ཨ་རིག་འགྱུར་མེད།
ཁྱེད་ཚོས་འདྲ་པར་འདིའི་སྟེང་ན་མཆོད་ཀོང་འགའི་ནང་དུ་མར་ཁུ་ཡོད་ཀྱང་སྡོང་རས་མེད་པའི་མཆོད་མེ་ཁག་ཅིག་གཟིགས་ཐུབ་ལ། དེའི་རྒྱུ་རྐྱེན་གཤམ་གྱི་སྒྲུང་དེ་བཀླག་རྗེས་ལེགས་པར་རྟོགས་ཐུབ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར་ང་དང་གྲོགས་པོ་ཞིག་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ལ་བསྐོར་བ་བྱེད་དུ་སོང་། ངེད་གཉིས་ཀྱིས་མཆོད་རྟེན་ཆེན་མོའི་ནང་བསྐོར་ནས་བསྐོར་བ་བྱེད་ཀྱིན་ཡོད་ལ། ར་བའི་ཕྱི་ལོགས་སུ་རྒྱ་གར་ཡུལ་མི་མང་བོས་འཚང་ཁ་ཤིག་ཤིག་གིས་ “མཆོད་མེ་སྤར་རོགས། མཆེད་མེ་སྤར་རོགས།” ཅེས་སྒྲག་དག་ལ་མི་དག་པའི་ངང་འདྲི་གི་འདུག་ལ། རིན་གོང་ཡང་འདྲ་མིན་སྣ་ཚོགས་ཤིག་བཤད་ཡོང་གི་འདུག
ངས་ལྟ་ཕྱོགས་ཤིག་གིས་རྒྱ་གར་གྱི་ཕོ་གསར་ཞིག་གིས་ཤོག་སྒམ་གྱི་ཟུར་ངོས་ལེབ་མོ་གཅིག་གཡུག་ཐེངས་ཤིག་ལ་དམར་ལྷམ་ལྷམ་གྱིས་འབར་གྱིན་པའི་མཆོད་མེ་བདུན་ཅུ་ཡས་མས་ཤིག་ནག་ཚུབ་བེར་གཟིམས་སོང་ལ། གཟིམས་མ་ཐག་ཤོག་སྒམ་ལེབ་མོ་དེ་ཕར་གཡུག་ནས་མཆོད་མེའི་སྡོང་རས་ལེན་མགོ་བརྩམས་སོང་། ངས་ལམ་སང་རྒྱབ་ཁུག་ནས་པར་ཆས་བླངས་ཏེ་པར་འགའ་བླངས་པ་ཡིན་མོད། མཆོད་མེ་གཟིམ་མཁན་གྱིས་གསར་བུ་དེ་ཅོག་ཙེའི་འོག་ཏུ་ཡིབ་སྟེ་པར་ནང་དུ་ཐེབས་ཐུབ་མི་འདུག ལྷག་པར་དུ་མཆོད་མེ་གཟིམ་མཁན་གྱི་གསར་བུ་དེ་མཆོད་མེ་ར་བའི་ཕྱི་ལོག་ཏུ་ཡོད་ལ། ང་དང་གྲོགས་པོ་གཉིས་ནང་རོལ་དུ་ཡོད།
དེ་ནས་གྲྭ་པ་འགས་མཆོད་མེ་ལྔ་བརྒྱ་ཡས་མས་ཤིག་སྤར་གྱིན་འདུག་པས་ངས་པར་དེ་བསྟན་ནས། “ཁྱེད་ཚོས་མཆོད་མེ་སྤར་གི་ཡོད་ན་མཆོད་རྟེན་ར་བའི་ནང་ལོག་ཏུ་གཞུང་གིས་གོ་སྒྲིག་བྱས་པའི་མཆོད་མེ་སྤར་ས་དེར་ཕེབས་རོགས། འདི་ནས་མཆོད་མེ་སྤར་ན་ཁྱེད་རྣམས་སོང་རྗེས་གཟིམ་གི་འདུག པར་འདི་རེད། ད་ལྟ་རང་མེ་གཟིམ་པའི་པར་རེད།” ཅེས་བསྟན་པ་ཡིན། ཉིན་དེའི་ཕྱི་ཉིན་ང་རང་མཆོད་རྟེན་ཕྱི་ལོག་གི་རྒྱ་གར་ཡུལ་མའི་མཆོད་རྟེན་སྤར་ས་དག་ཏུ་བསྐྱོད་དེ་རྒྱུས་ལོན་རོབ་ཙམ་བྱས་པ་ལྟར་ན། ཁོང་ཚོས་མཆོད་མེ་སྤར་སྐབས་མིའི་བཟོ་ལྟར་བལྟས་ཏེ། རིན་གོང་ཡང་འདྲ་མིན་སྣ་ཚོགས་ཤིག་ལེན་གི་འདུག་ལ། གནད་དོན་གཙོ་བོ་མར་ཁུ་བཞུ་བ་དང་སྡོང་རས་བསྒྲིམས་པ། མཆོད་མེ་ལྡུག་སྐབས་སོགས་གཙང་སྦྲ་ཟེར་བ་གཏན་ནས་མེད་ཅིང་། བུ་མོ་ལོ་ཆུང་ཞིག་མཆོད་མེ་སྤར་སའི་ཅོག་ཙེའི་དཀྱིལ་དུ་དཀྱིལ་དཀྲུང་བཅས་ནས་བསྡད་དེ། མཆོད་མེ་དག་མོ་རང་གི་མཐའ་རུ་བསྒྲིགས་འདུག་ལ། ང་དང་གྲོགས་པོ་གཉིས་མཐོང་རྗེས་ “མཆོད་མེ། མཆོད་མེ།” ཟེར་བཞིན་སྡོང་རས་རིང་བོ་ཞིག་ལག་ཏུ་གཏད་ཡོང་།
ད་དུང་གྲོགས་པོ་ཞིག་གིས་ཁོང་གྲོང་གསེབ་ཏུ་བསྐྱོད་སྐབས། ཡུལ་མི་རྣམས་ཀྱིས་སྡོང་རས་སྒྲིམ་སྐབས་མ་མོག་ (སྲིང་བལ་ལམ་འདི་ཕྱོགས་སུ་ཀྲིན་པེ་ཟེར) རྐང་འོག་ཏུ་བཅུག་སྟེ་ལག་པ་གཉིས་ཀྱིས་བསེལ་གྱིན་བསེལ་གྱིན་སྒྲིམ་གི་འདུག་ལ། བལྟས་ཚོད་ལ་རྐང་ལག་བཀྲུས་ཏེ་སྒྲིམ་མཁན་ཞིག་ཕལ་ཆེར་མི་འདུག དེར་བརྟེན་མཆོད་རྟེན་ནང་ལོག་ཏུ་དམིགས་བསལ་གྱིས་བཙུན་མ་ཉི་ཤུ་ལྷག་གོ་སྒྲིག་བྱས་ཏེ་མཆོད་མེ་སྤར་གྱིན་པ་རེད་ཟེར། ཡུལ་མི་རྣམས་ལ་མཚོན་ན་མཆོད་མེ་སྤར་བའི་དགོས་དམིགས་ཅི་ཞིག་ཡིན་པ་དང་། དེ་སྤར་བའི་རྒྱུ་མཚན་ལ་བརྟེན་ནས་དགེ་སྒྲུབ་ཅི་ཞིག་བྱེད་ཀྱི་ཡོད་མེད་རྟོགས་ཀྱི་མེད་སྟབས། འདི་ནའང་སྒོར་མོའི་ཆེད་དུ་ལས་འབྲས་སྣ་ཚོགས་ཤིག་སྣོག་གི་འདུག་མོད། བོད་མི་ཚོས་རང་གཞན་གཉིས་ཀར་སྡིག་པའི་རྒྱུ་གསོག་གི་མི་འཇུག་པའི་ཆེད་དུ། མཆོད་རྟེན་ནང་ལོག་གི་མཆོད་མེ་སྤར་ས་རང་དུ་སོང་སྟེ་མཆོད་མེ་སྤར་རྒྱུ་ནི་དགེ་བ་བསྒྲུབས་པ་དགེ་བ་རང་དུ་འགྲོ་གི་འདུག་པས་གསལ་འདེབས་ཙམ་མོ། །
གསར་བུ་དེ་མཆོད་མེ་ར་བའི་ཕྱི་ལོག་༼ལོགས་སུ༽ཏུ་ཡོད་ལ། ང་དང་གྲོགས་པོ་གཉིས་ནང་རོལ་༼ལོགས་སུ་༽དུ་ཡོད།
ཐུགས་རྗེ་ཆེ། དེ་དེ་བཞིན་ནོ། །
གནས་ཚུལ་དུས་ཐོག་བྲིས་པ་བཀའ་དྲིན་ཆེ། ད་དུང་ཚུལ་མིན་གྱི་བྱ་བ་མང་གི་རེད། འབྲི་རོགས་ཞུ།
གནད་ལ་བབ་པའི་བྱ་འདི་འདྲ་ད་དུང་ཡང་གཟིགས་རོག
ད་དུང་དེ་དང་དེ་འདྲ་བ་མང་བས་ཁྱེད་རང་གིས་པར་མང་ཙམ་རྒྱག་རོགས་ཐུགས་རྗེ་ཆེ།
མཆོད་མེས་སྡིག་པ་ཉོ་བའི་ཕྱི་ནང་ཆོས།།
མཆོད་པར་འགྲོ་འམ་ཡང་ན་ངན་སོང་ཆོས།།
མཆོད་པས་ཆོས་མིན་བསླུ་བའི་མུ་སྟེགས་ཆོས།།
མཆོད་འབུལ་སླ་ཆོས་ཀུན་སློང་མ་དག་ཆོས།།
ཆོས་པས་ཚོང་པ་ངན་སོང་འཁྲིད་བྱེད་ཆོས།།
ཆོས་མིན་ཆོས་པར་བརྫུ་བའི་གཉིས་ཕུང་ཆོས།།
ཆོས་དང་མཐུན་མིན་ཀུན་གྱིས་ལེགས་དཔྱད་དེ།།
ཆོས་ཀྱིས་ཆོས་མིན་འགོག་པ་དམ་པའི་ཆོས།།
ཆོས་བྱེད་མི་སྣས་ཀུན་སློང་བརྟག་ནས་ཆོས།།
ཆོས་བཞིན་སྒྲུབ་ན་རང་གཞན་འདྲེན་པའི་ཆོས།།
ཆོས་ལ་ཁྱད་གསོད་རང་གཞན་བསླུ་བའི་ཆོས།།
ཆོས་སུ་རློམ་ན་དམར་ཆོས་བླང་བྱའི་ཆོས།།
མཆོད་མེས་སྡིག་པ་དག་པ་ངོས་ལེན་དང་ཡིད་ཆེས་གཉིས་ཀ་སྔ་ས་ནས་མེད། དེ་ནི་གོམས་གཤིས་ཀྱི་རིག་གཞུང་རྩིས་ནས་མགྲོན་སྟོན་དང་ཉར་ཚགས་བྱེད་དགོས་པ་འདོད།
མཆོད་མེ་སྦར་བའི་ཉེས་དམིགས་ཆེན་པོ་དྲུག
༡ འབུ་སྲིན་མང་པོ་ཚིག་ནས་ཤི་བ།
༢ སྣུམ་བསྲེགས་དུ་བ་དང་སྣུམ་རིགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བ།
༣ མཁའ་དབུགས་འབགས་བཙོག་བཟོས་ནས་འཕྲོད་རྟེན་ལ་གནོད་པ།
༤ བཟའ་རུང་བའི་སྣུམ་རིགས་མེར་བསྲེགས་ནས་ཐོན་ཁུངས་འཕྲོ་བརླགས་སུ་འགྲོ་བ།
༥ དངུལ་གྱི་འགྲོ་སོང་ཆེ་བས་དཔལ་འབྱོར་ལ་གནོད་པ།
༦ ཡུལ་ཁོར་ཁང་ཁྱིམ་ལ་མེ་མཆེད་པའི་ཉེན་ཁ་ཆེ་བ་བཅས་སོ༎
གོང་གི་ཉེས་དམིགས་ཆེན་པོ་དྲུག་ལ་བསམ་ནས་དད་ལྡན་པ་ཚོས་མཆོད་མེ་བརྒྱ་སྟོང་གི་གྲངས་ཀ་བརྩིས་ནས་སྦར་སྲོལ་དེ་ངེས་པར་དུ་སྤང་བར་འོས་སོ༎
ཐོས་པས་ཡེ་ཤེས་སྒྲོན་མེ་སྤར་བ་དང་། །
ཕྱི་མར་ལམ་སྣ་གསལ་ཕྱིར་དགེ་བའང་མཆིས། །
དེང་དུས་ཀྱི་གློག་དེ་ཚོ་སྤར་ནའང་འབུ་སྲིན་མང་པོ་ཞིག་བསད་ཡོང་གི་འདུག
གློག་ཐབ་དང་མེ་ཤིང་ལས་སོགས་ཀྱིས་ཀྱང་འབུ་སྲིན་མང་པོ་གསོད་ཀྱིན་འདུག
རླངས་པའི་མེ་ཐབ་ཀྱིས་ཀྱང་འཁོར་ཡུག་བཙོག་པ་བཟོས་ཡོང་གི་འདུག
བསམ་བཞིན་བསམ་བཞིན་བསམ་ན་ཐམས་ཅད་སྡིག་པའི་ལས་སྤྱོད་འབའ་ཞིག་རེད་འདུག
འདི་ལས་འདས་པའི་ཕ་རོལ་ཞིག་ན་བསྐྱོད་ཐུབ་ན་དེ་དག་ཐམས་ཅད་ཀྱི་ཉེས་ཚོགས་བསོག་གི་མེད།
ད་གསར་བུ་འདི་དག་གིས་བོད་མི་རིགས་ཀྱི་རིག་གཞུང་དེ་དག་གཅིག་ལ་བསྐྱེལ་ས་རེད།
ཉོན་མོངས་དུག་གསུམ་བསལ་བར་ཤོག །
ཤེས་རབ་སྒྲོན་མེ་སྤར་བར་ཤོག །
ཕྱི་ནང་བར་ཆད་སེལ་བར་ཤོག །
རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག །
དེ་བདེན་པ་རེད། བོད་པ་འདི་ངོ་མ་གློའུ་རེད།