ནང་བསྟན་རིག་མཛོད་ཆེན་མོ་ཤར་གཏོང་བྱས་པ་ཞེས་པའི་མཆན༢༧པ་བཀླགས་རྗེས།
རྒན་ལགས་ཀྱི་མཆན་༢༧པ་བཀླགས་རྗེས་བརྗོད་པར་འདོད་པའི་བསམ་ཚུལ་འགའ་ཤས་ཤིག་བྱུང་སོང་བ་གཤམ་དུ་ཤར་མར་བྲིས་ཡོད་པས་ཀུན་གྱིས་དགེ་འདོན་སྐྱོན་སེལ་འཛེམས་བག་མེད་པར་གནང་བའི་རེ་བ་ཡོད།
༡ རྗེས་སུ་ཡི་ཡང་བྲིས་ནོར་ཤོར་བར་ངོས་འཛིན།
༢ འཁྲུལ་འཁོར། ཆོས་དཔེ་ཁག་ནང་། རྣལ་འབྱོར་བའི་སྒོམ་སྒྲུབ་སོགས་ཀྱི་སྐབས་འཁྲུལ་འཁོར་ཞེས་པའི་ཚིག་འདི་ཡང་སེ་མཐོང་རྒྱུ་འདུག འཕྲུལ་འཁོར་གྱི་རིགས་འདི་ནི་མིག་འཁྲུལ་སྒྱུ་མ་ལྟ་བུ་ཞིག་ཡིན་པས་འཁྲུལ་འཁོར་ཞེས་བཏགས་པ་ཡིན་ནའང་ཐང་སྟེ། ༡ འཕྲུལ་འཁོར་གྱི་འབྲི་རྒྱུན་ཡང་སྔོན་མ་ཞིག་ནས་ཡོད་པ་མ་ཟད་ ༢ ད་ལྟ་ཡོངས་ཁྱབ་ཀྱིས་འཕྲུལ་འཁོར་དང་འཕྲུལ་ཐབས་རིག་པ། འཕྲུལ་རིག འཕྲུལ་ཆས་ཟེར་ནས་དར་སོ་ཆེ། ཡང་།༣ བོད་ལ་ནང་ཆོས་ཆེས་ཐོག་མར་དར་བའི་སྐབས་ནས་ཡོད་པའི་སྤྲུལ་ཟེར་བའི་ཐ་སྙད་གཉིས་ལ་འབྲེལ་བ་ཡོད་པ་རེད། འཕྲུལ-སྤྲུལ། འཕེལ-སྤེལ། ཕུང-སྤུངས། འཕུར-སྤུར། འཕར-སྤར་སོགས་གཞན་ཡང་འདི་ལྟ་བུ་མང་པོ་འདུག་པ། འཕྲུལ་གྱི་ལྷ་བཙན་པོ་སོགས་ཀྱིས་འཕྲུལ་ཞེས་པའི་ཚིག་འདི་ཁུངས་ལྡན་ཞིག་ཡིན་པ་བསྟན་འདུག ༤ འཁྲུལ་ནི་ནོར་བའི་དོན་ཅན་ཡིན་པས། འཁྲུལ་འཁོར་ནི་ནོར་བའི་འཁོར་ལོ། འཁྲུལ་ཐབས་རིག་པ་ནི་ནོར་བའི་རིག་པ་འཁྲུལ་ཆས་ནི་ནོར་བའི་དངོས་ཆས་སོགས་ལ་ངོས་འཛིན་དགོས་པར་འགྱུར། ༥ འཁྲུལ་ལ་འཕྲུལ་ནང་བཞིན་གྱི་ཁུངས་དང་རྒྱུ་མཚན་ཉུང་བ་མ་ཟད་མིག་ཚིག་རང་སྟེང་ནས་གང་ཞིག་འོས་མིན་དཔྱད་ནའང་འཕྲུལ་རང་བྲིས་ན་བདེ་བར་མཐོང་།
༣ དབེན་པ་དགའ་བ་ལ་ཞིག་ཤུགས་ཀྱིས་འོང་། ཟེར་བ་ལས། དབེན་པ་ལ་དགའ་བ་ཞིག་ཤུགས་ཀྱིང་འོང་ཟེར་ན་ཡིད་ངོར་བདེ།
༤ ཆེ་རྒན་ཡང་བློ་ངོར་བདེ་རྒྱུ་མི་འདུག ལོ་ཆེ་རུ་འགྲོ་དུས། ལོ་རྒན་དུ་འགྲོ་དུས་ཟེར་ན་ཟོར་ཡང་ཞིང་སྐྱར་ཟློས་སུ་མ་སོང་བའི་ཚིག་ཅིག་མ་རེད་དམ།
༥ སྤིར་བཏང་། བྲིས་ནོར་ཤོར་འདྲ།
༦ ཡིན་ཀྱང་། ནི་སྔོན་མའི་བྲིས་མང་པོ་ཞིག་ན་འདི་འདུག ད་ལྟའང་འདི་ལྟར་འབྲི་མཁན་མང་པོ་འདུག ད་སྔ་ཡོད་པའི་ཕྲད་ཀྱི་སྦྱོར་ཚུལ་ལྟར་ན། ཡིན་ཡང་ཞེས་འབྲི་དགོས་པར་འདོད། ཁྱེད་ཚོ་ལའང་ཁུངས་དང་རྒྱུ་མཚན་གཉིས་ཀ་ཡོད་པ་ངས་ཤེས་ཀྱི་ཡོད། དེ་ལས་གཅིག་ནི། ད་དྲག་ཐོབ་མིན་གྱི་ཐོག་ནས་ཕྲད་སྦྱོར་ཚུལ་ལའང་མཚུངས་མིན་མང་པོ་ཞིག་ཡོང་གི་འདུག ཡིན་ཀྱང་ཟེར་བ་འདི་སྐད་ཀྱི་ནང་སྒྲ་རང་ཆས་སུ་ཡོད་པ་ཞིག་ཡིན་ན་ང་ལ་བཤད་རྒྱུ་ཆེར་མེད། དེ་མིན་ད་དྲག་ཐོབ་མིན་གྱིས་ཡིན་ན་ང་ལ་བཤད་རྒྱུ་ཡོད། གནས་སྐབས། ཡིན་གྱི་རྗེས་སུ་ཀྱང་ཐོབ་མིན་དེ་གཡུགས་ཤོག ད་བར་གྱི་མཁས་པ་མང་པོ་ཞིག་གི་དཔེ་ཆའི་ནང་། ཡིན་གྱི་རྗེས་སུ། ཏེ་དེ་སྟེ་གསུམ་ལས་གང་ཐོབ་པ། ཅིང་ཞིང་ཤིང་གསུམ་ལས་གང་ཐོབ་མིན། ཅེས་ཞེས་ཤེས་གསུམ་ལས་གང་ཐོབ་མིན། ལ་དོན་གྱི་ཕྲད་གང་ཐོབ་མིན། འབྲེལ་སྒྲའི་ཕྲད་གང་ཐོབ་མིན་སོགས་ལ་ཅིག་དཔྱད་པ་ཡིན་ན་ལན་གཅིག་མ་གཏོགས་རྙེད་དཀའ་དཀར་སྣང་། ཡིན་དེ་ད་དྲག་མི་ཐོབ་པའི་ཁོངས་སུ་འདུག
རྗེས་འཇུག་ན་ར་ལ་གསུམ་ཡིན་ཚད་ལ་ད་དྲག་ཐོབ་ཀྱི་མེད་པ་འདྲ། དེ་འདྲ་ཡིན་ན། ད་ན་ར་ལ་ཡི་རྗེས་སུ་ཅིག་ཅིག་ཉིག་ཉིག་ཐོབ་ཟེར་བའི་རྩ་ཚིག་གཞན་དང་གཞན་པ་དག་ཀྱང་བེད་མེད་རེད། ངས་ད་བར་ཅུང་ཟད་སྦྱངས་ནས་ཤེས་པ་ལྟར་ན། ཀུན་དང་མཁྱེན། གཏན་སོགས་ད་དྲག་ངོ་བོ་ཉིད་ནས་ཐོབ་པ་འགའ་ཞིག་ཡོད་པ་དང་། ད་དྲག་ཐོབ་པ་གཙོ་བོ་དག་ནི་བྱ་ཚིག་ལས་དུས་འདས་པ་དང་སྐུལ་ཚིག་ལ་སྦྱར་བ་ཆེས་ཆེར་མང་ལ་ཕལ་ཆེར་གཅིག་གྱུར་ལྟ་བུར་འདུག་ཅེས་བཤད་ན་འགལ་ཆ་ཆེར་མི་འདུག ཡིན་ཡང་། ཁ་ཁུག་དག་ན་འབྲི་ཚུལ་མི་མཐུན་པ་ཡོད་པ་དེའང་བཤད་མི་དགོས་པ་ཞིག་རེད། ཁྱེད་རང་གིས་ཀྱང་ཉེ་སྔོན་དག་ཆ་རེ་ཟུང་གི་ཁུངས་རོང་ཟོམ་ཆོས་བཟང་དང་དགེ་ལུགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པའི་མཚན་ཅན་ལ་གཏུགས་པ་ལྟ་བུ་རེད། དངོས་གནས་རོང་ཟོམ་ལྟ་བུའི་མཁས་པ་ཞིག་ཁོང་གི་སྔོན་ལ་བོད་ལ་བྱོན་མྱོང་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད་ཅེས་འགོས་ལོ་ཙྰ་བས་ཀྱང་གདེང་འཇོག་བླ་ལྷག་ཏུ་གནང་ཡོད་པ་རེད་དེ། དག་ཆ་རེ་ཟུང་གི་འབྲི་རྒྱུན་ཡོངས་གྲགས་དང་མ་མཐུན་པ་བྱུང་ཡོད་པ་དངོས་ཡོད་རེད། ད་ང་ཚོས་དོན་དམ་པར་སུ་ལ་ཁུངས་གཏུགས་དགོས་པ་རེད། དེ་ལ་ངེས་པར་དུ་སྐུ་ཉིད་ནས་དགོངས་པ་ཞིག་བཞེས་དགོས་པར་འདུག
༧ རྩིས་སྟངས་མི་བྱེད་ཟེར་བ་འདིའང་ང་ལ་མཚོན་ན་ཁྱད་མཚར་པོ་ཞིག་ཏུ་མཐོང་། ངའི་ཕ་ཡུལ་དུ་རིན་ཐང་། རྩིས་ཐང་ཟེར། དེ་ཡང་རྩིས་ཐང་མི་བྱེད་མི་ཟེར་བར་རྩིས་ཐང་མེད་པ་དང་རྩིས་ཐང་ཆེ་ཟེར་ནས་བཤད་ཅིང་འབྲི།
༨ རྩིས་མཐོང་འདི་ཡང་བློ་ངོར་མི་བདེ། བརྩི་མཐོང་ཟེར་ན་བློ་ངོར་བདེ། དེ་གོམས་མ་གོམས་ཀྱི་ཁྱད་ཅིག་ཡིན་ས་རེད།
དགོངས་དག
ཤུགས་ཀྱང་འོང་ཤུགས་ཀྱིས་འོང་ལ་བཅོ་བར་བྱ།
ད་ན་ར་ལ་ཡི་ད་དེ་ལེན་པར་གྱིས།
བོད་སྐད་ལ་རྣམ་དཔྱོད་ལྡན་པ་མཆོག་ལ། ཁྱེད་ཀྱི་གསུངས་པ་རྣམས་ཕལ་ཆེར་བདེན་པར་མཐོང་།
༡ རྗེས་སུ་ཡི་རང་ལ། ཡི་ཡང་ཞེས་ནོར་བ་ལ་དགོངས་དག
༢ འཁྲུལ་དང་། འཕྲུལ་ཞེས་སྒྲ་མི་འདྲ་བ་གཉིས་ཡོད་པ་ན། སྔ་མ་དེ་ཕྱི་མ་དེ་དང་སྒྲ་གདངས་འདྲ་བས། སྔ་མ་དེ་ཕྱི་མ་ལས་བྱུང་བར་སྔར་ནས་བསམ་པ་ཡོད་ཀྱང་། སེམས་རྣལ་དུ་མ་གནས་པས་ནོར་ནས། འཁྲུལ་ཞེས་བྲིས་པ་ལ་ཡང་། དགོངས་དག
༣ འཕྲུལ-སྤྲུལ། འཕེལ-སྤེལ། ཕུང-སྤུངས། འཕུར-སྤུར། འཕར-སྤར་སོགས་བྱ་ཚིག་གི་སྒོ་ནས། དང་པོ་དེ་དག་ཡུལ་མེད་པའི་བྱ་ཚིག་དང་། གཉིས་པ་དེ་རྣམས་ཡུལ་ཡོད་པའི་བྱ་ཚིག་ཅེས་བྱ་བར་ངོས་འཛིན། དེ་ཡང་ཡོངས་གྲགས་སུ་བྱ་བྱེད་ཐ་མི་དད་དང་། བྱ་བྱེད་ཐ་དད་ཅེས་བྱ་ཡང་། བདག་གིས་མིང་བཏགས་པ་དེ་དག་གོ་སླ་བའི་ཕྱིར་དུ་ཡུལ་མེད་དང་ཡུལ་ཡོད་བྱ་ཚིག་ཅེས་བརྗོད་པ་ཡིན།
༤ འཕྲུལ་དང་སྤྲུལ་གཉིས་ཀ་ལ་བདེན་པ་མ་ཡིན་པའི་དོན་ཡོད་པས། འཁྲུལ་ཞེས་་དམིགས་བསལ་བཤད་པ་མི་དགོས་སྙམ། འཕྲུལ་ཆས་གང་ཡིན། ཡིད་ཆེས་པ་དཀའ་བས་འཕྲུལ་ཆས་སམ། འཕྲུལ་འཁོར་ཞེས་མིང་གི་ཐ་སྙད་བྱུང་ངམ་སྙམ།
༥ ཁྱེད་ཀྱི་གྲུབ་མཐའ་ལ་རྒྱབ་བསྐོར།
༦ ལོ་ཆེ་རྒན་དུ་འགྲོ་དུས་དབེན་པ་ལ་དགའ་བ་ཞིག་ཤུགས་ཀྱིས་འོང་། ཞེས་བཅོས་ཡོད། ཚིག་ཉུང་བར་དགོས་ན་ཁྱེད་བདེན།
སྤྱིར་བཏང་ལ། ༥ སྤིར་བཏང་། ཞེས་བྲིས་ནོར་ཤོར་པར་དགོངས་དག
༦ ཡིན་ཀྱང་། ཡིན་ཡང་། ཞེས་པར་ངའི་བསམ་པ་ན། ཡིན། ཞེས་པ་ད་ལྟ་འདས་མ་འོངས་སྨོན་ཚིག་བཅས་ལ་ད་བཤུལ་ཡོད་མེད་བལྟ་དགོས་མ་གཏོགས་ཡིག་གཟུགས་ལ་འགྱུར་བ་མེད་པས། སྐབས་ཐོབ་ཀྱི་ཚིག་ལ་བལྟ་དགོས། དེ་ཡང་འདས་ཚིག་དང་སྨོན་ཚིག་དག་ལ་ད་བཤུལ་ཡོད་པས། ཡིན་ཏོ། ཡིན་ཏུ། ཡིན་ཀྱི། ཡིན་ཅིག ཡིན་ཅིང་། ཞེས་དགོས་སྙམ། ན་ར་ལ་གསུམ་ལ་ད་བཤུལ་ཡོད་མེད་ལ་མ་ལྟོས་པར་ཏེ་ཐོབ་ཀྱང་། དོགས་པ་ཟ་སྲིད་པས། ན་ར་ལ་ས་དྲག་མཐར་ཏེ། ཞེས་གསུངས། དེ་ཡང་དྲག་ཅེས་པ་བདག་ལྟ་བུ་བློ་བརྟུལ་པོ་ཞིག་གིས་ཐོས་པ་ན་དྲག་ཅེས་པ་ཅི་ཞིག་ཡིན་ནམ་སྙམ་པའི་བསམ་བློ་སྐྱེ་བ་མ་གཏོགས། དྲག་གི་དོན་གོ་དཀའ། དེ་ལ་ད་བཤུལ་ཟེར་ན། དོན་གོ་སླ་བར་སྙམ། འདི་ལ་མཁས་པ་དག་གིས་དགོངས་འཆར་ལ་དགའ་བསུ།
༧ རྩིས་སྟངས་ ཞེས་པ་ངའི་ང་ཁ་ལ་སླ་བར་འབྱུང་། རྩི་བའི་ཚུལ་ལ་རྩིས་སྟངས་ཟེར་བ་མ་ཡིན་ནམ། མཐའ་གཅིག་ཏུ་ཁ་ཚོན་ཆོད་དཀའ། རྩིས་ཐང་། ཞེས་པའི་ཐའི་སྒྲ་འཐོན་པར་འབད་པ་དགོས་པར་སྣང་། རིན་ཐང་། ངའི་ཁ་ལ་ཡང་འདུག ཐའི་སྒྲ་འཐོན་པར་ཟུར་དུ་འབད་པ་དགོས་པ་མི་འདུག །
རོང་ཟོམ་ཆེན་པོ་མཁས་པ་ཡིན་པར་རྩོད་མེད་དང་། ངས་ཁོང་གིས་གསུང་འབུམ་ཞིབ་པར་བཀླགས་མེད། འོན་ཀྱང་དེ་ཉིད་ཀྱི་གསུང་འབུམ་དེབ་གཟུགས་སུ་ཡོད་པ་ལས། གཉིས་ཞེས་པ་དེ་ལག་ཏུ་རྙེད། སྔར་དེ་ཉིད་སྤར་བྱང་ལ་གཞིར་བཟུང་སྟེ། དཔར། ཞེས་པར་མ་ཡིན་པར་སྤར་ཞེས་པ་ལ་ཁུངས་གཏུགས་པ་འདྲ། འོན་ཀྱང་ད་ལྟ་དེ་ཉིད་ལ་ལྟ་དུས་གོང་དུ་བཤད་པའི་སྤྲུལ་དང་འཕྲུལ་སྐོར་ལ་བརྟག་ན། དེབ་གཉིས་པའི་ཤོག་ ༢༦། ༣༢། སོགས་མང་པོ་ཞིག་ན། འཁྲུལ། ཞེས་དང་། ཤོག་ ༤༠ ན། འཕྲུལ། ཞེས་པ་ཞིག་ཀྱང་འདུག སྒྱུ་འཕྲུལ། ཞེས་པ་ལེགས་སྦྱར་དུ། མཱཡཱ ཞེས་པ་སྟེ། སྒྱུ་མ། ཞེས་པའི་དོན་དང་། འཕྲུལ་ཞེས་སྒྲ་གཉིས་བྱུང་བ་མ་གཏོགས། སྒྱུ་མ་དང་འཕྲུལ་དོན་གཅིག་ཏུ་སྣང་། དེ་ཡང་དགོས་པའི་དབང་གིས་ལྷས་གདུལ་བྱ་ལ་དེ་མིན་པ་ལ་དེར་བསྟན་པ་ལ་འཕྲུལ་པ་དང་། སོ་སོའི་བློའི་དབང་གིས་དེ་མ་ཡིན་པ་ལ་དེར་སྣང་བ་ལ་འཁྲུལ་པ་ཞེས་མཁས་པ་རྣམས་ཀྱི་བཞེད་པ་ལྟ་བུ་ཞིག་ཏུ་གོ ཁྱེད་བློ་གསལ་གཞོན་ནུ་རྣམས་ཀྱིས་དཔྱད་པ་མཛད་དགོས་སོ།།
མདའ་ཚན་པ་ལགས། ཉིད་ཀྱིས་ད་དྲག་ཐོབ་པ་གཙོ་བོ་དག་ནི་བྱ་ཚིག་ལས་དུས་འདས་པ་དང་སྐུལ་ཚིག་ལ་སྦྱར་བ་ཆེས་ཆེར་མང་ལ་ཕལ་ཆེར་གཅིག་གྱུར་ལྟ་བུར་འདུག་ཅེས་བཤད་ན་འགལ་ཆ་ཆེར་མི་འདུག ཅེས་གསུངས་པར་གཞིགས་ན་དོན་གནད་ཆ་ཚང་སྟོན་མ་ཐུབ་པའི་བཟོ་ཞིག་འདུག
འདི་ལས་གསལ་བར་ཞིག་གསུང་རྒྱུ་ཡོད་ན་གསུངས་རོགས།
མ་ཟད་ཀུན་དང་མཁྱེན་སོགས་ལ་ངོ་བོ་ཉིད་ཀྱི་ད་དྲག་ཐོབ་ཚུལ་ཐག་བཅད་འདུག འོ་ན་ཀུན་ལ་ངོ་བོ་ཉིད་ཀྱི་ད་དྲག་ཐོབ་ན་དུས་དང་རྣམ་པ་ཀུན་ཏུ་ད་དྲག་ཡོད་དམ། མེད་ན་ངོ་བོ་ཉིད་ཀྱི་ད་དྲག་ཅེས་པའི་ཚིག་འདིའི་བཟོ་ཤོར་སོང་འདུག དེ་ཚོ་ལ་བློ་སྐྱེད་ཅིག་གནང་རོགས་ཞུ།
རྫུ་འཕྲུལ་དང་། ནོར་འཁྲུལ་གཉིས་ནི། ཕ་དང་ཕའི་ཁ་ལྟར་ཁྱད་པར་ཆེ་བར་གསལ།
ཡང་། ཁ་པར། འདྲ་དཔར། ཤིང་སྤར་ཞེས་སོ་སོར་གོ་དོན་བཀྲལ་ནས་བཀོལ་གཅོད་བྱས་ན་མི་གྲིག་གམ། ཆེད་རྩོམ་ཉི་མ་དང་མཆན་པུ་ཟླ་འོད་ཀྱིས་བདག་བློའི་པདྨ་དང་ཀུ་མུ་ད་ཁ་ཕྱེ་བར་ཕན། །
བསོད་ནམས་རྡོ་རྗེ་ལགས།
ད་དྲག་ཐོབ་པ་གཙོ་བོ་དག་ནི་བྱ་ཚིག་ལས་དུས་འདས་པ་དང་སྐུལ་ཚིག་ལ་སྦྱར་བ་ཆེས་ཆེར་མང་ལ་ཞེས་པ་དེ་དུས་འདས་པ་དང་སྐུལ་ཚིག་མང་ཆེ་བར་ད་དྲག་ཐོབ་པའི་དོན་མ་རེད། ད་དྲག་གི་འཇུག་པ་རང་གི་ཐོག་ནས་བལྟས་ན། དུས་འདས་པ་དང་སྐུལ་ཚིག་ལ་ཐོབ་པ་མང་བའི་དོན་རེད།
ཚེ་ཏན་ཞབས་དྲུང་ཚང་གིས་ཀུན་དེ་ད་དྲག་ངོ་བོ་ཉིད་ནས་ཐོབ་པའི་གྲས་སུ་བཞག་འདུག རེད། ངོ་བོ་ཉིད་ཟེར་དུས་རྣམ་ཀུན་ཏུ་ད་དྲག་ཡོད་པའི་དོན་མ་ཡིན་ནམ།
རྒན་ལ་དྭགས་པ་ལགས།
ཁྱེད་ཀྱིས་འཕྲུལ་དང་འཁྲུལ་ལ་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ།
ཡ་རྣམ་པ་ཚོ་་་ད་དྲག་་་གི་ཐོག་ནས་བཤད་ན་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་་་བོནད་ཡུལ་་་ཞེས་པ་དེ་་་བོད་ཡུལ་་་དུ་གྱུར་བ་རེད་གསུངས་པ་དེ་ལ་ངོས་ལེན་ཡོད་དམ་མེད། ཁྱེད་བརྡ་སྤྲོད་ཀྱི་མངའ་བདག་ཚོས་གཅིག་གསུངས་དང།
མིག་འཕྲུལ་དང་མིག་འཁྲུལ་སྒྲ་གཉིས་པོ་འདི་ནང་སྔ་མ་དེ་དག་གམ། ཡང་ན། ཕྱི་མ་དེ། ལན་ཡོད་པ་དེ་ལ་ངས་འགྲེལ་བཤད་ཅིག་ཞུ་བསམ་པ་ལགས་སོ།།
བོད་ཅེས་པའི་མིང་དེ་བོན་ལས་བྱུང་བར་བདག་གིས་ཀྱང་འདོད་ཐུབ། མིག་འཕྲུལ། རྫུ་འཕྲུལ། འཕྲུལ་འཁོར། འཁྲྲལ་ཆས་སོགས་སྤྲུལ་པས་་སྤུལ་བ་ལྟ་བུ་ལ་ཕ་འཕྲུལ་དང་།
ཡང་། འཁྲུལ་ཤེས། ལོ་འཁྲུལ། འཁྲུལ་སྣང་སོགས་དངོས་པོའི་གནས་ཚོད་དེ་ལས་རང་གིས་མི་ཤེས་པར་ལོག་པར་འཁྲུལ་བ་ལ་ཁ་འཁྲུལ་ཐོབ་དགོས།
དཔེར་ན། སྒྱུ་མ་མཁན་གྱིས་ལྡེའུ་ཤིང་རྟ་གླང་དུ་སྤྲལ་པའི་ཡུལ་རྟ་གླང་དེ་སྒྱུ་འཕྲུལ་ཞེས་ཕ་འཕྲུལ་དང་། སྔགས་རྫས་ཀྱིཡ་མིག་སླད་པའི་ལྟད་མོ་བ་ལ་དེ་རྟ་གླང་སྣང་བའི་མིག་དང་ཤེས་པ་འཁྭལ་པ་དེ་རང་གིས་མི་ཤེས་ནས་འཁྲུལ་པས་ཁ་འཁྲུལ་ཐོབ།
འོ་ན། མདའ་ཚན་ལགས། སྐུ་ཉིད་ཀྱིས་ངའི་བྲིས་པ་དེ་ལ་ཡང་ཀློག་ཅིག་བྱས་ནས་གསུང་ལན་ཞིག་གནང་རོགས།
ཐག་བཅད་སྔ་སྐྱོན་མེད་དམ་སྙམ།
འཁྲུལ་འཕྲུལ་གཉིས་ལ་ཡུལ་དང་ཡུལ་ཅན་གྱི་ཆ་ནས་འཇོག་སྲོལ་ཡོད།
བསོད་ནམས་རྡོ་རྗེ་ལགས།
ད་དང་ས་གཉིས་ཡང་འཇུག་རེད། ག་ང་བ་མའི་རྗེས་སུ་ས་འཇུག་པར་བཤད་ཡོད་པ་རེད། ཡིན་ནའང་། ག་ང་བ་མ་ཡིན་ཚད་ལ་ས་འཇུག་གི་མེད་པ་ལྟར་ད་དྲག་ཀྱང་དེ་ལྟར་རེད།
ཡིན་ནའང་། ད་དྲག་ཐོབ་མིན་དེ་དེ་འདྲའི་སྟབས་བདེ་ཞིག་མིན་པར་རྙོག་དྲ་ཆེ་ཙམ་འདུག་སྙམ། བྱ་ཚིག་གཅིག་ལ་མཚོན་ནའང་ད་དྲག་ཐོབ་པའི་སྐབས་དང་མི་ཐོབ་པའི་སྐབས་གཉིས་འདུག དཔེར་ན། བསྩལ་ལྟ་བུར་མཚོན་ན། བསྩལ་ཏོ། སྩོལ་ཅིག་ཅེས་ད་དྲག་ཐོབ་པའི་དབང་དུ་བྱས་ནས་བྲིས་ཡོད་པ་དང་། མ་འོངས་པའི་སྐབས། བསྩལ་དུ་གསོལ་ཞེས་ད་དྲག་མི་ཐོབ་པའི་དབང་དུ་བྱས་ནས་བྲིས་འདུག་པའང་མཐོང་རྒྱུ་འདུག དེ་བས་ཞིབ་ཙམ་བཤད་དགོས་ན། ཞིབ་འཇུག་ཅུང་མ་བྱས་པར་མང་པོ་ཞིག་བཤད་དཀའ་བར་སྣང་།
རྒན་ལ་དྭགས་ལགས་ཀྱི་དྲི་བར་ཀརྡོས་ལན་གནང་འདུག་ཀྱང་ཁོ་བོས་ཀྱང་ཁ་གསབ་ཉུང་ཙམ་བྱེད་པར་སྤྲོ།
མིག་འཕྲུལ་དང་མིག་འཁྲུལ་གཉིས་གྱིས་དོན་མི་འདྲ་གཉིས་སྟོན་གྱི་ཡོད་པས་གང་དག་མིན་གྱི་དྲི་བ་དེ་ནོར་འཁྲུལ་ཅན་གྱི་དྲི་བ་ཞིག་ཏུ་མཐོང་། མིག་ལ་རྫུ་འཕྲུལ་ལམ་སྒྱུ་འཕྲུལ་བསྟན་པ་ལྟ་བུའི་བྱེད་ལས་དང་ལྡན་པས་མིག་འཕྲུལ། དེ་ལྟ་བུའི་སྣང་བས་མིག་གཉིས་འཁྲུལ་བར་བྱེད་པའི་ཆ་ནས་མིག་འཁྲུལ་ཞེས་ཀྱང་འབྲི་ཆོག་པར་འདོད།
སྒྱུ་མའམ་འཕྲུལ་ལ་ལེགས་སྦྱར་སྐད་དུ། མཱ་ཡཱ། ཞེས་མིང་ཚིག་ཡོད་ཀྱང་། དེ་ལ་སླུ་བ་དང་སླུ་བ་མ་ཡིན་པ་གཉིས་སུ་སྣང་བས། སླུ་བ་དེ་་ཉིད། སྒྱུ་མ། ཞེས་བསྒྱུར་པ་དང་། སླུ་མ་ཡིན་པ་དེ་ཉིད། སྒྱུ་འཕྲུལ། ཞེས་བསྒྲུར་པར་མངོན་ཏེ། དཔེར་ན། ལྷ་མོ་སྒྱུ་འཕྲུལ་མ་དང་། སྒྱུ་འཕྲུལ་དྲ་བ། ཞེས་པ་ལྟ་བུ། དེ་བཞིན་དུ། འཕྲུལ། ཞེས་པ་ལ་་ཡང་སླུ་བ་དང་། སླུ་བ་མ་ཡིན་པ་གཉིས་སུ་དབྱེ་དགོས། དབུ་མ་འཇུག་པའི་སེམས་བསྐྱེད་༦ ཚིགས་བཅད། ༢༥ རང་འགྲེལ་ན། མིག་འཕྲུལ་མཁན། སྒྱུ་མ་མཁན་དང་དོན་འདྲ། ཞེས་པ་ཡོད་པས། སྒྲ་གདངས་གཅིག་པས་ཕྱིས་སུ་སླུ་བྱེད་ཀྱི་འཕྲུལ་དེ་ལ། འཁྲུལ། ཞེས་ཡོངས་གྲགས་སུ་གྱུར་ཀྱང་། དོན་དུ་འཕྲུལ་པ་ཉིད་འཁྲུལ་པ་རུ་ཆགས་པ་ཡིན་འདུག་ཅེས་སེམས་སོ།།
སྒོམ་རིམ་བར་མ་ལས།
་་་ཕྱིར་དང་། གང་ཟག་ནིརྟག་པ་དང་། གཅིག་པུའི་ངོ་བོ་ཡིན་པར་གཞན་དག་གིས་བརྟགས་པའི་ཕྱིར་རོ། དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་ནི་”འཁྲུལ་པ་”ཁོ་ནའོ་ཞེས་དཔྱད་པར་བྱའོ། །
མཁས་པ་འགས། ཕྱག་དཔེའི་མཚན་ལ། ལེགས་བཤད་འཕྲུལ་གྱི་ལྡེའུ་མིག ཅེས་པ་བཀོད་པ་དང་། སྔགས་ཀྱི་སྐབས་སུ་ཡོ་གའམ།Yogaའི་སྐད་དོད་འཁྲུལ་འཁོར་ཞེས་བསྒྱུར་པའང་འདུག མདོར་ན། རྫུ་འཕྲུལ་ལྟ་བུའི་འཁྲུལ་ཆས་དང་འཕྲུ་འཁོར། ཞེས་འདོགས་པའི་རྒྱུ་མཚན་ནི། དེ་ཡི་འགྲོ་སྟངས་དེ་མིག་གིས་ཟིན་མི་ཐུབ་པར་འཕྲུལ་ཆ་ཆེ་བས་མིག་ལ་འཁྲུལ་པ་སྐྱེ་བའི་རྒྱུ་རུ་གྱུར་པས་ཡུལ་ལ་སྒྱུ་མའི་འཕྲུལ་སྣང་ཆེ་དྲགས་པས། ཡུལ་ཅན་ཡིད་དང་མིག་སོགས་ལོག་པར་འཁྲུལ་བར་བྱེད་པས་ཁྱད་པར་ཙམ་མོ།
མདའ་ཚན་ལགས། སྐུ་ཉིད་ཀྱིས་གསུང་སྟངས་ལ་གཞིག་ན་རྟགས་འཇུག་ལ་སློབ་སྦྱོང་མེད་པར་འདྲ། ད་དྲག་ཐོབ་ཡུལ་བྱ་ཚིག་ལ་དཀའ་ངལ་ཞིག་མེད་པ་རེད། རྒྱུ་མཚན་ན་ར་ལ་གསུམ་རྗེས་འཇུག་ཅན་གྱི་འདས་སྐུལ་གང་རུང་ལ་ད་དྲག་ཐོབ་པའི་ཁྱབ་པ་ཡོད། འདི་ནི་ཁོ་བོས་ཐག་བཅད་ཀྱི་གྲུབ་འབྲས་ཐུན་མིན་ཞིག་རེད་ཅེས་ཞུ་ཆོག
བྱ་ཚིག་གི་སྐོར་འདི་སྦྱོང་དཀའ་ཡང་ཤེས་དཀའ་བ་ཞིག་མ་རེད། རིག་གཞུང་ལ་ཤ་ཞན་ཡོད་པར་ཡི་རངས་ཞུ།
རྒན་འཇམ་དཔལ་ལགས། འཁྲུལ་དང་འཕྲུལ་གཉིས་དོན་གཅིག་ཡིན་ན་སངས་རྒྱས་ཀྱི་འཁྲུལ་བ་ཡོད་དམ། འདིའི་འཐད་ལ་གསལ་བཤད་ཅིག་གནང་རོགས་ཞུ།
Tashi Delek !
མིག ན་ར་ལའི་རྗེས་འཇུག་ཅན་གྱི་འདས་པ་ཡིན་ཚད་ལ་ད་དྲག་ཐོབ་པས་མ་ཁྱབ། ཁྱེད་རང་གི་ཐག་ཆོད་པའི་གྲུབ་འབྲས་དེ་ཡོངས་སུ་ནོར་རོ། རྟོགས་བརྗོད་བརྒྱ་པ་ལས་དཔེ་མཚོན་ཁ་ཤས་ཤིག་ཤར་མར་བཀོད་ཡོད་པ་ལྟར།། ད་དྲག་མི་ཐོབ་པའི་རྒྱུ་མཚན་གྱིས་རྗེས་འཇུག་རང་འདྲའི་རྗེས་སུ་རང་འདྲ་སྦྱར་རོ། སྦྱིན་ཞིང་ལ་སྦྱིན་ཅིང་ཞེས་བྲིས་མེད་དོ།
དེ་ལྟར་ཟེར་རོ། བར་མེད་དུ་འཁོར་རོ། རྗེས་སུ་དྲན་ནོ། སོ་སོ་ལ་ལྷམ་ཟུང་དག་ཕུལ་ལོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། བུ་རམ་ཤིང་འཕེལ་དུ་ཁྱེར་རོ། རྣམ་པར་རྒྱལ་ལོ། སྦྱིན་པ་དག་སྦྱིན་ཞིང་། ཕྱིར་བཀུག་སྟེ་བྱིན་ནོ། ལྟ་བུ།
སུམ་རྟགས་སྐོར་ད་དུང་རྩོད་རོགས་གནོངས་།
མིག་མཆོག་ལ་ཞུ་བ། ཁྱེད་ཀྱིས་༢༠༡༢ ཟླ་༡་ཚེས་༩་བཀོད་པ་འདི་ལྟར། “རྒན་འཇམ་དཔལ་ལགས། འཁྲུལ་དང་འཕྲུལ་གཉིས་དོན་གཅིག་ཡིན་ན་སངས་རྒྱས་ཀྱི་འཁྲུལ་བ་ཡོད་དམ། འདིའི་འཐད་ལ་གསལ་བཤད་ཅིག་གནང་རོགས་ཞུ།”ཁྱེད་ཀྱིས་འདི་ལྟར་བྲིས་པ་ལ་ངས་ལན་བརྒྱབས་མེད་པར་དགོངས་དག ཁྱེད་ལྟར་ན། སངས་རྒྱས་ལ་འཕྲུལ་པ་ཡོད་ཅིང་འཁྲུལ་པ་མེད་པའི་གོ་རྟོགས་ཀྱིས་དེ་ལྟར་བཀོད་པར་བསམས། དེ་ལྟར་ཡིན་ན། སངས་རྒྱས་ལ་འཕྲུལ་པ་ཇི་ལྟར་ཡོད་དམ། ཞེས་འདྲི་དགོས་པས། སངས་རྒྱས་ལ་འཁྲུལ་པ་མེད་ཅིང་། འཕྲུལ་པ་ཡོད་པའི་དཔེ་ཞིག་འགོད་པར་མཛོད།
སངས་རྒྱས་ལ་སྒྱུ་འཕྲུལ་དང་རྫུ་འཕྲུལ་མེད་དམ།