ཚྭ་རུ་མ་ཐབས་མཁས་ཀྱིས། ༼ཨོ་སི་ཁྲུའུ་ལེ་ཡ།༽
ན་མོ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ
ཕ་ཁྱེད་ཀྱི་སྐུ་དང་བདག་གི་ལུས།།
ཕ་ཁྱེད་ཀྱི་གསུང་དང་བདག་གི་ངག།
ཕ་ཁྱེད་ཀྱི་ཐུགས་དང་བདག་གི་ཡིད།།
དོན་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས།།
བདག་བདེ་ལེགས་སུ་འདོད་པ་ཀུན་གྱིས་དད་པ་དང་མོས་གུས་ཀྱིས་རང་ཅག་གངས་ཅན་པ་ཡོངས་ཀྱི་དཔལ་ལྡན་རྩ་བའི་བླ་མ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ྋགོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ལ་བཅོས་མིན་སེམས་ཀྱི་གཏིང་ནས་ཡིད་ཆེས་ཀྱི་དད་པ་སྐད་ཅིག་མ་རེ་སེམས་ལ་འབྱུང་ཕྱིར་སྒོ་ཀུན་ནས་ྋཁོང་དང་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ཡང་ནས་ཡང་དུ་བསམ་ཞིང་དྲན་པར་བྱ་དགོས་པ་ཡིན། དེ་ཡང་རྗེ་ཙོང་ཁ་པས། མཛད་པ་ཀུན་ལས་གསུང་གི་ནི།།མཛད་པ་མཆོག་ཡིན་དེ་ཡང་ནི།།དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།འདི་ལས་སངས་རྒྱས་རྗེས་དྲན་བྱོས།།ཞེས་པ་ལྟར་ང་ཚོས་ྋགོང་ས་མཆོག་ལ་དད་གུས་ངང་གསོལ་བ་འདེབས་བཞིན་ྋཁོང་གི་གསུང་ཆོས་དག་ལ་དོ་གལ་ཆེན་པོ་མི་བྱེད་པ་ནི་ང་ཚོ་བོད་པའི་ཆེས་ཞན་ཆ་ཆེ་ཤོས་ཤིག་རེད།
འཛམ་གླིང་རྒྱལ་ཁམས་ཡོངས་ཀྱི་མི་མང་འབུམ་ཕྲག་མང་པོས་ྋགོང་ས་མཆོག་དང་ཁོང་གི་ཀུན་ཁྱབ་ཐུགས་འཁུར་ལས་འཕྲོས་པའི་ཟབ་རྒྱས་གསུང་གི་འོད་ཟེར་ཉག་མ་རེ་རེས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས་ཐག་ཉེ་རིང་དང་ཕྱོགས་བཅུ་དུས་གསུམ་ཀུན་དུ་ྋཁོང་གི་གསུང་ཆོས་ཞུ་བར་ཚུར་ཡོང་བ་དང་ཕར་གདན་འདྲེན་ཞུས་དང་ཞུ་བཞིན་ཡོད།
ཡིན་ཡང་ང་ཚོ་བོད་པ་ཚོ་གསུང་ཆོས་ལས་དབང་ཞུ་རྒྱུ་གལ་ཆེན་དུ་བརྩི་ཞིང་། ནང་ཆོས་ངོ་སྤྲོད་འཆད་ཁྲིད་ལས་ཆོ་ག་ཆ་ལུགས་ཀྱི་བྱེད་སྒོ་ཙམ་ལ་དོ་སྣང་ཆེ་བས། ྋགོང་ས་མཆོག་གི་ཞལ་སྔ་ནས་དབང་ཆེན་གནང་གིན་ཡོད་ཟེར་ནས་གསལ་བསྒྲགས་སྤེལ་ན། མི་མང་པོ་ཡོང་གིན་འདུག་པས། ངས་དེའི་གོ་སྐབས་བཟུང་ནས་ནང་ཆོས་ངོ་སྤྲོད་དང་འགྲེལ་བཤད་གཙོ་བོ་བྱེད་ཀྱིན་ཡོད། ངས་དངོས་གཞིའི་དབང་ལས་སྔོན་འགྲོའི་གསུང་ཆོས་གལ་ཆེན་པོ་བྱེད་ཀིན་ཡོད། ཅེས་རྨད་བྱུང་ཐབས་མཁས་ཀྱི་མཛད་པ་དེ་ལྟར་ང་ཚོའི་ཆེད་གནང་དགོས་འབྱུང་བཞིན་ཡོད་པ་རེད།
ྋགོང་ས་མཆོག་གིས་གསུངས་པའི་གསུང་ཆོས་ཚན་པ་རེ་རེའི་ནང་གདུལ་བྱ་ནང་པ་ཡིན་མིན་དང་ཆོས་དད་ཡོད་མེད། དབང་པོ་རྣོ་རྟུལ་སོགས་ཀུན་གྱི་ཁམས་མོས་དང་འཚམ་ཞིང་གནད་ལ་འབབ་ཅིང་། ཆོས་སྲིད་ལུགས་གཉིས་ཀྱི་བླང་དོར་གསལ་བའི་ཟབ་རྒྱས་ཀྱི་གསུང་ཆོས་ནི། གསུང་གཅིག་ཉིད་དུ་གསུང་ན་ཡང་།།དུ་མ་ཉིད་དུ་སོ་སོར་གོ་བར་འགྱུར་བས། འཛམ་གླིང་ཕྱོགས་ཀྱི་འཁོར་ལོའི་མི་སྡེ་མ་ལུས་ངང་གིས་འདུ་བཞིན་ཡོད་པ་རེད།
བསྟན་པ་སྤྱི་ཚན་དང་གང་ཟག་སྒོས་ཚན་ལས་བརྩམས་པའི་གསུང་ཆོས་ལས་དང་པོ་པ་སེམས་ཅན་ནས་སངས་རྒྱས་ཀྱི་གོ་འཕང་བར་དུ་ས་ལམ་ཇི་ལྟར་བགྲོད་ཚུལ་རྣམས་མདོ་སྔགས་ཟུང་འབྲེལ་དང་། ཐེག་པ་ཆེ་ཆུང་ཐུན་མོང་གི་ལུགས་སོགས་ཟབ་ཅིང་རྒྱས་ལ་ཞིབ་ཅིང་ཕྲ་མོའི་ངང་ལུང་ཚད་མ་དང་། རིགས་པ་བརྒྱ་ཕྲག་གིས་དངོས་ཡོད་གནས་ཚུལ་དང་མྱོང་བ་མངོན་སུམ་དུ་འགྱུར་བ། ཚན་རིག་ལ་འབྲེལ་མཐུན་ཡོད་པ་སོགས་སོ་སོར་ཕྱེས་ཏེ་དོན་ཟབ་པ་དང་རྟོགས་དཀའ་བའི་གནད་རྣམས་གོ་སླ་བོའི་ནང་ཆོས་ངོ་སྤྲོད་དང་། ནང་ཆོས་ཀྱི་ཚན་རིག ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་སོགས་སྡེ་ཚན་སོ་སོར་ཕྱེས་ནས་གསུངས་དང་གསུང་བཞིན་པ་འདི་ལས་ནི། གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་ཤིང་།།བདེན་བཞིའི་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས།།ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།།ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།། ཞེས་པ་ཇི་ལྟར་ང་ཚོ་མི་རེ་རེའི་རང་རང་གི་ཁམས་མོས་དང་ཡོངས་སུ་འཚམ་པའི་མཐར་ཐུག་སྤྱོད་པ་འཚེ་བ་མེད་པ་དང་། ལྟ་བ་རྟེན་འབྱུང་གཉིས་ལ་གཞོལ་ཞིང་འབབ་པ་དང་། ཕབ་པའི་ཐེག་པ་ཆེན་པོའི་ཆོས་སྟོན་པར་མཛད་ཅིང་། དེ་ཡང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།། ཞེས་པ་ལྟར་སྣ་མང་གདུལ་བྱ་སེམས་ཅན་རྒྱ་མཚོའི་རྒྱུད་ལ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་མ་སྐྱེས་པ་སྐྱེས་པར་བྱེད་པ་དང་སྐྱེས་པ་ཉམས་པ་མེད་པ། མ་སྨིན་པ་སྨིན་པར་བྱེད་པ། མ་གྲོལ་བ་གྲོལ་བར་བྱེད་པ། དབུགས་མ་དབྱུངས་པ་དབུགས་དབྱུངས་པར་བྱེད་པ། ཡོངས་སུ་མྱ་ངན་ལས་མ་འདའ་པ་རྣམས་མྱ་ངན་ལས་འདའ་བར་བྱེད་པའི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་སོགས་གདམས་པ་དང་། རྗེས་སུ་བསྟན་པ་ཐམས་ཅད་མ་ཚང་བ་མེད་པར་བུམ་པ་གང་བྱོའི་ཚུལ་གྱིས་འདོམས་པར་མཛད་དང་མཛད་བཞིན་པ་ནི། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས།།ཨེ་མའོ་སྨྲ་མཆོག་ཨེ་མ་མགོན།།རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི།།སྟོན་པ་ཁྱོད་ལ་བདག་ཕྱག་འཚལ།། ཞེས་པ་ལས་མ་འདས་སོ།།
ཁོ་བོ་ནི་བཞུགས་སྒར་རྡ་རམ་ས་ལར་ལོ་ངོ་བཅུ་གཉིས་ལྷག་གི་རིང་ྋགོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་འདོད་རྒུར་བྱུང་བ་ནི། རང་གི་མི་ཚེའི་ནང་གི་ཆེས་རིན་ཐང་ཆེ་ཤོས་སུ་སེམས་བཞིན་ཡོད།
དེ་མིན་ལོ་རེ་བཞིན་ཨུ་རུ་སུ་དང་ཐེ་ཝན། ལྷོ་ཤར་ཨེ་ཤ་ཡའི་ནང་པ་སོགས་མི་ཚོགས་བརྒྱ་ཕྲག་མང་པོས་ས་ཐག་ལ་མི་འཛེམས་པར་རང་རང་གི་མི་ཚེའི་བདེ་སྐྱིད་ཀྱི་སྙིང་པོ་འཚོལ་ཕྱིར་ཆོས་ཞུ་བར་རྡ་རམ་ས་ལར་ཡོང་གིན་ཡོད་ཀྱང་། ང་ཚོ་བོད་པ་ཚོ་ནི་ནམ་ཡང་དེ་ལྟར་དོ་གལ་ཆེན་པོ་མི་བྱེད་པར་ལྷོད་སྡོད་ངང་གསུང་ཆོས་ལ་མང་ཚོགས་མང་ཆེ་བ་འགྲོ་བའི་གོམས་གཤིས་ཆུང་ཞིང་། སོང་ན་ཡང་ཡག་པོ་ཞིག་ཆོས་ཉན་གྱིན་མེད་པར་མཐོང་ཐོས་ངོས་སུ་བྱུང་།
དེ་ནི་ང་ཚོའི་མང་ཚོགས་ལ་འཕྲལ་གྱི་དཔལ་འབྱོར་དཀའ་ངལ་ཆེ་བས་དེའིི་ཆེད་ལས་ཀ་བྱེད་དགོས་པའི་མི་ཁོམ་པ་ཡིན་ཡང་། ང་ཚོར་རྨང་གཞིའི་ཤེས་ཡོན་མེད་པས་ཤེས་ཡོན་གྱི་རིན་ཐང་ལ་ངོས་འཛིན་དང་དོ་སྣང་ཆུང་བའི་དབང་གིས་ལོས་ཡིན་སྙམ། དེའི་ཕྱིར་ང་ཚོའི་མང་ཚོགས་ཀྱི་ནང་ཆོས་གོ་རྟོགས་དང་ཤེས་ཚད་ཀྱང་སྔར་བཞིན་ལམ་དང་ལུགས་སྲོལ་ཙམ་དུ་བརྩིས་ནས་རྒྱུན་འཛིན་བྱེད་པ་ལས་ྋགོང་ས་མཆོག་གི་བཀའ་དགོངས་ཐུགས་རེ་དང་མཐུན་པའི་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་དང་། རྒྱུ་མཚན་དང་དགོས་པ་མཐོང་བའི་སྒོ་ནས་ནང་ཆོས་ལ་དོ་སྣང་དང་། དོན་གཉེར་ཆེན་པོས་སློབ་སྦྱོང་བྱེད་མཁན་བརྒྱ་ཆ་ལ་གཞལ་ན་ཧ་ཅང་ཉུང་བ་གསལ་པོ་ཡིན། ང་ཚོ་བོད་པའི་མང་ཚོགས་མང་ཆེ་བ་ནང་པར་ཁས་འཆེ་བར་མ་ཟད་མདོ་སྔགས་ཟུང་འབྲེལ་གྱི་ཐེག་ཆེན་པ་ཡིན་པར་རློམ་ན་ཡང་། འདི་ལྟར་ཕུགས་དེད་ན་ྋགོང་ས་མཆོག་གིས་གསུངས་པའི་དུས་རབས་ཉེར་གཅིག་པའི་ནང་པ་མཚན་ཉིད་ཚང་བ་ཞེས་པའི་ཚིག་དོན་ཙམ་ཡང་མི་ཤེས་མཁན་ཧ་ཅང་མང་བར་སེམས།
དེས་ན་ངས་འདི་ནས་བཤད་འདོད་པ་ནི། ྋགོང་ས་མཆོག་སྐུ་ན་འདི་ལྟར་བགྲེས་པ་དང་སྐུ་ཚེགས་འདི་ལྟར་ཆེ་ན་ཡང་། ཁྱོད་ནི་འགྲོ་བའི་དོན་གྱི་སླད།།ཅུང་ཟད་ཙམ་ཡང་མི་ངལ་ཞིང་།། ད་དུང་འདི་ལྟར་སྐུ་ངལ་ལ་མི་འཛེམས་པར་ཆེ་བ་འཛམ་གླིང་ཞི་བདེ་དང་། ཤར་ནུབ་རྒྱལ་ཁབ་གི་མང་ཚོགས་ལ་བཀའ་སློབ་གནང་དགོས་པ་ནས། ཆུང་བ་ལྷ་ཁང་རྟེན་ཁང་ཆུང་ངུ་རེ་ལས་མ་བཞེངས་ན་ཡང་སྒོ་འབྱེད་གནང་དགོས་པ་སོགས་ཉིན་ཟླ་ལོ་མཐུད་ངང་མཛད་འཕྲིན་རྒྱ་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད་ཅིང་། ལྷག་པར་དུ་ང་ཚོ་བོད་པ་གཙོ་བོར་གྱུར་པའི་འཛམ་གླིང་མི་སྡེ་ཡོངས་ལ་རང་རང་གི་ཁམས་མོས་དང་འཚམ་པའི་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་འཁོར་རིམ་པ་གསུམ་རྒྱུན་མར་བསྐོར་དང་སྐོར་བཞིན་པ་དག་ལ་ང་ཚོས་སྔར་ལས་ལྷག་པའི་ནང་ཆོས་ལ་ཐོས་པ་དང་བསམ་པ། སྒོམ་པ་ལས་བྱུང་བའི་ཤེས་རབ་མ་སྐྱེས་པ་ནས་སྐྱེས་པ་དང་། སྐྱེས་པ་ནས་ཉམས་པ་མེད་པར་གོང་ནས་གོང་དུ་འཕེལ་བར་བློ་ཁ་ནང་དུ་བསྐོར་ནས་རང་རང་གི་སེམས་རྒྱུད་དུལ་བ་དང་ཞི་བ། ཉེར་བར་ཞི་བའི་ངོ་བོར་འགྱུར་བར་སྒོ་དུ་མ་ནས་བརྩོན་པར་བྱ་དགོས་པའི་དུས་ལ་བབ་ཡོད་པ་ཤེས་གལ་ཆེའོ།།
ང་ཚོའི་རྣ་བར་གསེར་དང་ཐལ་བ་གང་བླུགས་ཀྱང་གང་ཡང་ཚོར་རྒྱུ་མེད་པ་ནི། གཞི་རྩའི་ཤེས་ཡོན་ངོས་འཛིན་དང་ནང་ཆོས་ལ་དོན་བཞིན་འཇུག་ཐུབ་ཀྱི་མེད་པའི་དན་རྟགས་ཡ་ང་བ་ཞིག་རེད་འདུག་སྙམ།
ང་ཚོས་གནས་ལུགས་མཐར་ཐུག་དཔྱོད་པའི་ཤེས་རབ་ཀྱིས་ཞིབ་ཏུ་བསམ་ཞིང་གཞིགས་ན། ྋགོང་ས་མཆོག་གི་བཀའ་གསུང་ཆེས་ཐུང་ངུ་རེའི་ནང་ལ་ཡང་ཆོས་དང་མ་འདྲེས་པའི་གཞི་རྩའི་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཚུལ་དང་། འཛམ་གླིང་ཆོས་ལུགས་ཚང་མ་མཐུན་སྒྲིལ་ངང་དེ་དག་གི་དགོས་པ་དང་ཕན་པ་ཆེ་ཚུལ། ནང་པའི་ཐེག་པ་ཆེ་ཆུང་དང་གྲུབ་མཐའི་ལྟ་གྲུབ་ལས་བརྩམས་པའི་ནང་ཆོས་ངོ་སྤྲོད་དང་། ངོ་འཕྲོད་རྗེས་དེ་ཚུལ་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་དང་། དེ་ལྟར་ཉམས་ལེན་བྱས་པའི་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་འཐོབ་པ་མྱོང་ཐོག་ནས་གསུངས་ཤིང་། དོན་ཟབ་ཅིང་གོ་དཀའ་བ་རྣམས་རྟོགས་སླ་ཞིང་གོ་བདེ་བའི་ཚིག་ཏུ་གསུང་བཞིན་པ་འདི་ནི། ཐེག་གསུམ་གདུལ་བྱ་རྒྱ་མཚོ་དབང་པོ་རྣོ་རྟུལ་མཁས་བླུན་བར་མ་སུ་ལ་ཡང་རང་རང་གི་བསམ་བློའི་སྨིན་ཚད་དང་སྦྱངས་སྟོབས་ཀྱི་ཆུ་ཚད་ལ་གཞིགས་པའི་སྐྱེས་བུ་གསུམ་གྱི་ཆོས་ལུགས་སུ་གོ་བ་དང་ངེས་ཤེས་ཟབ་མོ་རེ་རྙེད་དོན་དུ་ཡོད་པས། ང་ཚོས་ཅིས་ཀྱང་ྋགོང་ས་མཆོག་གི་བཀའ་དགོངས་དང་མཐུན་པར་རང་རང་གི་གནས་སྐབས་དང་མཐར་ཐུག་གཏན་གྱི་བདེ་བའི་ཆེད་དུ་ཆོས་ཆོས་སུ་འགྲོ་བ་དང་། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་འགྲོ་བ་ཞིག་བྱ་ཕྱིར་སྣོད་ཀྱི་སྐྱོན་གསུམ་སྤོང་ཞིང་འདུ་ཤེས་དྲུག་བསྟེན་པ་སོགས་སྒོ་གསུམ་གུས་པ་ཆེན་པོ་དང་གཟབ་ནན་ངང་གང་ལ་གང་འདུལ་དེ་ལ་དེ་སྟོན་པའི།།བླ་མ་སྤྱན་རས་གཟིགས་ཀྱི་གསུང་མཆོག་དམ་པའི་ཆོས་ལ་ཤེས་ནས་དད་གུས་ཐོབ་པའི་སྒོ་ནས་སྐྱབས་སུ་འགྲོ་བར་བྱ་དགོས་པ་ཡིན་ནོ།།
ཐོས་པའི་ལག་རྗེས་སྒྲུབ་པ་སྙིང་པོར་བྱེད།།ཅེས་པ་ལྟར་གསུང་ཆོས་ལེགས་པར་ཞུས་རྗེས་ཆུ་ཚོད་ཉེར་བཞིའི་རིང་རང་རང་གི་རྒྱུད་ཀྱི་བདག་གཅེས་འཛིན་གྱི་བསམ་བློ་དང་། དེས་དྲངས་པའི་ཆགས་སྡང་རྨོངས་གསུམ་ཤུགས་ཆུང་ཐབས་ལ་འབད་དགོས་པ་དང་། གཞན་གཅེས་འཛིན་ལ་སྒོ་དུ་མ་དང་ཐབས་སྣ་ཚོགས་ཀྱིས་བརྩོན་པར་བྱ་དགོས་སོ།།
མཐའ་དོན་ཐལ་མོ་སྙིང་གར་ཟུམ་སྟེ་གསོལ་བ་འདེབས་པ་ནི། རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན།།བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ།།བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།། །།
ཅེས་པ་འདི་ཡང་རང་རེའི་མང་ཚོགས་ལ་དྲན་སྐུལ་གྱི་ཅོང་བརྡ་ཆུང་ཆུང་ཞིག་རྡུང་ཆེད་དུ་མི་ཤེས་ཤེས་མདོག་གི་ཚུལ་འཆོས་མཁན་ཚྭ་རུ་མ་ཐབས་མཁས་ཀྱིས་ཨོ་སི་ཁྲུའུ་ལེ་ཡའི་གྲོང་ཁྱེར་མེལ་བྷོན་དུ་འཕྲལ་མར་ཕྱི་ལོ་༢༠༡༡ ཟླ་༡༢ ཚེས་༡༢ ལ་བྲིས་པའོ།། །།
ལེགས་སོ་ལེགས་སོ་དེ་དེ་བཞིན་ནོ། །
ཁྱེད་ཀྱི་སྐུ་དང་བདག་གི་ལུས། །
ཁྱེད་ཀྱི་གསུང་དང་བདག་གི་ངག །
ཁྱེད་ཀྱི་ཐུགས་དང་བདག་གི་ཡིད། །
དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །