པ་དང་། མཁས་ཅན་ལ་ལའི་ལྟ་ཚུལ་ལ། ང་ཚོའི་མི་རིགས་སྲིད་ཇུས་ཀྱི་དམིགས་ཡུལ་ནི་ནུབ་བྱང་དང་བྱང་ལྷོ་ས་གནས་དེ་དག་མཚོ་རྒྱུད་དང་ཤར་ཕྱོགས་ས་གནས་དང་གཅིག་མཚུངས་བྱེད་རྒྱུ་དེ་རེད། དེ་ཡང་ཚན་རིག་གི་གཏན་ཚིག་ལ་ངེས་ཤེས་ཟབ་ཡོད་ཐོག། ད་གཟོད་རྒྱ་ནག་གི་མི་རིགས་སྲིད་ཇུས་དང་གྲུབ་མཐའ་ལ་ཕྱི་འདང་རྒྱག་ཐུབ་ཀྱི་ཡོད་ཅེས་བཤད་ཡོད། རྒྱ་ནག་དམག་ཕྱོགས་གསར་ལམ་(མི་དམངས་ཉིན་རེའི་ཚགས་ཤོག)གི་དར་ཆ་འོག་(རྒྱལ་ཁམས་དུས་བབ)འདོན་ཐེངས་༢༡་སྟེང་(མཁས་ཅན་གསུམ་གྱིས་རྒྱ་ནག་གི་མི་རིགས་སྲིད་ཇུས་ཇེ་ལེགས་སུ་གཏོང་ཐུབ)ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པར་གཤམས་གསལ།
མི་རིགས་སྲིད་ཇུས་ལ་ལྟ་སྟངས་ཇི་ལྟར་འཛིན་ཚུལ།
ཧྲེན་ཙི་ཕིན(ཤིན་ཅད་སློབ་གྲྭ་ཆེན་མོ། “གནམ་རིའི་སློབ་གཉེར་བ”གྱི་མཚན་གནས་སློབ་དཔོན)ཁོང་གིས་བརྗོད་ཚུལ་ལ། མི་རིགས་སྲིད་ཇུས་ཞེས་པ་འདི་ནི་ཚོར་བ་རྐྱེན་པོ་སྤྲོད་ཐུབ་པ་དང་ཆེས་དོན་སྙིང་ལྡན་པའི་གནད་དོན་ཞིག་ཡིན་ལ། དེ་ཡང་ང་ཚོའི་མི་རིགས་སྲིད་ཇུས་འདི་ནི་མི་རིགས་འདྲ་མཉམ་གྱི་རྨང་གཞིའི་ཐོག་སྲ་བརྟན་བཙུགས་པ་ཞིག་ཡིན་དུས། ད་བར་གྲངས་ཉུང་མི་རིགས་ལ་གཟིགས་སྐྱོང་དང་ལྟ་རྟོག་གཙོ་གཉེར་གྱིས་ལག་བསྟར་བྱས་པའི་སྲིད་ཇུས་དེ་ཡིན། གནས་དོན་འདིའི་ཐད་ད་ཆར་གླེང་སློང་འདྲ་མིན་ཡོད་ནའང་། ངས་བསམ་པར། སྔོན་དུས། མ་མཐའ་ཡང་བཅིངས་གྲོལ་བཏང་རྗེས་ཀྱི་དུས་ཡུན་རིང་པོའི་ནང་། སྒྲིག་སྲོལ་འཆར་འགོད་འདི་ནི་ངེས་ཅན་ཏུ་སྣང་། མ་ཚད་ཕན་ཡོན་ཡང་ཆེན་པོ་བྱུང་ཡོད། གལ་སྲིད་སྒྲིག་སྲོལ་འཆར་འགོད་འདི་ཉིད་མེད་སོང་ན། སྐབས་དེ་དུས་རིག་གནས་ཆུ་ཚད་ཆེས་ཞན་པའི་མི་རིགས་དེ་དག་ལ་དམའ་རིམ་གྱི་ཡར་རྒྱས་ཤིག་ཀྱང་ཡོང་ཐུབ་རྒྱུ་ཁག་པོ་རེད། སྲིད་ཇུས་འདི་ཉིད་ལོ་ངོ་༦༠་རིང་ལག་བསྟར་བྱས་པ་དང་། ད་ཆར་དུས་རབས་མི་འདྲ་པ་དང་། ཤེས་ལྡན་མང་པོ་ཚུད་པའི་མི་དམངས་དུ་མས་སྲིད་ཇུས་འདི་ཉིད་མུ་མཐུད་རྒྱུན་འཁྱོངས་ལག་སྟར་དགོས་ཚུལ་སེམས་པ་མ་ཟད། ད་དུང་སྲིད་ཇུས་འདི་ནི་འཛམ་གླིང་ཐོག་ཆེས་གྲུབ་འབྲས་ཐོན་ཤོས་དང་སྔོན་ཐོན་ཆེ་ཤོས་ཤིག་ཏུ་རྩིས་བཞིན་ཡོད་མོད། ང་རང་གི་བསམ་ཚུལ་ལ་ད་དུང་དེ་ལས་ལྷག་པའི་ནུས་པ་ཐོན་པ་ཞིག་ཡོད་སྙམ།
མ་ཀོ (པེ་ཅིང་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་མིའི་རིགས་རིག་གནས་ཞིབ་འཇུག་སློབ་དཔོན་ཆེན་མོ་བ) ཁོང་གིས། བཅིངས་འགྲོལ་བཏང་རྗེས། རང་རྒྱལ་གྱི་ས་ཕྱོགས་ཡོངས་ནས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ལ་ལད་ཟློས་བྱས་པ་དང་། མི་རིགས་ཀྱི་གནད་དོན་ཐད་ལའང་ལད་ཟློས་གཅིག་མཚུངས་བྱས་པ་རེད། མི་རིགས་གནད་དོན་དེ་ཉིད་ཆབ་སྲིད་རང་བཞིན་དང་སྒྲིག་འཛུགས་རང་བཞིན་དུ་འཛིན་པ་དང་། དང་པོ། དུས་རབས་༢༠པའི་ལོ་རབས་༥༠ཡར་སྟོད་དུ་སྲིད་གཞུང་ནས་”མི་རིགས་ཆེ་མཐོང་ངོས་འཛིན་”་སྒྲིག་འཛུགས་ལས་དོན་ཐད་ཤུགས་ནུས་བརྒྱབ་པ་དང་། སྔ་ཕྱིར་གྲངས་ཉུང་མི་རིགས་༥༥་ངོས་འཛིན་བྱས་པ་རེད་ལ། མི་རིགས་༡༠་ལ་ཡི་གེ་གསར་བཟོ་བྱས་པ་རེད། དོན་དངོས་ཐོག་མི་རིགས་དེ་ཚོ་དང་གཙོ་སྣེ་མི་རིགས་བར་དབྱེ་འབྱེད་རང་བཞིན་དེ་ཉིད་གོང་མཐོར་བཏང་པ་རེད། གཉིས་པ། གྲངས་ཉུང་མི་རིགས་ཡོངས་ལ་”མངའ་ཁོངས་རང་སྐྱོང་”ལམ་ལུགས་ལག་བསྟར་བྱས་པ་རེད། གསུམ་པ། ཆབ་སྲིད། དཔལ་འབྱོར། སློབ་གསོ།་རིག་གནས་སོགས་ཀྱི་ཐད་གྲངས་ཉུང་མི་རིགས་ཀྱི་ངོ་བོ་ངོས་འཛིན་གྱིས་མངོན་མཐོའི་སྲིད་ཇུས་སྤེལ་པ་རེད། སྐབས་དུས་སུ་མི་རིགས་སྲིད་དབང་བདག་སྐྱོང་དགོས་་པ་དཔེར་ན་(བོད་རིགས)སོགས་ལ། གནད་དོན་དང་སྲིད་ཇུས་འདི་དག་ཕན་འབྲས་ལྡན་པ་དང་། མེས་རྒྱལ་ཆིག་སྒྲིལ་ཐོག་ཕན་རླབས་ལྡན་པ་རེད། ཡིན་ན་ཡང་དུས་མཚུངས་སུ། མ་གཞི་ནས་ཆབ་སྲིད་ཀྱི་ཁ་དོག་དབེན་བའི་མི་རིགས་ཁ་ཤས་”ཆབ་སྲིད་རང་བཞིན”ལྡན་པ་བཟོས་ཡོད།
ཝུ་ཚུགས་ཁི (ཀྲུང་དབྱངས་མི་རིགས་སློབ་གྲྭའི་སློབ་དཔོན) ཁོང་གིས། སྤྱི་བཏང་ནས་ཨུ་རུ་སུས་བྱེད་སྟངས་དེ་ཉིད་ཡོངས་སུ་རྒྱ་ནག་གི་གནས་བབས་དང་མི་མཐུན་ལ། རང་རྒྱལ་གྱི་མི་རིགས་ཁ་ཤས་ཀྱི་སྲིད་ཇུས་དེ་ཉིད་སྲིད་གཞུང་དང་རྒྱ་ཡན་དུ་འཕྱན་པ་དང་། དང་པོར་མི་རིགས་ཀྱི་ངོ་བོ་དང་ཆེ་མཐོང་དེ་ཉིད་”མཁྲེགས་སྡོམ་” གྱི་བྱེད་སྲོལ་དང་། གཉིས་པ། མི་རིགས་གནད་དོན་དང་ཆབ་སྲིད་གནད་དོན་གཉིས་ལ་མཚུངས་རྟགས་བཀོད་དེ་རང་འཛིན་བྱས་པ་དང་། གསུམ་པ། མི་རིགས་རིག་གནས་གྱི་ཁྱད་ཆོས་དེ་ཉིད་མི་རིགས་རང་བཞིན་དུ་བརྩིས་པ་དང་། མི་རིགས་རིག་གནས་ཀྱི”དཔལ་འབྱོར་རང་བཞིན་”མ་ཟད། “ཚོང་ལས་རང་བཞིན”་དེ་དག་མི་རིགས་ཀྱི་མཚོན་རྟགས་འཛིན་པར། རྒྱ་རིགས་དང་ཐ་དད་ཀྱི་ངོ་བོ་གོང་མཐོར་འདེགས་པ་རེད། འདི་ནི་མི་རིགས་འདྲ་མཉམ་ལ་གྱོང་གནོད་ཕོག་པའི་གནད་དོན་གཙོ་བོ་རེད། གྲངས་ཉུང་མི་རིགས་ཚང་མས་རང་ནུས་ཀྱི་མི་རིགས་སྲ་བརྟན་དང་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་རིག་གནས་རྒྱུན་བསྲིངས་བདག་སྐྱོང་བྱས་པའི་སྐབས། གནད་དོན་འདིའི་རིགས་ཀྱིས་ལྷག་པར་ཏུ་ཟུར་གྲས་ཀྱི་རྒྱུ་རྐྱེན་བསྐྲུན་ཡོང་པ་རེད་།
“མི་རིགས་རང་ཐག་རང་གཅོད”གྲུབ་མཐའ་འདི་བསྒྱུར་བཅོས་དགོས་པ།
ཕན་ཙི་ཕིང་གིས། གྲངས་ཉུང་མི་རིགས་ལ་ཁྱད་མཐོང་གཟིགས་སྐྱོང་སྲིད་ཇུས་ཀྱི་གཙོ་གནད་ནི། མི་རིགས་ནང་ཁུལ་དབྱེ་འབྱེད་དང་ཁྱད་གསོད་བྱུང་བའི་མི་དམངས་ལ་རོགས་སྐྱོར་བྱེད་པ་དེ་ཡིན་ལ། ལྷག་པར་སློབ་གསོ་དང་གོ་སྐབས་སོགས་ཀྱི་ཐད་དབྱེ་འབྱེད་དང་ཁྱད་གསོད་ཀྱིས་གནོན་པའི་ཞིང་འབྲོག་མི་སེར་སོགས་ཀྱི་ཆེད་ཡིན་ཞིང་། འོན་ཀྱང་། རང་སྐྱོང་ལྟེ་གནས་ཤིན་ཅང་ཨུ་ལུ་མུ་ཆིར། གྲངས་ཉུང་མི་རིགས་ལས་བྱེད་ཀྱི་བུ་རྒྱུད་ལ་དངོས་ཡོད་ཐོག་དབྱེ་འབྱེད་དང་ཁྱད་གསོད་མེད། དམིགས་འཛིན་ས་གནས་ཁ་ཤས་དཔེ་ན་ཤིན་ཅང་དུ་མཐར་ཁུག་དཀའ་ཚེགས་ཆེ་བའི་ས་ཞིང་ནང་། རྒྱ་ཆ་༩༧་ནི་ས་གནས་མི་རིགས་ཀྱི་ཡིན་པ་དང་། རྒྱ་ཆ་༣་ནི་རྒྱ་རིགས་ཀྱི་ཡིན། མི་གྲངས་༩༧ལ་ཆེ་མཐོང་གཟིགས་སྐྱོང་བྱས་པས་ན། ལྷག་མ་མི་གསུམ་ལ་ཁྱད་གསོད་ཐེབས་པའི་སེམས་ཚོར་འབྱུང་མི་སྲིད་དམ། ང་ཚོས་ཆེ་མཐོང་གཟིགས་སྐྱོང་ཐོག་མི་རིགས་བགོ་ཤགས་ཀྱི་ལྟ་སྟངས་མ་འཛིན་ན་མི་འགྲིག་གམ། དེ་ལས་ལྡོག་ཏེ་མི་རིགས་ས་ཁུལ་ས་གནས་ལ་ཡོངས་ཁྱབ་དང་སྤྱི་མཚུངས་ཀྱི་ལྟ་སྟངས་འཛིན་ན་མི་བཟང་ངམ། མི་རིགས་ངོ་བོ་སྤྱི་མཚུངས་བྱས་ན། ད་གཟོད་དྲང་བདེན་དུ་འགྱུར་ལ། མི་རིགས་རིང་ལུགས་ཀྱི་གུ་དོག་བསམ་བློ་དེ་ཡང་ཇེ་སླ་རུ་གཏོང་ཐུབ།
མ་ཀོ། ཁོང་གིས་། ཤིན་ཅང་༧.༥་དོན་རྐྱེན་རྗེས། རྒྱལ་ནང་གི་གྲུབ་མཐའ་སྨྲ་བ་ནང་ཁ་ཤས་ཀྱིས་”ཀྲུང་ཧྭ་མི་རིགས་” དོར་ཏེ་དེ་ཉིད་མི་རིགས་༥༦གིས་བརྗེ་ཚབ་དགོས་ཚུལ་བཏོན་ཡོད། ཡིན་ནའང་ང་རང་གི་ལྟ་སྟངས་ནི་འདི་དང་ཏག་ཏག་ལྡོག་ཕྱོགས་རེད། ང་ཚོས་ངེས་པར་ཏུ་”ཀྲུང་ཧྭ་མི་རིགས་”འདི་ཉིད་རྒྱུན་སྐྱོང་བྱ་དགོས་པ་དང་། “མི་རིགས་ང་དྲུག”འདི་ཉིད་”མཉམ་མཐུན་མི་རིགས་”སུ་བསྒྱུར་དགོས་ལ། མི་རིགས་རང་བཙན་དང་མི་རིགས་རང་ཐག་རང་གཅོད་གཉིས་ཐ་དད་དུ་འབྱེད་དགོས། དུས་རབས་༢༡ནང་རྒྱ་ནག་གི་ཆེས་ཉེན་ཚབས་ཆེ་པ་དང་དཀའ་ཚེགས་ཆེ་ཤོས་ཀྱི་གནས་དོན་ཞིག་ནི་མི་རིགས་ཁ་འཐོར་འགྲོ་ཉེན་དེ་རེད། མི་རིགས་རང་ཐག་རང་གཅོད་ཀྱི་གྲུབ་མཐའ་ནས་བཤད་ན། མི་རིགས་སུ་ཡིན་ཡང་རང་བཙན་གྱི་ཐོབ་ཐང་ཡོད་མོད། འོན་ཀྱང་ང་ཚོའི་འགྲམ་དུ། ཨུ་རུ་སུ་གྲུ་གཟིངས་ཆེན་པོ་འདི་ཉིད་ཁ་ཐོར་ཏུ་སོང་ཟིན་པ་དང་། མི་རིགས་རང་ཐག་རང་གཅོད་ཀྱི་གྲུབ་མཐའ་ནི་ཁ་ཐོར་འདིའི་གཡའ་རྫས་དེ་རེད། གཡའ་རྫས་འདི་ཉིད་བྱུང་པ་དང་གྲུ་གཟིངས་ཀྱི་ཁྱམས་ཁ་རུ་ཡོད་པའི་མ་ལག་ཚང་མར་ཁྱབ་པ་རེད། མི་ཚོས་བསམ་རྒྱུ་དྲན་རྒྱུ་མེད་པར་གྲུ་གཟིངས་སྤྱིའི་སྲ་བརྟན་རང་བཞིན་དེ་ཉིད་ཇེ་དམན་དུ་བཏང་པ་དང་། གྲུ་གཟིངས་འདི་ཉིད་རྒྱ་མཚོའི་རླུང་རླབས་དང་མུན་ནག་ལ་ཁ་གཏད་མི་ཅོག་པར་བཟོས་ཡོད། དུས་རབས་༢༡་ནང་། ཐོར་བཤིག་ཏུ་སོང་བའི་ཨུ་རུ་སུ་ནི་རྒྱ་ནག་གི་བསླབ་བྱ་ལེན་ཡུལ་ཞིག་ཡིན་པ་རེད།
ཝུ་ཚུགས་ཁི་ཡིས། རྒན་མ་ཀོ་ལགས་ཀྱིས་དཔེ་བཞག་པ་དེ་ཧ་ཅང་བདེན་པའི་སྣང་བརྙན་ཞིག་རེད་ལ། ངེས་པར་ཏུ་”ཀྲུང་ཧྭ་མི་རིགས་”རྒྱུན་སྐྱོངས་བྱེད་དགོས།་མི་རིགས་ང་དྲུག་ནང་ཁ་ཤས་མི་རིགས་མཉམ་མཐུན་གྱི་ལྟ་ཚུལ་དང་མཐུན་ལ། ཁ་ཤས་མི་མཐུན། ཡིན་ནའང་། གནད་དོན་གཙོ་བོ་ནི་ལྟ་ཚུལ་ལ་རེག་ལས་ཀྱི་མེད་ལ། དེ་ནི་གཙོ་བོ་མིས་བཟོས་མི་རིགས་རང་ཐག་རང་གཅོད་ཀྱི་ལོ་རྒྱུས་དེ་ཉིད་མཇུག་སྒྲིལ་མིན་ལ་ཐུག་ཡོད། ནུབ་ཕྱོགས་ཀྱི་”མི་རིགས་རང་ཐག་རང་གཅོད་”དེ་ཉིད་ནི་”མངའ་འབངས་རང་ཐག་རང་གཅོད་” “ཁྱབ་འབངས་སྤྱི་གཅོད་”ཀྱི་ཚབ་མཐུན་དུ་སྒྲིལ་ཆོག་པ་དང་། དེ་ཉིད་ཀྱིས་ཐོར་བཤིག་གི་དཔེ་མཚོན་རང་བཞིན་ནི་ཨུ་རུ་སུ་ཐོར་བཤིག་གི་རྗེས་ལའང་ཉུང་ཉུང་མ་རེད། དེ་འདྲ་སོང་ཙང་། རྒྱལ་ཁབ་ཐོར་བརླག་གི་ཉིན་ཁ་འདི་ནས་འགྲོལ་དགོས་ན། གཙོ་བོའི་ལམ་ཁ་ནི་གཙོ་འཛིན་མི་རིགས་ཆིག་སྒྲིལ་དེ་ཡིན། གནའ་ནས་ད་བར། རྒྱ་ནག་ལ་འཐོར་བཤིག་ཡོང་པ་དེ་དག་ཀྱང་གཙོ་འཛིན་མི་རིགས་འཐོར་ཉེན་གྱི་དུས་རབས་ནང་ཡིན་པ་དང་། དུས་རབས་དེ་ཡང་གནས་སྐབས་ཙམ་རེད། གཙོ་འཛིན་མི་རིགས་ཆིག་སྒྲིལ་བྱེད་པ་ནི་རྒྱ་ནག་ལོ་རྒྱུས་ཀྱི་གཞི་མ་དེ་རེད།
འདྲ་མཉམ་ནི་ཕལ་ཆེར་མི་རིགས་སྲིད་ཇུས་ལེགས་ཤོས་དེ་ཡིན།
ཧྲེན་ཙི་ཕིན་གྱིས། ང་ཚོའི་སྲིད་ཇུས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཀྱི་མི་སེར་དེ་ཉིད་མི་རིགས་ཀྱི་ངོ་བོ་དང་རྒྱང་རིང་གཏོང་པ་དེ་རེད། ཆེ་མཐོང་གཟིགས་སྐྱོང་དེའང་དམིགས་བཀག་དུས་ཡུན་ཞིག་གི་སྲིད་ཇུས་ཡིན་པ་ལས། དེ་ནི་ནམ་ཡང་ཁྲི་ལོ་བརྟན་རྒྱུ་ཁ་པོ་རེད། དེ་ཡང་དུས་མཚམས་ཤིག་གི་དམིགས་བསལ་སྲིད་ཇུས་ཤིག་ནས། མི་རིགས་ཁྱད་གསོད་དང་དབྱེ་འབྱེད་ཀྱི་ལམ་སྲོལ་དེ་ཉིད་ལ་རོགས་འདེགས་བྱས་པ་ཙམ་དང་། ས་གནས་མི་རིགས་ཡོངས་ལ་ཅིག་འགྱུར་གྱི་ཡར་རྒྱས་ཡོང་ཆེད་རེད། འཕེལ་འགྲོས་དེས་ཀྱང་ཆེ་མཐོང་གཟིགས་སྐྱོངས་ཀྱི་ཁྱབ་ཁུངས་དེ་ཉིད་ཇེ་ཆུང་དུ་གཏོང་པ་ལས་ཇེ་ཆེར་གཏོང་ཐུབ་ཀྱིས་མེད། གལ་སྲིད་མཐོ་འབྲིང་རྒྱུ་སྤྲོད་དུ་དཔེ་བྱས་ན། ད་ལྟའི་ཆེ་མཐོང་གཟིགས་སྐྱོང་སྐར་མ་བརྒྱ་ཡིན་ན། དེ་ནས་རིམ་བཞིན་སྐར་མ་བདུན་ཅུ་བརྒྱད་ཅུ་དང་ལྔ་བཅུ་དྲུག་ཅུར་འགྱུར་པ་དང་། དེ་ནས་རིམ་བཞིན་གྲངས་ཉུང་མི་རིགས་སོ་སོརགཟིགས་སྐྱོང་མི་དགོས་པར་རང་མགོ་མ་ཐོན་བར་ཏུ་འགྱུར་སོང་ན། དེ་ནི་དངོས་གནས་ཀྱི་རྒྱལ་ཁ་ཞིག་རེད། ཕྱི་རྒྱལ་ཁག་ལའང་ཆེ་མཐོང་གཟིགས་སྐྱོངས་ཀྱི་ལམ་སྲོལ་ཡོད། ཨ་རིར་མཚོན་ན་སྤྱི་ལོ༡༩༦༡ནས་”རོགས་སྐྱོར་ལས་འགུལ”དེ་ཡང་འདི་ལྟར་སྒྲིག་སྲོལ་ཞིག་ནས་འཆར་འགོད་བྱས་པ་རེད། དེ་ཉིད་ཀྱང་ཁྱད་གསོད་དང་དབྱེ་འབྱེད་ཀྱི་ཕྱུག་བའི་ས་གནས་ལྷོ་ཨ་མེ་རི་ཀ་དང་ལེ་ཏྲིན་ཨ་མེ་རི་ཀའི་ཆེད་དུ་ཡིན་པ་དང་། ང་ཚོ་དང་མི་འདྲ་བ་ནི། མི་རིགས་འདི་ཚོ་ལ་རང་ཤུགས་ཀྱི་ཐོ་འགོད་མ་བྱས་པ་དང་། རང་མོས་ཀྱིས་སྙན་ཞུ་ཕུལ་པ་དེ་རེད། སྙན་ཞུ་བ་རྣམས་ཀྱིས་ངེས་པར་ཏུ་རང་ཉིད་ཁྱད་གསོད་དང་དབྱེ་འབྱེད་བྱེད་ཡུལ་གྱི་ཁོངས་གཏོགས་ཡིན་པར་ངོས་ལན་བྱེད་དགོས། འདི་ནི་ཨ་རིའི་ཆབ་སྲིད་པ་རྣམས་ཀྱི་རྣམ་དཔྱོད་རེད་ལ། ཨ་རི་ལྟ་བུའི་འགྲན་རྩོད་ཆེ་བའི་སྤྱི་ཚོགས་ཁྲོད། རང་ཉིད་ལ་ནུས་པ་ཅུང་ཟད་ཡོད་ན་ནམ་ཡང་རང་ཉིད་ཁྱད་གསོད་དང་དབྱེ་འབྱེད་བྱེད་ཡུལ་ཡིན་པར་ཁས་ལེན་བྱེད་ཀྱི་མེད།
མ་ཀོ་ཡིས། སྤྱི་ལོ་༢༠༠༩་ནང་ཨ་རིའི་ནང་མི་རིགས་ནག་པོ་ནི་མི་འབོར་ཡོངས་ཀྱི་བརྒྱ་ཆ་༡༢ཟིན་གྱིས་ཡོད་པ་དང་། ཧྭ་ཧྥི་མཐོ་སློབ་དུ་མི་རིགས་ནག་པོའི་སློབ་མའི་བསྡུར་ཚད་ནི་བརྒྱ་ཆ་༡༠.༨ཡིན་པ་རེད། འདི་ལྟར་རྩེ་ཕོད་མཐོ་སློབ་ནི་ཨ་རི་རྒྱལ་ཁབ་ཀྱི་ཆེས་འཇོན་ཐང་ལྡན་མཁན་དང་མ་འོངས་དབུ་ཁྲིད་སོགས་གསོ་སྐྱོང་བྱེད་ཡུལ་ཞིག་ཡིན་པས་ན། མི་རིགས་ནག་པོའི་སློབ་མ་དེ་ཚོ་ཡང་མ་འོངས་པར་རྒྱལ་ཁབ་ཀྱི་གལ་ཆེན་ལས་སྣེ་ཁག་ཏུ་འཛུལ་རྒྱུ་ཡོང་པ་རེད། ཁོང་ཚོ་རིམ་བཞིན་འཛམ་གླིང་གི་གར་སྟེགས་ཁག་ཏུ་མངོན་མཐོན་བྱུང་པ་ན། ཨ་རི་རྒྱལ་ཁབ་ཀྱིས་ཁོང་ཚོར་ཆེ་མཐོང་སྤྲད་པ་དེ་ཡང་ངོས་ལེན་ཐུབ་པར་ཡོང་། ཨ་རི་ལ་ཕལ་ཆེར་མི་རིགས་དབྱེ་འབྱེད་ཀྱིས་སློབ་གྲྭ་མེད་པ་དང་། ཡིན་ནའང་ང་ཚོའི་རྒྱལ་ཁབ་ནང་འདི་ལྟར་སློབ་གྲྭ་༡༤་ཙམ་ཡོད། དཔེ་ན་ང་ཚོ་ཤིན་ཅང་མཐོ་སློབ་ཏུ་རང་རིགས་སྐད་ཡིག་དང་རྒྱ་རིགས་སྐད་ཡིག་ཅེས་སྡེ་ཚན་གཉིས་སུ་འབྱེད་ཡོད། སྡེ་ཚན་འདི་གཉིས་ཀྱི་སློབ་མ་དག་སོ་སོའི་སྡེ་ཚན་དུ་སློབ་སྦྱོང་བྱེད་ཀྱི་ཡོད། འདི་ལྟར་ཡུན་རིང་སོང་པར། སློབ་མ་ནང་ཁུལ་མི་རིགས་རིང་ལུགས་ཀྱི་བསམ་བློ་གོང་མཐོར་གཏོང་གི་ཡོད། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་སྐད་ཡིག་དང་ཆེད་ལས་ཐད་ཚད་འཛིན་ཡོད་དུས། ཁོང་ཚོ་སློབ་གྲྭ་ཐོན་རྗེས་ལས་སྣེ་སོགས་སུ་དབྱེ་འབྱེད་ཡོང་གི་ཡོད། དེ་བརྟེན་གནད་དོན་འདི་དག་མི་རིགས་ཀྱི་གནས་དོན་ཞིག་ཏུ་འགྱུར་འགྲོ་གི་ཡོད། ང་ཚོས་གྲངས་ཉུང་མི་རིགས་ནང་གི་ཤེས་འཇོན་མི་སྣ་དེ་ཚོ་པེ་ཅིང་མཐོ་སློབ་དང་ཆིང་ཧྭ་མཐོ་སློབ་སོགས་རྩེ་ཐོན་མཐོ་སློབ་ཁག་ཏུ་སྐྱེད་སྲིང་བྱས་ཏེ་ཁོང་ཚོ་རང་རྒྱལ་གྱི་འཇོན་ཐང་མི་ཚོགས་སུ་ཞུགས་ཐབས་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཆེད་བསྟོད་ངོས་འཛིན་ཐུབ་པ་བྱེད་དགོས། གལ་སྲིད་མ་འོངས་པར་རང་རྒྱལ་ཏུ་སོག་པོ་དང་ཝེ་མི་རིགས། བོད་རིགས་སོགས་སུ་སླེབས་པའི་ཆེས་མཐོ་དཔོན་རིགས་འདྲ་བྱུང་ན། མི་རིགས་གཞན་དག་གི་རང་རྒྱལ་ལ་ཞེན་ཁོག་དང་ངོས་ལེན་ཡོང་པར་བྱེད་ཐུབ།
ཝུ་ཚུགས་ཁི་ཡིས། ཨ་རིར་སློབ་གྲྭ་འགྲིམས་པའི་སློབ་མ་ཞིག་གིས་འདི་ལྟར་བཤད། གལ་སྲིད་རང་རྒྱལ་དབུས་གཞུང་གི་མི་རིགས་མཐོ་སློབ་ཀྱི་སྒྲོམ་གཞིར་བལྟས་ན། ཨ་རིའི་མཐོ་སློབ་ཡོངས་རྫོགས་མི་རིགས་མཐོ་སློབ་རེད་འདུག ང་ཚོའི་མཚོ་འགྲམ་དང་ཤར་ཕྱོགས་ས་གནས་སྤྱི་ཚོགས་ཀྱི་མཉམ་འདུས་ཡར་རྒྱས་ཀྱི་མྱུར་ཚད་དེས། ནུབ་བྱང་དང་ནུབ་ལྷོ་མི་རིགས་རྗེས་ལུས་ས་གནས་ཁག་གི་ཡར་རྒྱས་ལ་ཤུགས་རྐྱེན་ཐེབས་ཀྱི་རེད། ཡིན་ནའང་། ས་གནས་འདི་དག་ནི་མཐའ་མཚམས་སུ་འཁེལ་ཡོད། ས་གནས་འདི་དག་གི་མི་རིགས་ནི་མཐའ་མཚམས་བརྒལ་བའི་མི་རིགས་ཡིན། མི་རིགས་འདི་དག་གི་ཁྱིམ་མཚེས་མི་རིགས་དག་ནི་དེང་སང་ཆེས་ཛ་དྲག་གི་གནས་བབ་འོག་ཡོད་པ་རྐྱང་རྐྱང་རེད། དེར་བརྟེན། ང་ཚོའི་མི་རིགས་སྲིད་ཇུས་ཀྱི་དམིགས་ཡུལ་ནི་ནུབ་བྱང་དང་བྱང་ལྷོ་ས་གནས་དེ་དག་མཚོ་རྒྱུད་དང་ཤར་ཕྱོགས་ས་གནས་དང་གཅིག་མཚུངས་བྱེད་རྒྱུ་དེ་རེད། དེ་ཡང་ཚན་རིག་གི་གཏན་ཚིག་ལ་ངེས་ཤེས་གཟབ་ཡོད་ཐོག། ད་གཟོད་རྒྱ་ནག་གི་མི་རིགས་སྲིད་ཇུས་དང་གྲུབ་མཐའ་ལ་ཕྱི་འདང་རྒྱག་ཐུབ་ཀྱིས་ཡོད།
………………………………………………………………………………………………………
སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་།
ཚེ་རིང་ཤཱཀྱ།
ལོ་རན་ ཧར་ཁྲི་ལིས།
སྡོམ་པ་ཚེ་རིང་དབང་མོ།
བསྟན་འཛིན་བདེ་སྐྱིད་།
དཀའ་ཐུབ་ཚེ་རིང་།
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
བུད་ངྔྷ་སྐྱབས།
བློ་བཟང་གྲགས་པ།
སྐལ་བཟང་ཉི་མ།
སྦྲ་རིགས་ཐོགས་མེད་།
འབྲོང་བུ་ཟླ་བ་ཚེ་རིང་།
རིག་འབྱུང་དོན་གྲུབ་བཀྲ་ཤིས།
www.khabdha.org
khabdha@gmail.com