ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐང་ཆེན་དུ་སྔ་དྲོ་ཆུ་ཚོད་༡༡ཐོག ་བོད་དང་རྒྱ་ནག དེ་བཞིན་ཧི་མ་ལ་ཡི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་པར་དམིགས་བསལ་ཞལ་མཇལ་གྱིས་བཀའ་སློབ་རིམ་པར་སྩལ་ཡོད།
སྐབས་དེར་རྒྱ་ནག་སྐམ་ས་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་གཅིག་བརྒལ་བ་ཕེབས་ཡོད་པ་རྣམས་ལ་ ལམ་སྟོན་བཀའ་སློབ་སྩལ་དོན། རྒྱ་ནག་སྐམ་ས་ཆེན་མོ་ནས་ཁྱེད་རང་ཚོར་ཧ་ཅང་དཀའ་ངལ་ཡོད་ཀྱང་ཁྱེད་རང་ཚོས་ཨུ་ ཚུགས་བརྒྱབ་སྟེ་འདི་གར་ཆེད་མངགས་ཡོང་བར་བརྟེན། ཁྱེད་རང་ཚོར་དམིགས་བསལ་གྱི་འཚམས་འདྲི་ཡོད། སྔར་ལོ་རྒྱུས་ཐོག་ནས་རྒྱ་ཧོར་བོད་དབར་དམིགས་བསལ་གྱི་འབྲེལ་ཡོད་པ་ཞིག་ཆགས་ ཡོད། ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་ཆགས་ཡོད། ལོ་རྒྱུས་ནང་ཁྱེད་རང་ཚོ་དགེ་ཕྲུག་རྒན་པ་ཆགས་ཡོད། བོད་ལ་ནང་ཆོས་མ་དར་གོང་རྒྱ་ནག་ལ་ནང་ཆོས་དར་ཡོད་པར་བརྟེན་ངོས་ཀྱིས་ནམ་རྒྱུན་ ནས་ཁྱེད་རང་ཚོ་དགེ་ཕྲུག་རྒན་པ་རེད་ཅེས་བརྗོད་བཞིན་ཡོད། ང་ཚོ་དགེ་ཕྲུག་གཞོན་པས་ཁྱེད་རང་ཚོ་དགེ་ཕྲུག་རྒན་པར་གུས་འདུད་ཞུ་གི་ཡོད། ངོས་ཀྱིས་རྒྱ་རིགས་ཚོར་རྩེད་མོ་རྩེས་ནས་སངས་རྒྱས་ཀྱི་ལྟ་གྲུབ་ཀྱི་ཤེས་ཚད་ དེ་དགེ་ཕྲུག་གཞོན་པ་སྐྱོ་བ་རང་མེད་ཅེས་བརྗོད་ཀྱི་ཡོད། རྒྱ་ནག་ལོ་རྒྱུས་ཐོག་ནས་ཆ་བཞག་ན། ནང་པའི་ལུང་པ་ཞིག་ཆགས་ཡོད། དེ་རིང་ཁ་སང་ཆ་བཞག་ན་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་རྒྱ་ནག་ནང་གི་ནང་ཆོས་བྱེད་ མཁན་ཁ་གྲངས་ན་ནིང་ངོས་ཀྱིས་ཡིག་ཆ་ཞིག་མཐོང་བྱུང་བ་དེའི་ནང་ས་ཡ་གསུམ་བརྒྱ་ ཡོད་སྐོར་བརྗོད་འདུག དངོས་ཡོད་གནས་ཚུལ་ལ་རྒྱ་ནག་ནང་དེ་རིང་ཁ་སང་དྲང་བདེན་མེད་པ་དང་། དེ་བཞིན་ལྐོག་ཟ་རུལ་སུངས་བྱ་རྒྱུ་དེ་དག་གང་ཙམ་ཛ་དྲག་པོ་འདུག སྐྱོ་པོ་ཚོར་དཀའ་ངལ་འཕྲད་བཞིན་འདུག རྒྱ་ནག་འཛམ་གླིང་འདིའི་ཐོག་མི་འབོར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཅིག་རེད། འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཡོད་སོའི་ལུང་པ་དེའི་ནང་བྱམས་བརྩེའི་ལྟ་བ་ དང་སྤྱོད་པ་ཕྲན་བུ་འཕེལ་ཐུབ་ན། འཛམ་གླིང་ལ་ཕན་གྱི་རེད། ཁ་ཆེ་དང་ཡི་ཤུ ཏའོ་ཆོ་སུ་ཞིག་ཡིན་རུང་བྱམས་བརྩེ་གསུང་གི་ཡོད། སངས་རྒྱས་པའི་ཆོས་ཀྱི་ནང་བྱམས་བརྩེ་རྒྱུ་མཚན་དང་བསམ་བློའི་འགྲོ་སྟངས་མང་པོ་ ཞིག་འགྲེལ་བཤད་བརྒྱབ་ནས་བསམ་བློའི་སྦྱོང་བརྡར་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་ ཞིག་ཡོད་པ་དེ་དག་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཡང་འབྲེལ་བ་དང་ཕན་ཐོགས་ཡོད་པ་ ཞིག་ཆགས་ཡོད། དེ་སྔ་བོད་ལ་ནང་ཆོས་མ་དར་གོང་ནས་རྒྱ་ནག་ནང་བཅོམ་ལྡན་འདས་ཀྱི་བཀའ་དང་བསྟན་ བཅོས་མང་པོ་ཞིག་རྒྱ་ཡིག་ནང་བསྒྱུར་འདུག བོད་ནང་བསྒྱུར་བ་དེར་བཀའ་འགྱུར་བསྟན་འགྱུར་བརྗོད་ཀྱི་ཡོད། རྒྱ་ཡིག་ནང་ཡོད་པ་དེ་དག་ཡིན་གཅིག་མིན་གཅིག་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་ པོ་ཡིན། ངོས་ཀྱིས་ནམ་རྒྱུན་ནས་ང་ཚོ་དུས་རབས་ཉེར་གཅིག་གི་ནང་པ་བྱེད་དགོས་ཞེས་བརྗོད་ ཀྱི་ཡོད། དུས་རབས་ཉེར་གཅིག་གི་ནང་པ་བརྗོད་སྐབས་ཤོག་ཆགས་དམར་པོ་ཞིག་འཁྱེར་ནས་བླ་མ་ལྟ་ བུ་གྲྭ་ཆས་དམར་པོ་གྱོན་ཡོད་པ་ཞིག་ཐུག་སྟེ། འོད་དཔག་མེད་པས་མཁྱེན། ཞེས་བརྗོད་པས་འདང་གི་མེད། གོ་ཐོས་ལ་བོད་ནས་མར་གྲྭ་ཆས་གྱོན་ཡོད་པ་དེ་འདྲས་བདེ་བ་ཅན་དུ་འགྲོ་རྒྱུའི་ལམ་ ཡིག་ཚོང་གི་ཡོད་པ་རེད་ཅེས་གོ་བྱུང༌། ཁྱེད་རང་ཚོས་ནང་ཆོས་ནས་གསུངས་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གང་འདྲ་ ཡིན་པ་ཤེས་པར་བྱས་ཏེ་ཆོས་ཤོད་མཁན་ཞིག་ཡོང་གི་འདུག་ན། མཚན་ཉིད་ཚང་མ་ཚང་བརྟག་དཔྱད་བྱས་ནས་མཚན་ཉིད་ཚང་འདུག་ན་བླ་མའི་འདུ་ཤེས་འཇོག་ དགོས། མཚན་ཉིད་ཚང་ཡོད་པ་མི་ཤེས་ན་ཆོས་གྲོགས་ཀྱི་འདུ་ཤེས་བཞག་སྟེ་ཆོས་ཀྱི་བགྲོ་ གླེང་བྱེད་དགོས། བླ་མའི་འདུ་ཤེས་འཇོག་རྒྱུ་མེད། དེ་ཉེན་ཁ་ཡོད། དེ་བཞིན་ཁྱེད་རང་ཚོས་ངོས་ལ་ལམ་སེང་ཡིད་ཆེས་བྱེད་དགོས་དོན་མེད། སང་ཉིན་གནངས་ཉིན་ངོས་ཀྱིས་འགྲེལ་བཤད་རྒྱག་སྐབས་ཡག་པོ་ཉན་ནས་བླ་མའི་ཚན་ཉིད་ འདུག་མི་འདུག་བསམ་བློ་གཏོང༌།
མདོ་དོན་སྙིང་པོ་དེ་སངས་རྒྱས་པའི་ཆོས་ཞེས་པ་དེ་བསམ་བློ་བཏང་ནས་འགྲོ་རྒྱུ་ ལས་སྨོན་ལམ་བརྒྱབ་ནས་འགྲོ་རྒྱུ་ཞིག་མིན། དེ་རིང་ཁ་སང་ཚན་རིག་པའི་ནང་ནས་སངས་རྒྱས་པའི་ཆོས་ནང་བསམ་བློའི་འགྲོ་སྟངས་ དང་། བསམ་བློ་གང་འདྲ་བྱས་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་པའི་སྐོར་གསུངས་ཡོད་པའི་ ཐོག་ལ་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག ནམ་རྒྱུན་སྟོན་པ་ཐུབ་པའི་དབང་པོ་དང་རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་དེ་ཚོའི་ གྲས་ལ་ངོས་ཀྱིས་ཚན་རིག་པ་བསམ་བློ་གཏོང་མཁན་བརྗོད་ཀྱི་ཡོད། ཕྱོགས་གཅིག་ནས་བལྟས་ནས་ཚན་རིག་པ་རེད་བརྗོད་ཐུབ་པ་ཞིག་རེད། གང་ལ་ཞེ་ན། བཅོམ་ལྡན་འདས་ཉིད་ཀྱིས། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བ་བྱ་ཡི་གུས་ཕྱིར་མིན། གསུངས་ཡོད་པ་དེ་ཚན་རིག་པའི་བསམ་བློ་གཏོང་སྟངས་དང་ཡོངས་སུ་མཐུན་གྱི་འདུག
དེ་རིང་འདིར་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བ་ཁྱེད་རང་ཚོར་ང་ཚོ་བོད་ཀྱི་རྙོག་ གྲའི་སྐོར་དེ་ཚིག་གཅིག་གཉིས་ཤིག་ཤོད་འདོད་བྱུང༌། རྩ་བའི་ངོས་རང་ལོ་བཅུའི་གོང་ནས་ཕྱེད་རྒན་ཡོལ་བྱས་ནས་བསྡད་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༣ པའི་ནང་ངོས་ཀྱིས་སྲིད་ཀྱི་འགན་ཁུར་ཆ་ཚང་མང་གཙོའི་འོས་བསྡུའི་ཐོག་ནས་བསླེབས་ ཡོད་པའི་ཆབ་སྲིད་འགོ་ཁྲིད་ཆ་ཚང་སྤྲད་ཡོད། ཕྱི་ལོ་ ༡༩༧༩ ལོར་ཏེང་ཞའོ་ཕིང་ཡོད་སྐབས་འབྲེལ་བ་དང་པོ་བྱུང་བ་རེད། ལོ་ ༣༢ དེའི་རིང་ལ་ངོས་ཀྱིས་ངོས་ནས་བསམ་པ་རྣམ་དག་གཉིས་ཕན་ཞིག་གི་ཐོག་ནས་དཀའ་ངལ་ སེལ་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་པ་ཡིན། ལྷག་པར་དུ་ཉེ་བའི་ལོ་བཅུ་ཕྲག་ཅིག་གི་རིང་རྒྱ་རིགས་མཁས་དབང་དང་སློབ་ཕྲུག་དེ་ བཞིན་ཚོགས་པ་དེ་འདྲ་གྲོགས་པོ་མང་པོ་ཐུག་བྱུང༌། དེ་དག་དང་ང་ཚོའི་དཀའ་ངལ་དེ་གཉིས་ཕན་ཞིག་གི་ཐོག་ནས་སེལ་ཐུབ་རྒྱུའི་གོ་བསྡུར་ བྱེད་སྐབས་ཚང་མས་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་འདུག ཁྱེད་རང་ཚོ་རྒྱ་ནག་མི་མང་གི་ཆ་ཤས་ཤིག་ཆགས་ཡོད། འདི་གར་བསླེབས་པ་རེད། འདི་གར་བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དེ་དག་གང་འདྲ་ཞིག་འདུག་ཁྱེད་ རང་ཚོས་ཉམས་ཞིབ་ཡག་པོ་བྱས་ཏེ་ཞོར་ཞོར་དུ་ཕན་ཚུན་གོ་བསྡུར་བྱེད་ཀྱི་ཡིན་ནའང་ གོ་བསྡུར་བྱེད་རྒྱུ་ཡོང་གི་རེད། འཛམ་གླིང་འདི་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེར་བདག་པ་རེད་ བརྗོད་ཀྱི་ཡོད། དེ་བཞིན་ལུང་པ་དེ་དང་དེ་ལུང་པ་དེའི་མི་མང་ལ་བདག་ཡོད་ཅེས་བརྗོད་ཀྱི་ཡོད། ངོས་རང་ཨ་རིར་སླེབས་སྐབས་ངོས་ཀྱིས་ཨ་རིའི་ལུང་པ་དེ་ཨ་རིའི་མི་མང་ས་ཡ་གསུམ་ བརྒྱ་ཙམ་ཡོད་པ་ཚོར་བདག་ཡོད་ཅེས་བརྗོད་ཀྱི་ཡོད། ཁྱེད་རང་ཚོ་མི་མང་གི་ཆ་ཤས་ཡིན་པར་བརྟེན་དངོས་ཡོད་གནས་ཚུལ་ཤེས་པ་བྱ་རྒྱུ་དེ་ ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་པ་བྱ་རྒྱུའི་ཐོབ་ ཐང་ཡོད། དངོས་ཡོད་ཀྱི་གནས་ཚུལ་ཤེས་ནས་དེ་ལེགས་ཉེས་འབྱེད་རྒྱུའི་རྣམ་དཔྱོད་ཡོད་པ་ རེད། རྒྱ་ནག་ནང་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གྱི་དཀའ་ངལ་དེ་དག་དངོས་ཡོད་གནས་ ཚུལ་ཞིབ་འཇུག་བྱས་ཏེ་དངོས་ཡོད་གནས་ཚུལ་ཁས་བླང་སྟེ་གཉིས་ཕན་གྱི་ཐབས་ལམ་ཐོག་ ནས་དཀའ་ངལ་སེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ནང་ཆོས་ཀྱི་འགྲེལ་བཤད་ཞིབ་ཕྲ་སང་ཉིན་གནངས་ཉིན་ཡོང་གི་རེད་ཁྱེད་རང་ཚོར་གཟབ་ ནན་ཐོག་ཉན་རོགས། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།
པཎ་གྲུབ་བཅུ་བདུན་དེ་ཚོའི་གྲས་ལ་ཚན་རིག་པ་བསམ་བློ་གཏོང་མཁན་ཟེར་ནས་གསུངས་མ་སོང་། མཚན་ཉིད་རིག་པ་བ། བསམ་བློ་བ་ཞེས་དང་། དེའི་རྗེས་ཙམ་ལ་ཚན་རིག་པ་ཟེར་ནས་དབྱེ་བ་ཕྱེ་ནས་གསུངས་མ་སོང་ངམ།
བཀྲིས།