བཅར་འདྲི་བ། སྤྱན་ཆབ།
དྲི་བ། ཁྱེད་དང་ཁྱེད་ཀྱི་སློབ་གཉེར་སྐོར་རགས་ཙམ་ཞིག་གསུང་རོགས་གནང།
ལན། ཕྲན་གྱི་མིང་ལ་བློ་བཟང་དཀོན་མཆོག་རྒྱ་མཚོའམ་དཀོན་མེ་ཟེར། ཕྱི་ལོ༡༩༦༦ལོར་ཨ་མདོ་རྔ་པའི་ཀ་ཉག་སྡེ་བར་སྐྱེས། དམའ་འབྲིང་བར་དུ་སློབ་གྲྭར་སོང། རང་ལོ་༡༥པ་ཕྱི་ལོ་༡༩༨༠ལོར་རྔ་པ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ་བཤེས་གཉེན་དུ་མའི་དྲུང་ནས། བསྡུས་རྟགས་བློ་གསུམ་དང། རྣམ་འགྲེལ། དབུ་ཕར། གྲུབ་མཐའ། ལམ་རིམ། སྔགས་ཕྱོགས། སུམ་རྟགས་དག་གསུམ། སྙན་ངག སྒྲ་རིག་པ་བཅས་ལ་སྦྱངས་ཁུལ་བྱས། ཕྱི་ལོ༡༩༩༨ལོར་རྒྱ་གར་དུ་སླེབས་ནས་འབྲས་བློ་གླིང་གྲྭ་ཚང་དུ་འདུལ་མཛོད་གཉིས་ལ་སྦྱངས་པ་དང་བཀའ་པོད་གཞན་རྣམས་ལ་བསྐྱར་སྦྱོང་བྱས་པ་དང། ལྷག་པར་དུ་༸གོང་ས་མཆོག་གི་མདུན་ནས་དབང་ལུང་ཁྲིད་གསུམ་གང་མང་ཞིག་ཉན་རྒྱུའི་སྐལ་བཟང་ཐོབ། ཕྱི་ལོ་༢༠༠༡ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིགས་ལམ་དགེ་རྒན་བྱས་པ་ཡིན་པ་བཅས་རང་ཉིད་ངོ་སྤྲོད་རགས་བསྡུས་སུ།
དྲི་བ། དུས་ཀྱི་འཁོར་ལོའི་རྒྱུད་ཐོག་མར་སངས་རྒྱས་ཀྱིས་གསུང་ཚུལ་དང། དེ་རྒྱ་གར་དུ་དར་རྒྱས་བྱུང་ཚུལ་མདོར་བསྡུས་ཤིག་གསུང་རོགས་གནང།
ལན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བདག་ཅག་གི་སྟོན་པས་ཐོག་མར་གསུངས་པའི་དུས་ལ་ཕུག་ལུགས་ལྟར་ན་སྟོན་པ་སྐུ་མྱ་ངན་ལས་འདས་པའི་སྔོན་གྱི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་པ་དང། བུ་ལུགས་ལྟར་ན། སྟོན་པ་སངས་རྒྱས་པའི་ཕྱི་ལོའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་བར་བཞེད།དེ་ཡང་བུ་ལུགས་ལྟར་བཤད་ན། བདག་ཅག་གི་སྟོན་པ་ཟིལ་གནོན་མེ་རྟ་ལ་སྐུ་འཁྲུངས། དགུང་ལོ་སོ་བདུན་པ་ཆུ་རྟ་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་བརྩིས་པའི་ཟླ་བ་བཅུ་གཉིས་པ་ཆུ་ལུགས་ལོའི་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོའི་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང། སྟེང་གི་བུམ་པའི་ནང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཏེ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཤམ་བྷ་ལའི་ཆོལ་རྒྱལ་ཟླ་བ་བཟང་པོ་རྒྱལ་ཕྲན་གོ་དྲུག་གིཚོགས་དང་བཅས་པའི་སྐལ་ལྡན་གྱི་ལྷ་མི་གྲངས་མེད་པ་ལ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་བཅུ་གཉིས་པ་གསུངས། ཆོས་རྒྱལ་ཟླ་བཟང་གིས་དུས་འཁོར་རྩ་རྒྱུད་བསྡུས་ཤིང། རྩ་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། ཤམ་བྷ་ལར་དུས་འཁོར་དཀྱིལ་འཁོར་རམ་བློས་བསླང་བཞེངས་ནས་འོག་མིན་དུ་གཤེགས་རྗེས། དེའི་སྲས་ལྷ་དབང་སོགས་ཆོས་རྒྱལ་དྲུག་གིས་ལོ་བརྒྱ་བརྒྱར་ཆོས་བསྟན་ནས་འཇམ་དཔལ་གྲགས་པས་དུས་འཁོར་བསྡུས་རྒྱུད་མཛད་དེ། ཉི་མའི་ཤིང་རྟ་ལ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྱེད་བཞི་བློས་བསླང་གི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་པ། ཤམ་བྷ་ལའི་གདུལ་བྱ་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་ངེས་པར་མཛད་པ་ནས་རིགས་ལྡན་གྱི་མཚན་ཆགས། དེའི་སྲས་པདྨ་དཀར་པོས་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་མཛད་པ་དང་རིགས་ལྡན་རྣམས་ཀྱིས་རིམ་བཞིན་ཆོས་འཁོར་རྒྱ་ཆེན་བསྐོར།
རྒྱ་གར་འཕགས་པའི་ཡུལ་དུ་དུས་ཞབས་པ་ཆེན་པོས་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱི་དོན་རྟོགས་པར་འདོད་ནས་དོན་གཉེར་ཆེན་པོས་ཤམ་བྷ་ལར་བྱོན་ནས་དུས་འཁོར་གྱི་གདམས་པ་རྫོགས་པར་གསན་ཏེ་རྒྱ་གར་དུ་ཕྱིར་ཕེབས་ནས་དུས་འཁོར་གྱི་སྐོར་དར་སྤེལ་མཛད་ཅིང། རང་གི་ཐུགས་སྲས་ཀྱི་གཙོ་བོ་ཁ་ཆེ་ཟླ་བ་མགོན་པོ་ལ་གནང། ཡང་གྲུབ་ཆེན་ཙིལུ་པཎྜི་ཏ་ཤམ་བྷ་ལར་རྫུ་འཕྲུལ་གྱིས་བྱོན་ཏེ་རྒྱུད་འགྲེལ་གསན། ཕྱིར་རྒྱ་གར་དུ་ཕེབས་ནས་དུས་འཁོར་གྱི་རྒྱུད་འགྲེལ་སོགས་དར་སྤེལ་མཛད་པས་སྐབས་དེར་རྒྱ་གར་འཕགས་ཡུལ་དུ་དུས་འཁོར་གྱི་སྐོར་དར་རྒྱས་བྱུང་བར་གྲགས།
དྲི་བ། དུས་ཀྱི་འཁོར་ལོའི་རྒྱུད་བོད་དུ་དར་ཚུལ་མདོར་བསྡུས་ཤིག་གསུང་རོགས་གནང།
ལན། བོད་རབ་བྱུང་དང་པོའི་བགྲང་བྱ་དང་པོ་མེ་ཡོས་ཕྱི་ལོ་༡༠༢༧རིགས་ལྡན་བཅུ་གཉིས་པ་ཉི་མ་ཤམ་བྷ་ལའི་ཁྲི་ལ་བཞུགས་པའི་ལོར་གྱི་ཇོ་ལོ་ཙཱ་བས་དུས་འཁོར་ཐོག་མར་བོད་སྐད་དུ་བསྒྱུར་ཞིང། དེ་རྗེས་འབྲོ་ལོ་ཙཱ་བས་འགྲེལ་ཆེན་དྲི་མེད་འོད་བོད་དུ་བསྒྱུར་པ་ལ་འབྲོ་ལུགས་དང་། ར་ཆོས་རབ་ཀྱིས་འགྲེལ་ཆེན་བོད་དུ་བསྒྱུར་བ་ལ་ར་ལུགས་ཞེས་གྲགས། བར་སྐབས་ཤིག་ནས་བུ་ཇོ་ལུགས་གཉིས་ཞེས་བུ་སྟོན་ལུགས་དང་ཇོ་ནང་བའི་ལུགས་དེ་གཉིས་བྱུང་ཞིང་། བུ་སྟོན་གྱི་ལུགས་ལ་ར་འབྲོ་གཉིས་ཀྱི་བརྒྱུད་པ་གཉིས་འདྲེས་སུ་ཚང་བར་བཤད། དེ་ལས་རིམ་བཞིན་བརྒྱུད་པའི་གདམས་པ་ད་ལྟའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཕྱག་ལེན་འདི་ཡིན་ལ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབང་རྒྱུན་ཡང་བུ་སྟོན་ཐམས་ཅད་མཁྱེན་པའི་ལུགས་ཡིན། གཞན་ཡང་དེང་སྐབས་བོད་མདོ་དབུས་ཀྱི་ཆོས་སྡེ་རྣམས་སུ་བུ་ཇོ་གཉིས་ཀའི་ལུགས་དར་རྒྱས་ཆེ་ཞིང་ལྷག་པར་ཇོ་མོ་ནང་པའི་ཆོས་སྡེ་རྣམས་སུ་དུས་འཁོར་རྫོགས་རིམ་སྦྱོར་དྲུག་གི་ཉམས་ལེན་ཤིན་ཏུ་ངོ་གཙང་ཡོད།
དྲི་བ། དུས་འཁོར་གྱི་རྒྱུད་ནས་བཤད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ངོ་སྤྲོད་གནད་བསྡུས་ཤིག་གསུང་རོགས་གནང་།
ལན། དུས་འཁོར་གྱི་རྒྱུད་ནས་བཤད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཕྱི་ནང་གཞན་གསུམ་གྱི་དུས་འཁོར་དང་སྦྱར་ནས་ཅུང་ཟད་བཤད་ན། ཕྱིའི་དུས་འཁོར་གཟའ་སྐར་དུས་སྦྱོར་སོགས་འཇིག་རྟེན་གྱི་རྣམ་བཞག་དང། ནང་གི་དུས་འཁོར་སྐྱེས་པའི་རྒྱུད་ཀྱི་རྩ་རླུང་ཐིག་ལེའི་རྣམ་བཞག གཞན་གྱི་དུས་འཁོར་དབང་དང་རིམ་གཉིས་ཀྱི་རྣམ་བཞག་ལ་ཟེར་ཞིང་སྔ་མ་གཉིས་སྦྱང་གཞི་དང། ཕྱི་མ་གསུམ་སྦྱོང་བྱེད་ཡིན། དེ་ལྔ་རིམ་བཞིན་རྒྱུད་དང་འགྲེལ་པའི་ལེའུ་ལྔས་བསྟན་ཚུལ་ནི། དུས་འཁོར་གྱི་ལམ་གྱི་སྙིང་པོ་རྫོགས་རིམ་པ་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང་མཉམ་པར་སྦྱོར་བས་མི་འགྱུར་བའི་བདེ་བ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་དྲངས་ཏེ། བདེ་བ་དེས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སྒྲིབ་པ་མཐའ་དག་སྤོང་བར་བྱེད་པ་ཡིན་ལ། དེ་ལྟ་བུའི་སྟོང་གཟུགས་ཀྱི་སྐུ་འགྲུབ་པའི་ཐབས་རྡོ་རྗེའི་ལུས་ལགནད་དུབསྣུན་པ་ལས་རོ་རྐྱང་གི་རླུང་དབུ་མར་ཐིམ་དགོས། དེའི་སྨིན་བྱེད་དུ་བསྐྱེད་རིམ་པས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྩ་ཁམས་རླུང་གསུམ་ཐམས་ཅད་ལ་ཐ་མལ་གྱི་སྣང་ཞེན་བཀག་ནས་ལྷའི་ངོ་བོར་སྒོམ་དགོས། དེ་ལ་ཕྱི་ནང་གཉིས་ཀའི་རྣམ་བཞག་ཆོས་མཐུན་ཚུལ་རྫོགས་པར་ཤེས་དགོས་པས་ཐོག་མར་ཕྱི་རོལ་གྱི་རྣམ་བཞག་འཇིག་རྟེན་ཁམས་ལེའུས་གཙོ་བོར་བསྟན། དེ་དང་ཆོས་མཐུན་སྦྱར་བའི་ནང་གི་རྣམ་བཞག་ནང་ལེའུས་གཙོ་བོར་བསྟན། སྦྱང་གཞི་དེ་གཉིས་དང་ཆོས་མཐུན་སྦྱར་བའི་བསྐྱེད་རིམགྱི་རྣམ་བཞག་སྒྲུབ་ཐབས་ཀྱི་ལེའུས་གཙོ་བོར་བསྟན། དེ་ལ་ཐོར་མར་རྒྱུད་སྨིན་བྱེད་དབང་གི་རྣམ་བཞག་དབང་ལེའུས་གཙོ་བོར་བསྟན། བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱས་པའི་རྫོགས་རིམ་གྱི་རྣམ་བཞག་ཡེ་ཤེས་ལེའུས་གཙོ་བོར་བསྟན་པ་ཡིན།
དྲི་བ། དུས་འཁོར་དབང་ཆེན་འདི་ཐོག་མར་བྱུང་ཚུལ་དང། དེ་ལ་དབང་ཆེན་ཞེས་ཅིའི་ཕྱིར་བརྗོད་པ་ཡིན།
ལན། བདག་ཅག་གི་སྟོན་པ་ནས་བཟུང་སྐབས་རེ་ཆིག་བརྒྱུད་དང། སྐབས་རེ་སློབ་མ་ཉུང་ཤས་ལ་དུས་འཁོར་གྱིདབང་གནང་པ་ཡིན་ཞིང། ༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མ་དང་། ༸པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཀྱི་སྐུ་དུས་ནས་མི་མང་ལ་ཁྲོམ་དབང་དུ་གནང་བ་ཡིན་པས་ཐོག་མར་དེ་ནས་བྱུང་བ་དང། མི་མང་ལ་ཁྲོམ་དབང་གནང་བ་ཡིན་པས་དབང་ཆེན་ཞེས་བརྗོད་པ་ཡིན་སྙམ།
དུས་འཁོར་དབང་ཆེན་བསྐུར་ཚུལ་ལ་ཡང་ཕྱག་ལེན་རྒྱས་པ་དང། འབྲིང་བ། བསྡུས་པ། དེ་ལས་ཀྱང་བསྡུས་པ་སྟེ་བཞི་ཡོད་པའི་དང་པོ་ལྟར་ན་སློབ་མ་རྗེས་འཛིན་ཉིན་གཅིག སྟ་གོན་ཉིན་གཅིག བྱིས་པ་ལྟར་འཇུག་པའི་དབང་བདུན་ཉིན་བདུན། གོང་མ་བཞི་དང་གོང་ཆེན་བཞི་ཉིན་བརྒྱད། རྡོ་རྗེ་སློབ་དཔོན་བདག་ཉིད་ཆེན་པོའི་དབང་ཉིན་གཅིག རྡོ་རྗེ་ཤུགས་ཀྱི་རྗེས་གནང་ཉིན་གཅིག་བཅས་བསྡོམས་ཉིན་གྲངས་བཅུ་དགུ་དང། ཕྱག་ལེན་འབྲིང་ནི། སློབ་མ་རྗེས་འཛིན་དང་སྟོ་གོན་དང་བྱིས་པ་ལྟར་འཇུག་པའི་དབང་བདུན་སྔར་ལྟར་དང་གོང་མ་བཞི་ཉིན་གཅིག གོང་ཆེན་བཞི་ཉིན་གཅིག སློབ་དཔོན་གྱི་དབང་ཉིན་གཅིག རྡོ་རྗེ་ཤུགས་ཀྱི་རྗེས་གནང་ཉིན་གཅིག་བཅས་བསྡོམས་ཉིན་གྲངས་བཅུ་གསུམ་དང་། ཕྱག་ལེན་བསྡུས་པ་ནི། སློབ་མ་རྗེས་འཛིན་དང་སྟ་གོན་ཉིན་རེ། བྱིས་པ་ལྟར་འཇུག་པའི་དབང་བདུན་ཉིན་གཅིག གོང་མ་བཞི་ཉིན་གཅིག་སོགས་སྔར་ལྟར་བསྡོམས་ཉིན་གྲངས་བདུན་དང། དེ་ལས་ཀྱང་བསྡུས་ན་ལྟ་གོན་བཅས་ཉིན་བཞི་ལ་གནང་སྲོལ་ཡོད།
དྲི་བ། དུས་འཁོར་དབང་ཆེན་གནང་མཁན་ཀྱི་སློབ་དཔོན་ལ་མཚན་ཉིད་གང་ཚང་དགོས།
ལན། སྔགས་བླ་མེད་སྤྱིའི་ལུགས་ལྟར་དུས་དབང་གནང་མཁན་གྱི་རྡོ་རྗེ་སློབ་དཔོན་ལ་རབ་ན། བསྐྱེད་རིམ་པ་དང་རྫོགས་རིམ་པ་དགོས་ཀྱང་དུས་ཀྱི་དབང་གིས་དེ་ལྟར་མ་འཛོམས་ཚེ་དེ་ཉིད་བཅུ་སོགས་ཚང་བའམ་སློབ་མ་ལས་ཡོན་ཏན་ལྷག་པ། དབང་ཐོབ་ཅིང་དམ་སྡོམ་དག་པ། དབང་གི་ཆོ་ག་དང་ཕྱག་ལེན་ལ་མཁས་པ། ལྷའི་བསྙེན་པ་སོང་བ། ལྷས་མ་བཀག་པ་ཞིག་ངེས་པར་དགོས།
དྲི་བ། དུས་དབང་ཞུ་མཁན་གྱི་སློབ་མ་ལ་མཚན་ཉིད་གང་ཚང་དགོས།
ལན། དབང་ཞུ་མཁན་གྱི་སློབ་མ་ལ་མཚན་ཉིད་དམ་ཁྱད་ཆོས་གཙོ་བོ་ཚང་དགོས་པ་ནི། ལམ་ཐུན་མོང་པར་བློ་སྦྱང་པ་དང་། དབང་ཞུ་འདོད་དང་སྐབས་ཀྱི་སྡོམ་པ་སྲུང་འདོད་ཀྱི་དོན་གཉེར་ཡོད་པ། གསང་སྔགས་ལ་དད་པ་བརྟན་པ་སོགས་ཚང་དགོས། ཐུན་མོང་ལམ་སྦྱང་ནི་ཤིན་ཏུ་གལ་ཆེ་བ་དེའི་ཕྱིར་སྔོན་འགྲོའི་གསུང་ཆོས་གནང་པ་ཕྱག་ལེན་ཡིན།
དྲི་བ། ས་ཆོག་ཅེས་པའི་དོན་གང་ཡིན་ནམ།
ལན། ས་ཆོག་ལ་དོན་ཚན་ལྔ་ཡོད་དེ། ས་ལས་སུ་རུང་མི་རུང་བརྟག་པ་དང་། རྒྱལ་བོ་དང་ཡུལ་དཔོན་ལ་གནང་ཞུ་སོགས་ས་བསླང་བ། བརྐོས་པ་སོགས་ཀྱིས་ས་སྦྱངས་པ། ས་བཟུང་བ། ས་སྲུང་ཞིང་བྱིན་བྱིན་གྱིས་བརླབས་པ་བཅས་ཡོད། དཀྱིལ་འཁོར་མ་བཞེངས་གོང་ས་འདུལ་གྱི་ཚུལ་དུ་ས་གར་དང། དཀྱིལ་འཁོར་བཞེངས་གྲུབ་ནས་དགའ་སྟོན་གྱི་ཚུལ་དུ་མཆོད་གར་བྱེད་པ་བཅས་ཡིན།
དྲི་བ། སྟ་གོན་ཞེས་པའི་དོན་གང་ཡིན་ནམ།
ལན། དབང་གིས་ཉེར་བསྡོགས་སམ་སྟ་གོན་ལ་ཡང་དོན་ཚན་ལྔ་ཡོད་དེ། སའི་ལྷ་མོ་སྟ་གོན། དཀྱིལ་འཁོར་གྱི་ལྷ་སྟ་གོན། བུམ་པ་སྟ་གོན། ལྷ་ལ་གསོལ་བ་འདེབས་པ། སློབ་མ་སྟ་གོན་བཅས་ལྔ་ཡོད། དེའི་ཐ་མར་སློབ་མ་སྟ་གོན་ལའང་ཀུན་སློང་བཅས་ཤིང་ནང་དབང་བསྐུར་བ། གསོལ་བ་འདེབས་ཅིང་འཛིན་དུ་གཞུག་པ། སྡོམ་པ་འཛིན་ཞིང་བྱིན་གྱིས་བརླབས་པ། སོ་ཤིང་འདོར་ཞིང་ཁྱོར་ཆུ་སོགས་བྱིན་པ། རིགས་དྲུག་འགོད་ཅིང་རྡོར་སེམས་བསྐུལ་བ། སྤྲོ་བ་བསྐྱེད་ཅིང་རྨི་ལམ་བརྟགས་པར་གདམས་པ་དང་དྲུག་ཡོད།
དྲི་བ། དཔལ་དུས་ཀྱི་འཁོར་ལོའི་དབང་གི་ངོ་སྤྲོད་གནད་བསྡུས་ཤིག་གསུངས་རོགས་གནང་།
ལན། དུས་ཀྱི་འཁོར་ལོ་ཡི་དབང་ལ་རྒྱུད་སྡེ་གཞན་དང་མི་འདྲ་པར་བྱིས་པ་ལྟར་འཇུག་པའི་དབང་བདུན་དང་། དབང་གོང་མ་བཞི། གོང་ཆེན་བཞི། རྡོ་རྗེ་སློབ་དཔོན་བདག་ཉིད་ཆེན་པོའི་དབང་བཅས་ཡོད་པ་ལས། ཐོག་མར་རྡོར་རྗེ་སློབ་དཔོན་གྱིས་ཐུན་མོང་ལམ་སྦྱངས་སྔོན་སོང་གིས་སློབ་མ་སྣོད་རུང་དུ་སྒྲུབ་པ་ལ། སློབ་མའི་ལུས་ཀྱི་དྲི་མ་སྦྱོང་ཕྱིར་ཐོག་མར་དུས་ཀྱི་འཁོར་ལོའི་བྱང་ཕྱོགས་སྐུའི་ཞལ་ལ་མངོན་དུ་ཕྱོགས་པར་སློབ་མ་སྐུ་རྡོ་རྗེར་བསྐྱེད་པ་ལ། ཁམས་ལྔ་སྦྱོང་བའི་ལྷ་སྒྲུབ་པའི་དཀྱིལ་འཁོར་གྱི་ཡུམ་བཞིས་ཆུའི་དབང་བསྐུར། དེ་ནི་བྱིས་པ་བཙས་ནས་ཆུས་བཀྲུ་བ་དང་ཆོས་མཐུན། བྱིས་པར་གཙུག་ཕུད་བཞག་པ་དང་ཆོས་མཐུན་པར་ཕུང་པོ་ལྔ་སྦྱོང་བའི་ལྷ་དེ་བཞིན་གཤེགས་པ་ལྔས་ཅོད་པན་གྱི་དབང་བསྐུར། ངག་གི་དྲི་མ་སྦྱོང་བའི་ཕྱིར་ལྷོ་ཕྱོགས་གསུང་གི་ཞལ་ལ་ཕྱོགས་པར་སློབ་མ་གསུང་རྡོ་རྗེར་བསྐྱེད་པ་ལ། རླུང་བཅུ་སྦྱོང་བའི་ལྷ་ནུས་མ་བཅུས་དར་དཔྱང་གི་དབང་བསྐུར། དེ་ནི་བྱིས་པ་རྣ་བ་ཕུག་ནས་རྒྱན་འདོགས་པ་དང་ཆོས་མཐུན། བྱིས་པ་དེའི་ངག་སྨྲ་བ་དང་མཐུན་པར་རོ་རྐྱང་གི་རྩ་སྦྱོང་པའི་ལྷ་གཙོ་བོ་ཡབ་ཡུམ་གྱིས་རྡོར་དྲིལ་གྱི་དབང་བསྐུར། སེམས་ཀྱི་དྲི་མ་སྦྱོང་ཕྱིར་ཤར་ཕྱོགས་ཐུགས་ཀྱི་ཞལ་ལ་ཕྱོགས་པར་སློབ་མ་ཐུགས་རྡོ་རྗེར་བསྐྱེད་པ་ལ། དབང་པོ་དྲུག་དང་ཡུལ་དྲུག་སྦྱོང་པའི་ལྷ་སེམས་དཔའ་དང་སེམས་མ་རྣམས་ཀྱིས་རྟུལ་ཞུགས་ཀྱི་དབང་བསྐུར། དེ་ནི་བྱིས་པ་འདོད་ཡོན་ལ་སྤྱོད་པ་དང་ཆོས་མཐུན། དེ་ལ་མིང་འདོགས་པ་དང་མཐུན་པར་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལྷ་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་མིང་གིས་དབང་བསྐུར། ཡེ་ཤེས་ཀྱི་དྲི་མ་སྦྱོང་པའི་ནུབ་ཕྱོགས་ཡེ་ཤེས་ཀྱི་ཞལ་ལ་ཕྱོགས་པར་སློབ་མ་ཡེ་ཤེས་རྡོ་རྗེར་བསྐྱེད་ནས་ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱིས་ཁམས་གཉིས་སྦྱོང་བའི་ལྷ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་འཁོར་ལོ་དང། དུང་དང་། པོ་ཏི་སོགས་རྗེས་གནང་གི་དབང་བསྐུར་བ་བདུན་ལ་བྱིས་ལྟར་འཇུག་པའི་དབང་བདུན་ཟེར། དབང་དེ་དག་གིས་འབྲས་བུའི་ལྷ་དེ་དག་གི་དངོས་གྲུབ་འགྲུབ་པའི་སྐལ་བ་ཅན་དུ་བྱེད། གོང་མ་གོང་ཆེན་གྱི་བུམ་དབང་། གསང་དབང་། ཤེས་དབང་། ཚིག་དབང་དང་བཞིིིས་རྫོགས་རིམ་བསྙེན་སྒྲུབ་ཡན་ལག་བཞི་སྒོམ་པ་ལ་དབང་། འབྲས་བུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་འགྲུབ་པའི་ས་བོན་ཁྱད་པར་ཅན་འཇོག་གོ།
མདོར་ན། བྱིས་པ་ལྟར་འཇུག་པའི་དབང་བདུན་གྱིས་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་སྒོམ་པ་ལ་དབང་། གོང་མ་གོང་ཆེན་གྱི་དབང་གིས་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྒོམ་པ་ལ་དབང་། རྡོ་རྗེ་སློབ་དཔོན་བདག་ཉིད་ཆེན་པོའི་དབང་གིས་སློབ་མ་བླ་མའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དང། མཇུག་ཏུ་བླ་མས་སྣེ་དྲངས་ཏེ་དཀྱིལ་འཁོར་ལ་སྐོར་བ་བྱེད་སྐབས་བླ་སློབ་ཐུན་མོང་ནས་མ་འོངས་པར་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱི་འཁོར་དུ་སྐྱེ་བའི་སྨོན་ལམ་འདེབས་པ་དམ་པ་གོང་མ་རྣམས་ཀྱི་ཕྱག་སྲོལ་ཡིན།
དྲི་བ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོབ་རྗེས་བསྲུང་བྱའི་དམ་ཚིག་དང་སྡོམ་པ་ལ་གང་དང་གང་ཡོད་དམ།
ལན། དུས་འཁོར་དབང་ཆེན་ཐོབ་རྗེས་ཀྱི་བསྲུང་བྱ་དམ་ཚིག་དང་སྡོམ་པ་ལ་བྱང་སྡོམ་དང་སྔགས་སྡོམ་གཉིས་ལས། དང་པོ་ལ་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག སྔགས་སྡོམ་ལ། རིགས་ལྔའི་དམ་ཚིག་བཅུ་དགུ་དང་རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད། བསྲུང་བ་དང་། བསྟེན་པ་དང་། བཟའ་བའི་དམ་ཚིག་བཅས་ཡོད་།
དྲི་བ། དབང་ཞུ་བ་ལ་ངེས་པར་དུ་བླ་མའི་ཉེ་སར་བཅར་དགོས་པའི་རྒྱུ་མཚན་ཡོད་དམ།
ལན། དབང་འཐོབ་པ་ལ་ངེས་པར་དབང་བརྡ་འཕྲོད་དགོས་པས་བླ་མའི་ཞལ་གསུང་ཐོས་ས་ཞིག་ཏུ་བཅར་དགོས་པར་སྙམ། འོན་ཀྱང། དེང་སྐབས་བརྙན་འཕྲིན་དང་འོད་སྡེེར་སོགས་ལ་ལྟ་ཉན་གྱིས་དབང་ལུང་སོགས་འཐོབ་མིན་དོགས་འདྲི་བྱེད་མཁན་མང་ཡང། འདིའི་སྐོར་བདག་ལྟ་བུས་སྐྱེ་བོ་ཕལ་བ་ཞིག་གིས་ཁ་ཚོད་གཅོད་མི་ནུས་པས་ལན་དོན་མཐུན་ཞིག་འབུལ་ཐབས་བྲལ།
ལགས་སོ། སྐུ་ཉིད་ཀྱིས་བཅར་འདྲི་འདི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ལགས།
རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བའི།
ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད།
གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས།
ཞེས་གསུངས་པ་ལྟར་དུས་འཁོར་དེ་རྒྱུ་སྡེ་གཞན་དང་བཤད་སྲོལ་མི་འདྲ་བའི་རྒྱུ་མཚན་ཅི་ལགས།
དྲི་བ། ཤམ་བྷ་ལྷ་ཡི་སྐོར་ཅུང་ཞིག་གསུངས་རོགས་གནང་།
་་་་་་་་་རྒྱ་གར་འཕགས་པའི་ཡུལ་དུ་དུས་ཞབས་པ་ཆེན་པོས་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱི་དོན་རྟོགས་པར་འདོད་ནས་དོན་གཉེར་ཆེན་པོས་ཤམ་བྷ་ལར་བྱོན་ནས་དུས་འཁོར་གྱི་གདམས་པ་རྫོགས་པར་གསན་ཏེ་རྒྱ་གར་དུ་ཕྱིར་ཕེབས་ནས་དུས་འཁོར་གྱི་སྐོར་དར་སྤེལ་མཛད་ཅིང། རང་གི་ཐུགས་སྲས་ཀྱི་གཙོ་བོ་ཁ་ཆེ་ཟླ་བ་མགོན་པོ་ལ་གནང། ཡང་གྲུབ་ཆེན་ཙིལུ་པཎྜི་ཏ་ཤམ་བྷ་ལར་རྫུ་འཕྲུལ་གྱིས་བྱོན་ཏེ་རྒྱུད་འགྲེལ་གསན། ཕྱིར་རྒྱ་གར་དུ་ཕེབས་ནས་དུས་འཁོར་གྱི་རྒྱུད་འགྲེལ་སོགས་དར་སྤེལ་མཛད་པས་སྐབས་དེར་རྒྱ་གར་འཕགས་ཡུལ་དུ་དུས་འཁོར་གྱི་སྐོར་དར་རྒྱས་བྱུང་བར་གྲགས། ་་་་་་་་་་་་་
འདི་ནང་གསུངས་པའི་ཤམ་བྷ་ལ་འདི་འཛམ་གླིང་གི་ཆ་ཤས་མི་ཡུལ་གཅིག་ཡིན་ནམ། ལྷ་ཡུལ་དག་ཞིང་ཅིག་ཡིན་ནམ། ཡང་ན་ལྷ་མི་གཉིས་ཀས་ལོངས་སྤྱོད་ཡུལ་དུ་གྱུར་པའི་དག་ཞིང་ཞིགལ་གོ་དགོས་སམ། ལན་སུས་འདེབས་ཐུབ་བམ།
ཁོང་ནི་ད་སྐབས་ཀིརྟི་གྲ་ཚང་ལ་ཡོད་པའི་དོན་གཅིག་མཁས་པ་གཅིག་པུ་དེ་ཡིན་འདུག། ཕན་ཐོགས་བྱུང་། ཐུགས་རྗེ་ཆེ།
དོན་གྱི་མཁས་པ་ཞེས་བཅོས་རོགས།
དོན་གྱི་མཁས་པ་ཡིན་དེ་བས་ཡག་པོ་བྱུང་གོང་དུས་ཤམ་བྷ་ལྷའི་སྐོར་ཞིག་གསུངས་རོགས།
དགོངས་དག་ཡིག་ནོར་བྱུང་འདུག
དོན་གྱི་མཁས་པ་ཡིན་ན་དེ་བས་ཀྱང་ཡག་པོ་འདུག་དེས་ན་གོང་ཞུས་ལྟར་ཤམ་བྷ་ལྷ་ཡི་སྐོར་ཅུང་ཙམ་གསུངས་རོགས།
འོག་གི་མཆན་བུ་འདི་ཕྲན་གྱིས་ཉེ་དུས་རང་བྲིས་པའི་གནས་སྐོར་གྱི་གཏམ་ཐོར་བུ་མེ་ཏོག་གི་ཆུན་པོ་ཟེར་བ་དེ་ལས་ཟུར་དུ་བཀོལ་བ་ཡིན།
དེ་ནས་ལྷོ་ཕྱོགས་སུ་ཕེབས་པ་ཡིན་ན་ཨེ་ལོ་ར་དང་ཨེ་ཅིན་ཏ་སོགས་འཇིག་རྟེན་ན་སྐད་གྲགས་ཆེ་བའི་གནས་ཆེན་མང་པོ་ཡོད། དེའི་ནང་ནས་ནང་པ་དང་འབྲེལ་བའི་གནས་གྲགས་ཆེ་ཤོས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་ཡུལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཡོད་ས་ཨ་མ་ར་ཝ་ཏི་ཟེར་བའི་ས་ཆ་དེ་རེད། དེར་ད་ལྟ་ཡང་འབྲས་སྤུངས་མཆོད་རྟེན་གྱི་ཤུལ་ཡོད། དེར་སངས་རྒྱས་ཀྱི་ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ལ་དུས་འཁོར་གྱི་རྒྱུད་དངོས་སུ་གསུངས་པ་རེད།
ལར་དུས་འཁོར་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཐུན་མོང་དུ་ཉམས་སུ་ལེན་པའི་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་མཐོ་ཤོས་ཤིག་རེད།
ཁྱད་པར་དུས་འཁོར་གྱི་དབང་ཐོབ་པ་རྣམས་མ་འོངས་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་སའི་སྟེང་གི་ཀླ་ཀློ་མཐའ་དག་བཅོམ་སྟེ། རྫོགས་ལྡན་ཕྱི་མ་ཞེས་པའི་དུས་ཚིགས་དབུ་བཙུགས་ནས་དུས་ཀྱི་འཁོར་ལོའི་ཆོས་འཁོར་སྐོར་བ་དང་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་སོགས་ཀྱི་ཚེ་འཁོར་གྱི་ཐོག་མར་སྐྱེ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པ་དམ་པ་གོང་མ་དག་གིས་གསུངས།
དུས་ཀྱི་འཁོར་ལོ་ལ་ཕྱི་དུས་ཀྱི་འཁོར་ལོ་ཟེར་བ་ཉི་ཟླ་སྐར་མ་སའི་གོ་ལ་དང་བཅས་པའི་རྣམ་བཞག་འཕྲུལ་འཁོར་ཆེན་པོ་བརྒྱད་ལ་སོགས་པ་ཕྱི་རགས་པའི་རྟེན་འབྲེལ་འཆད་པ་དང་། ནང་དུས་ཀྱི་འཁོར་ལོ་ཞེས་པ་ནང་རྡོ་རྗེ་ལུས་ཀྱི་རྩ་ཐིག་རླུང་གསུམ་དང་ཕྱིའི་རྟེན་འབྲེལ་སྦྱར་ནས་ཉམས་སུ་ལེན་པའི་ཐབས་སྟོན་པ་དང་། གཞན་དུས་ཀྱི་འཁོར་ལོ་ཞེས་པ་སེམས་ཀྱི་གནས་ལུགས་སྐྱེ་བ་མེད་པ་འོད་གསལ་བ་དབང་བཞི་བའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དངོས་སུ་སྟོན་པ་བཅས་ཡིན། གཞན་དུས་ཀྱི་འཁོར་ལོ་ཟེར་ན་གསང་བ་དུས་ཀྱི་འཁོར་ལོ་ཟེར་བའི་དོན་རེད། དེ་ནི་རྟོགས་དཀའ་བ་དང་མཐར་ཐུག་གི་གནས་ལུགས་ཡིན་པའི་ཆ་ནས་ཕྱི་དང་ནང་གི་གནས་ལུགས་ལས་གཞན་པའི་གནས་ལུགས་ཡིན་པས་གཞན་དུས་ཀྱི་འཁོར་ལོ་ཟེར།
ལར་རིགས་ལྡན་པདྨ་དཀར་པོ་སོགས་ཤམ་བྷ་ལའི་རྒྱལ་པོ་རྣམས་ཀྱང་སྤྱན་རས་གཟིགས་སོགས་ཀྱི་སྤྲུལ་པ་ཡིན་པར་གསུངས་ཤིང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པས་བོད་རྗེས་སུ་འཛིན་པར་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་བཀའ་གདམས་གླེག་བམ་སོགས་ལས་གསུངས་པ་དེ་ཡིན་པས་ཁོང་གིས་སྐུ་ཕྲེང་འདིར་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་ལྷག་གསུངས་པའི་མང་པོ་ཞིག་རྡོ་རྗེ་གདན་དང་ཁྱད་པར་ཐེངས་སུམ་ཅུ་པ་དེ་ཆེད་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུང་དུ་གསུངས་པ་རེད། དེས་ན་དཔལ་ལྡན་འབྲས་སྤུང་ནི་དུས་འཁོར་གྱི་གནས་ཁྱད་པར་ཅན་རེད་ལ། དུས་འཁོར་ལས་ཕྱི་ནང་གི་རྟེན་འབྲེལ་ཆ་ཚང་བ་འཆད་པའི་སྟོབས་ཀྱིས་རྣམ་ཅུ་དབང་ལྡན་ལྟ་བུ་ཁང་པའི་ནང་སོགས་སུ་སྦྱར་ན་འབྱུང་བའི་རྟེན་འབྲེལ་འཁྲུགས་པའི་གནོད་པ་སེལ་བའི་གནད་ཀྱང་དེ་རེད།
ངོ་མ་བཤད་ན་རྣམ་བཅུ་དབང་ལྡན་ནི་དེང་སང་ཚང་མས་རིག་དངོས་སྒྱུ་རྩལ་ཙམ་དུ་རྩི་བཞིན་གང་བྱུང་བེད་སྤྱོད་བྱེད་ཀྱིན་ཡོད་ན་ཡང་དུས་འཁོར་གྱི་དབང་ཞུས་མཁན་ཞིག་ལ་མཚོན་ན་དེ་བས་ཀྱང་ཡི་དམ་དུས་ཀྱི་འཁོར་ལོའི་སྲོག་སྔགས་ཡིན་པས་གུས་ཞབས་དང་གཅེས་སྤྲས་ཆེན་པོ་དགོས།
དེ་བཞིན་ད་ལོ་ཡང་དུས་དབང་ཆེན་མོ་གནང་རྒྱུ་ཡིན་པའི་ཆ་ནས་ཚང་མས་དབང་ཞུ་སྟངས་དང་ཐོབ་སྟངས་ཕན་ཡོན་སོགས་ལ་རང་གི་མི་ཤེས་ན་ཡང་གཞན་ལ་དྲིས་ནས་དོ་སྣང་ཡག་པོ་གནང་འོས།
༸གོང་ས་མཆོག་གི་ཕྱག་བཞེས་སུ་ནམ་རྒྱུན་དུས་དབང་ཆེན་མོའི་སྔོན་འགྲོའི་བཀའ་ཆོས་ནི་དངོས་གཞི་ལས་ཀྱང་གལ་ཆེན་ཡིན་གསུངས་ནས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཧ་ཅང་ཟབ་ཅིང་རྒྱས་པའི་སྒོ་ནས་ངོ་སྤྲོད་གནང་གིན་ཡོད། དེ་ནི་རྫ་དཔལ་སྤྲུལ་གྱིས། མིང་སྔོན་འགྲོར་བཏགས་ཀྱང་དོན་དངོས་གཞི་ལས་ཟབ་གསུངས་པའི་དེ་ཡིན་པས་ཚང་མས་དོ་སྣང་ཧ་ཅང་ཆེན་པོས་ཉན་དགོས།