(བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་གྱིས་ཞུས་པའི་བཅར་འདྲི་འདི་དུས་བབ་ནས་བཤུས་པ་ཡིན།)
༼ཉེ་ལམ་ང་རང་བོད་རིག་པའི་མཁས་དབང་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ལ་མཇལ་བའི་གོ་སྐབས་བྱུང་ཞིང་། སྐབས་དེར་ཁོང་ལ་ད་ལྟའི་བོད་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་མ་འོངས་པའི་ཁ་ཕྱོགས་བཅས་ཀྱི་ཐད་དགོངས་ཚུལ་ཅི་ཡོད་འདྲི་རྒྱུའི་གོ་སྐབས་བྱུང་ལ། སྐབས་དེའི་དྲི་བ་དྲི་ལན་ཁག་ཅིག་གཤམ་དུ་བཀོད་ཡོད།༽
དྲི་བ། སྐུ་ཉིད་ནི་ཡུ་རོབ་ལ་ཕེབས་པའི་བོད་པ་ཐོག་མའི་གྲས་རེད་ཅེས་གོ་མྱོང་། སྐབས་དེ་དུས་ཀྱི་རེ་བ་དེ་གང་འདྲ་ཞིག་ཡིན་ནམ།
ལན། དང་པོ་ང་ཚོའི་དམིགས་ཡུལ་ནི་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་ཀྱི་གནས་སྟངས་འཛམ་གླིང་ལ་ངོ་སྤྲོད་བྱེད་རྒྱུ་དེ་ཡིན། ༡༩༥༩ ལོའི་སྔོན་ཏེ་ང་ཚོ་འདིར་མ་ཡོང་བའི་སྔོན་ལ་བོད་ཅེས་པ་དེ་ལུང་པ་གང་དུ་ཡོད་མེད་ཁྱོན་ནས་ཧ་གོ་གི་ཡོད་པ་མ་རེད། དེར་བརྟེན་ང་ཚོ་འདིར་ཡོང་དོན་ནི་ང་ཚོ་སུ་རེད། ས་ཆ་གང་ནས་ཡོང་བ་ཡིན། བོད་ཀྱི་ཤེས་རིག་དེ་ཅི་རེད། འདི་དག་ཕྱིའི་མི་རིགས་ལ་འགྲེལ་བཤད་རྒྱག་རྒྱུ་དེ་འདྲ་ཞིག་ཡིན། འདི་ང་ཚོའི་ཐོག་མའི་དམིགས་ཡུལ་འདྲ་བོ་ཡིན། དེ་དུས་ཡུ་རོབ་གླིང་གི་མཐོ་རིམ་སློབ་གྲྭ་སོ་སོས་ང་ཚོའི་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་གི་ཡིན་ཅེས་ང་ཚོ་ཐོག་མར་སྐད་བཏང་བ་རེད། དེ་ལྟར་ང་ཚོ་འདིར་ཡོང་བ་རེད།
དྲི་བ། བོད་ཀྱི་གནད་དོན་འདི་ཕྱོགས་གཅིག་ནས་རྒྱལ་ཁབ་ཁག་གི་སྲིད་གཞུང་རིམ་པ་ནས་གླེང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ནི་སྐུ་ཉིད་ནས་གསུངས་པ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་རིམ་པ་ན་འགྲོ་གི་ཡོད་པ་རེད། ཡིན་ཡང་དེང་སྐབས་བོད་ཕྱི་ནང་གཉིས་ན་བོད་རིག་པ་ཅེས་པའི་སྡེ་ཚན་ཞིག་གི་འོག་ན་བོད་ཀྱི་གནད་དོན་འདི་གླེང་གི་ཡོད་པ་རེད། དེ་བྱས་དུས་འདིའི་ཁ་ཕྱོགས་དང་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་པ་རེད།
ལན། བོད་རིག་པའི་ཞིབ་འཇུག་ཅེས་པ་དེ་ད་སྐབས་ཕྱོགས་ཁག་མི་འདྲ་བ་གཉིས་ཆགས་པ་རེད། རྒྱ་ནག་གི་ཕྱི་ལོགས་ལ་ཡོད་པའི་བོད་རིག་པ་མང་ཆེ་བ་དེ་ཚན་རིག་དང་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་ངོ་སྤྲོད་བྱེད་པའི་རིམ་པ་ཞིག་ལ་འགྲོ་གི་ཡོད་པ་རེད། རྒྱ་ནག་ནས་ཡོང་བཞིན་པའི་བོད་རིག་པའི་ཞིབ་འཇུག་ཟེར་བ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་སྒྲུབ་བྱེད་འཚོལ་གི་ཡོད་པ་རེད། ཁོ་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་སྒྲུབ་པ་ལ་གཙོ་ཆེ་ཤོས་ཤིག་ནི་སྔ་མོའི་ལོ་རྒྱུས་དང་དེའི་རྗེས་ཀྱི་བོད་དང་རྒྱ་ནག་གཉིས་བར་འབྲེལ་བ་གང་བྱུང་བ་དེ་དག་སྟབས་གང་བདེའི་སྒོ་ནས་སྒྲིག་སྟེ་བོད་འདི་ཕར་རྒྱ་ནག་གི་འོག་ལ་ཕྱིན་སྟངས་དང་། དེའི་སྒྲུབ་བྱེད་གང་ཡིན་གསལ་བོ་བཟོ་གི་ཡོད་པ་རེད། ཡིན་ཡང་རྒྱ་ནག་གི་ཕྱི་ལོགས་ལ་ཡོད་པའི་བོད་རིག་པའི་ཞིབ་འཇུག་བྱེད་མཁན་ཚོའི་དམིགས་ཡུལ་དེ་འདྲ་མ་རེད། བདེན་པའི་གནས་ཚུལ་གྱི་ཐོག་ནས་ཞིབ་འཇུག་བྱེད་པ་མ་གཏོགས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་མིན་གྱི་རྩོད་པའི་ཐོག་ལ་བསམ་འཆར་ཡོད་པ་མ་རེད། བྱས་ཙང་ཞིབ་འཇུག་བྱེད་སྟངས་ཀྱི་དམིགས་ཡུལ་རྦད་དེ་ཁ་ཁ་རེད། དེ་གཉིས་ཁ་ཕྱོགས་ལྡོག་ནས་འགྲོ་གི་ཡོད་པ་རེད།
དྲི་བ། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འགོར་བ་རེད། སྐུ་ཉིད་ནི་བོད་རྒྱ་ཞི་མོལ་ཞེས་པ་དེར་ཡིད་ཆེས་ཡོད་དམ།
ལན། ངའི་བསམ་པར་དབུ་མའི་ལམ་གྱི་ཐོག་ནས་འགྲོ་བ་དེ་སྐུ་མདུན་གྱིས་རྒྱ་ནག་གཞུང་ལ་ཐེངས་མང་པོར་ཞུས་པ་རེད། རྒྱལ་སྤྱིའི་སྲིད་དོན་གྱི་དཔོན་རིགས་ཁག་བརྒྱུད་ནས་ཀྱང་སྐད་ཆ་བཤད་པ་རེད། རྒྱ་ནག་གཞུང་ནས་ཁ་ཐུག་གི་ལན་གང་ཡོང་གི་ཡོད་པ་རེད་ཅེ་ན། འདི་རང་བཙན་ལེན་རྒྱུའི་དམིགས་ཡུལ་ཞིག་རེད་མ་གཏོགས་རང་སྐྱོང་བཤད་གིན་ཡོད་པ་མ་རེད་ཅེས་ལན་རྒྱག་གི་ཡོད་པ་རེད། དེ་བྱས་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་ནག་གཞུང་གཉིས་ཀྱི་བསམ་ཚུལ་མདུང་རྩེ་ཁ་སྤྲོད་ལྟ་བུ་ཆགས་བསྡད་ཡོད་པ་རེད། འགལ་ཟླ་ཆེན་པོ་རེད། ང་ཚོའི་དམིགས་ཡུལ་དེ་འགྲུབ་ཁག་པོ་མེད་འགྲོ་བསམ་གྱི་འདུག ཡིན་ཡང་ངའི་བསམ་པར་ཉི་མ་ཞིག་ལ་བོད་རང་བཙན་འཐོབ་པའི་རེ་བ་ཞེ་དྲག་ཡོད། གང་ཡིན་ཅེ་ན། ལོ་རྒྱུས་ཐོག་ནས་བལྟས་ན། རྒྱ་ནག་གི་ལོ་རྒྱུས་ཐོག་ནས་ཆབ་སྲིད་ཤུགས་ཆེ་ཤོས་ཤིག་ཐང་རྒྱལ་རབས་རེད། དེའི་རྗེས་ནས་མིན་རྒྱལ་རབས་རེད། དེ་ནས་སུང་དང་ཡོན། ཆིན་བཅས་ལོ་རྒྱུས་རིམ་པ་བཞིན་དུ་ཡོད་པ་རེད། རྟག་པར་དུ་སྡོོད་པ་ཞིག་ཡོད་པ་མ་རེད། འགྱུར་བ་འགྲོ་གི་རེད། དེ་ནང་བཞིན་ཉིན་ཞིག་ལ་འགྱུར་བ་ཞིག་ཡོང་གི་རེད། ད་ལྟ་རྒྱ་ནག་གིས་ཆབ་སྲིད་ཚོགས་པ་གཅིག་མ་གཏོགས་ཡོང་འཇུག་གི་ཡོད་པ་མ་རེད། བྱས་ཙང་རྒྱ་ནག་གི་མི་འབོར་འདི་འདྲའི་ཆེན་པོ་ཞིག་ལ་ཆབ་སྲིད་ཚོགས་པ་གཅིག་གིས་དབང་བསྒྱུར་བྱ་རྒྱུ་དེ་ཉི་མ་གཅིག་ལ་ཁག་པོ་ཆགས་གི་རེད། དཔེར་ན། ༡༩༨༨ ལོའི་སྔོན་ལ་ཨུ་རུ་སུའི་རྒྱལ་ཁབ་ལ་དེ་འདྲའི་དཀའ་ངལ་ཞིག་ཡོང་གི་རེད་ཅེ་ན་མི་སུ་ཞིག་གི་ཨམ་འཇོག་ནང་ལ་འགྲོ་གི་ཡོད་པ་མ་རེད། རྒྱལ་ཁབ་དེ་འདྲའི་སྟོབས་ཤུགས་ཆེན་པོ་ཞིག་ཉི་མ་གཅིག་ལ་རྦད་དེ་གས་ནས་ལུང་པ་མང་པོར་ཆགས་པ་རེད། འདི་རེ་བ་འདྲ་བོ་ཞིག་ཡིན། འདི་འདྲ་ཞིག་བརྒྱ་ཆ་བརྒྱ་ཐམ་པ་ཡོང་གི་རེད་དང་མ་རེད་ཅེ་ན་བཤད་ཁག་པོ་རེད་དེ། གལ་སྲིད་དེ་འདྲ་ཞིག་བསླེབས་པ་ཡིན་ན་ང་ཚོ་བོད་པ་ཚོས་དེ་ལ་དཔག་པའི་ལས་ཀ་བྱེད་པར་གྲ་སྒྲིག་ཡོད་པ་རེད་དམ་མ་རེད་ཅེ་ན་ང་ལ་དོགས་པ་ཡོད། ངའི་བསམ་པར་བོད་པའི་ནང་ཁུལ་ལ་ཆོལ་ཁ་གསུམ་བྱས། ཆོས་ལུགས་ཀྱི་ནང་ནས་ཀྱང་མི་མཐུན་པ་མང་པོ་ཆགས། དེ་བྱས་དུས་བོད་ཀྱི་ཆིག་སྒྲིལ་དེ་ཡག་པོ་ཞིག་ཡོང་དང་མི་ཡོང་ཐད་ང་ལ་དོགས་པ་ཡོད། སྤྱིར་དབུ་མའི་ལམ་ནས་བོད་དོན་སེལ་ཐུབ་པའི་རེ་བ་ཡོད། ཡིན་ཡང་ཕལ་ཆེར་རེ་བ་དེ་སྟོང་བ་མིན་འགྲོ་བསམ་ཡོད།
དྲི་བ། ང་ཚོས་ལོ་ ༣༠ ལྷག་གི་རིང་ལམ་ཁ་འདིར་རེ་བ་བརྒྱབས་པ་རེད། གལ་སྲིད་འདི་མི་འགྲུབ་ཚེ་ང་ཚོར་ལམ་ཁ་གཞན་པ་འདྲ་ཡོད་པ་རེད་དམ།
ལན། ཡང་ན་དབུ་མའི་ལམ་ལ་འགྲོ་དགོས་པ་རེད། དེ་མིན་ན་བརྒྱ་ཆ་བརྒྱ་ཐམ་པ་རང་བཙན་གྱི་ཐོག་ལ་འགྲོ་དགོས་པ་རེད། དེ་མིན་པའི་ལམ་ཁ་ནི་དཀའ་ལས་ཁག་པོ་ཆགས་སོང་བསམ་གི་ཡོད། ཡིན་ཡང་ང་རང་གི་བསམ་ཚུལ་ཞིག་ལ། དེ་རིང་སང་ཉིན་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་བསླེབས་བསྡད་ཡོད་པ་རེད། དེ་བྱས་དུས་ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་སྔོན་མ་ལོ་ ༣༠༠ སྔོན་གྱི་ལམ་ལུགས་རེད། ༡༦༤༢ ལོ་ནས་ད་བར་དུ་ཆབ་སྲིད་ཀྱི་ལམ་ལུགས་གཅིག་པ་རེད། ངའི་བསམ་ཚུལ་ལ་མུ་མཐུད་དུ་ཆབ་སྲིད་ཀྱི་ལམ་ལུགས་འདི་ཉར་ནས་འགྲོ་དགོས་ན་དཀའ་ལས་ཁག་པོ་རེད། འཛམ་བུ་གླིང་ལ་ལོ་ ༣༠༠ སྔོན་ལ་ཆབ་སྲིད་ཀྱི་ཕྱོགས་ནས་གནས་ཚུལ་ལ་འགྱུར་བ་མང་བོ་ཕྱིན་པ་རེད། ཡིན་ཡང་ང་ཚོས་ལོ་ ༣༠༠ རིང་གི་ཆབ་སྲིད་ཀྱི་ལམ་ལུགས་གཅིག་ཉར་ནས་བསྡད་ཡོད་པ་རེད། ལམ་ལུགས་འདི་གང་འདྲ་རེད་ཟེར་ན། རྒྱལ་བ་རིན་པོ་ཆེ་སྐུ་ཐོག་རིམ་བྱོན་ནས་སྐུ་ཕྲེང་བཅུ་བཞི་པ་བར་དུ་ཕེབས་ཡོད་པ་རེད། འདི་ལྟར་མུ་མཐུད་ཕྱིན་པ་ཡིན་ན་ཉི་མ་གཅིག་ལ་ང་ཚོར་སྐུ་ཕྲེང་བཅོ་ལྔ་པ་དེའང་ཡིན་གཅིག་མིན་གཅིག་དགོས་པ་རེད། ངས་བལྟས་ན་འདི་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད་བསམ་བསྡད་ཡོད། རྒྱལ་བ་སྐུ་ཕྲེང་གཅིག་འདས་ནས་སྐུ་ཕྲེང་གཞན་པ་དེ་སྲིད་ཁྲིར་ཕེབས་རག་བར་དུ་ལོ་མང་པོ་ཞིག་ལ་བསྒུག་དགོས་པ་རེད། དེའི་ཁར་སྐུ་ཕྲེང་དེ་གང་དུ་འཁྲུངས་མིན་སོགས་ལའང་དཀའ་ངལ་རེད། དེ་རིང་སང་ཉིན་འཛམ་གླིང་གི་སྲིད་འཛིན་དེ་འདྲ་ཡིན་ན་ཉིན་གཅིག་དང་གཉིས་ཀྱི་རིང་ལ་ཐག་ཆོད་དགོས་ཀྱི་ཡོད་པ་རེད། ང་ཚོས་ལོ་ ༡༥ དང་ ༡༦ དེ་འདྲའི་རིང་ལ་བསྒུག་དགོས་དུས་དེའི་རིང་ལ་ག་རེ་ཡོང་མིན་སུས་ཤེས། དེ་བས་ད་ལྟ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་སྐུ་དངོས་སུ་བཞུགས་པའི་སྐབས་ལ་བོད་མི་མང་ཚང་མ་ཆིག་སྒྲིལ་ཆགས་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་སྟེང་འདི་ལྟའི་ཆིག་སྒྲིལ་ཞིག་ཡོང་མྱོང་ཡོད་པ་མ་རེད། ང་ཚོར་༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་བསམ་གྱིས་མི་ཁྱབ་པ་ཞིག་ཕེབས་ཡོད་པ་རེད། གལ་སྲིད་ཁོང་མི་བཞུགས་དུས་ཤིག་ལ་བོད་མི་རྣམས་ཀྱིས་ད་ལྟའི་ཆིག་སྒྲིལ་འདི་ཉར་ཐུབ་མིན་ནི་དོགས་པ་ཆགས་ཡོད་པ་རེད། དེ་རིང་སང་ཉིན་འཛམ་གླིང་སྟེང་བོད་ཀྱི་སྐོར་ལ་སྐད་ཆ་བཤད་དུས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་མི་བཤད་མཁན་ཡོད་པ་མ་རེད། དེའི་རྗེས་ལ་ག་རེ་ཡོང་གི་རེད་དེ་ལ་ཚོད་དཔག་བྱས་ནས་བསྡད་ཡོད་པ་རེད། ཡིན་ཡང་། ང་ཚོ་བོད་པ་ཚོས་འདིའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། བོད་པ་ཚོར་རྣམ་རྟོག་ཆེན་པོ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུ་འདས་འགྲོ་གི་རེད་ཅེས་སྐད་ཆ་བཤད་ཐུབ་གི་མ་རེད། བཤད་འདོད་ཀྱང་ཡོད་པ་མ་རེད། བཤད་ཀྱང་ཉན་འདོད་ཡོད་པ་མ་རེད། ཚང་མས་ཁ་བཙུམ་ནས་བསྡད་ཡོད་པ་རེད། བྱས་ཙང་ད་ནི་སྐད་ཆ་བཤད་དགོས་པ་རེད། ཉི་མ་གཅིག་ལ་དཀའ་ངལ་འཕྲད་དུས་ང་ཚོ་ཚང་མ་ནག་ཁུང་ནས་ཕར་མཆོངས་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། གནས་སྟངས་དེ་འདྲ་རེད། ལོ་རྒྱུས་སྟེང་ནས་བཤད་ན། སྔོན་མ་༧རྒྱལ་བ་སྐུ་ཕྲེང་རེ་འདས་སྐབས་བོད་ལ་དཀའ་ངལ་ཡག་ཐག་ཆོད་རེ་ཡོང་གི་ཡོད་པ་རེད། ཡིན་ཡང་སྔོན་མ་དཀའ་ངལ་འཕྲད་དུས་ང་ཚོར་རང་གི་ལུང་པ་ཡོད་པ་རེད། དེང་སང་དེ་འདྲ་མ་རེད། བྱས་ཙང་དེ་མི་ཡོང་བའི་ཐབས་ཤེས་གང་ཡོད་པ་རེད་ཟེར་ན། དེ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་ཀྱི་ཕྱག་ལ་ཉར་བསྡད་ཡོད་པ་རེད། ཁོང་གིས་ཅིག་གསུངས་པ་ཡིན་ན་ད་ལྟ་མི་སུ་གཅིག་གིས་ཀྱང་དེ་མ་རེད་ཅེས་སྐད་ཆ་བཤད་མཁན་ཡོད་པ་མ་རེད། མ་རེད་ཟེར་མཁན་ཡོད་ན་ཁོར་རྒྱུ་མཚན་ཞིག་དགོས་པ་རེད། ཡིན་ཡང་རྒྱུ་མཚན་ཡོད་པ་མ་རེད། ངས་འདི་ལྟར་བཤད་ན་བོད་པ་ཚང་མ་ང་ལ་དགའ་གི་མ་རེད། ང་ལ་དགའ་གི་མ་རེད་ཅེས་སྐད་ཆ་མ་བཤད་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད།
དྲི་བ། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་ཡང་སྲིད་ཕེབས་སྟངས་སྐོར་ལ་གདམ་ཀ་འགའ་གསུངས་ཡོད་པ་རེད། ད་ལྟའི་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་སྐུ་ཉིད་ནས་གདམ་ཀ་གང་ཞིག་འཚམ་ཤོས་སུ་མཐོང་གི་ཡོད་དམ།
ལན། ངའི་བསམ་ཚུལ་ཡིན་ན་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་མ་འདས་སྤྲུལ་སྐུ་འདྲ་བོ་ཞིག་ངོས་འཛིན་གནང་བ་ཡིན་ན་འོས་པར་མཐོང་གི་ཡོད། གང་ཡིན་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་ཁོང་གིས་གསུངས་པ་ཡིན་ན་མི་སུ་གང་གིས་ཡིན་དང་མིན་ཟེར་ཐུབ་པ་ཡོད་པ་མ་རེད། ཡིན་ཡང་། རྒྱ་ནག་གིས་ཀྱང་ཏཱ་ལའི་བླ་མ་ཞིག་ངོས་འཛིན་བྱེད་མདོག་ཁ་བོ་རེད། གང་ལྟར་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་སྐུ་དངོས་སུ་གསུངས་པ་ཡིན་ན་དེའི་ཤུགས་འདྲ་གི་མ་རེད། གཙོ་བོ་བོད་མི་རིགས་ཀྱིས་ཁོང་ལ་ཡིད་ཆེས་བྱེད་གི་རེད། དཔེར་ན། ༧པན་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་པ་དང་གཅིག་པ་མིན་འགྲོ་བསམ་གི་འདུག
དྲི་བ། སྐུ་ཉིད་ལ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིར་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞུ་བ་དེ་བོད་ཀྱི་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་བསྡད་པ་ཞིག་རེད། ༡༦༤༢ ལོ་ནས་བཟུང་ ༡༩༥༩ ལོ་བར་དུ་བརྟན་པོར་བཟུང་བ་རེད། དེ་བྱས་དུས་ལོ་རྒྱུས་ཀྱི་ཐོག་ནས་ཞེ་དྲག་གལ་ཆེན་པོ་རེད། ཡིན་ན་ཡང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་དུས་རབས་ཉེར་གཅིག་པའི་ནང་དུ་འཁྱེར་འགྲོ་རྒྱུ་དེ་དཀའ་ལས་ཁག་བསྡད་ཡོད་པ་རེད། ཆབ་སྲིད་ཟེར་བ་འདི་ལོ་བརྒྱ་ཕྲག་ཕར་ཞོག དེ་རིང་སང་ཉིན་ཉི་མ་རེ་ཟུང་གི་ནང་དུའང་འགྱུར་བ་འགྲོ་བ་མང་པོ་ཡོད་པ་རེད། ངའི་བསམ་པར་ད་སྐབས་བོད་ཀྱི་དོན་དག་ལ་བླ་མ་དང་གྲྭ་བ་ཚོས་ལས་ཀ་བྱེད་ན་མ་གཏོགས་མི་སྐྱ་ཞིག་གིས་ཕལ་ཆེར་ལས་ཀ་བྱེད་མི་ཐུབ་པའི་བཟོ་འདྲ་ཞིག་མཐོང་གི་འདུག འཛམ་གླིང་མི་དམངས་ཀྱི་སྣང་ངོར་ཡང་བོད་པ་རེད་ལབ་དུས་སྐྲ་བཞར་ཡོད་པ་དང་། གྲྭ་ཆས་གོན་ཡོད་མཁན་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་རེད་མ་གཏོགས། གཞན་བོད་པ་ཞེས་པའི་གཟུགས་བརྙན་དེ་མི་ཚང་མར་ཧ་ཅང་གི་གསལ་བོ་ཡོད་པ་མ་རེད། དེ་བྱས་དུས་འཛམ་གླིང་སྤྱི་ལ་བོད་ལབ་དུས་གྲྭ་བའི་སྡེ་མ་གཏོགས་གཞན་པར་མཐོང་མེད་པའི་གནས་ཚུལ་ཆགས་ཡོང་གི་འདུག ང་ཚོ་དམངས་གཙོའི་རིང་ལུགས་ངོ་མ་ཞིག་ལ་འགྲོ་གི་ཡིན་ན་ཆོས་སྲིད་གཉིས་ད་ལྟ་ནས་ཁ་ཁར་ཕྱེ་ན་མ་གཏོགས་རྗེས་ལ་དཀའ་ངལ་ཞིག་འཕྲད་ཡོང་གི་རེད་བསམ་གྱི་འདུག
དྲི་བ། ཆོས་སྲིད་ཟུང་འབྲེལ་འདི་ཁ་ཁར་ཕྱེ་བ་ལ་དཀའ་ངལ་འདྲ་གཟིགས་ཀྱི་མི་འདུག་གམ།
ལན། ཉེ་ལམ་ངྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་མ་འཚོགས་པའི་སྔོན་ལ་ངས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་ལ་རྩོམ་ཐུང་ཞིག་བྲིས་པ་ཡིན། གང་ཡིན་ཟེར་ན། བོད་ཀྱི་ནང་པའི་ཆོས་དེ་ང་ཚོར་མེད་དུ་མི་རུང་བ། ཚང་མར་དགོས་བསྡད་པ་ཞིག་རེད། ཡིན་ཡང་། ཆོས་བྱེད་པ་ནི་མི་སོ་སོའི་ལས་འགན་ཞིག་རེད་མ་གཏོགས། འདིའི་ལམ་ལུགས་འདི་སྤྱི་ཚོགས་ཆེན་པོ་ཞིག་གི་སྟེང་ལ་བཞག གཞུང་འབྲེལ་ཐོག་དེར་ལག་པ་འཆང་བསྡད་ན་ཁག་པོ་ཆགས་ཡོང་གི་རེད། ཆོས་དང་སྲིད་ཁ་ཁར་ཕྱེ་བ་ཡིན་ན་དེ་རིང་དུས་རབས་ཉེར་གཅིག་པའི་ནང་དུ་འགྲོ་བར་དཀའ་ངལ་མི་འདུག་བསམ་གྱི་ཡོད། འདི་ལྟར་བཤད་ཡོང་དུས་མི་ཁ་ཤས་ཀྱིས་ཁོ་ཆོས་ལ་དགའ་བོ་མི་འདུག་ཟེར་བ་འདྲ་བོ་བཤད་མདོག་ཁ་བོ་རེད་དེ། དེ་མིན། སྐད་ཆ་དྲང་མོ་ཡིན། དུས་རབས་ཉེར་གཅིག་པའི་ནང་འདིར་བླ་མ་ཚོས་མཚམས་རེར་ཆོས་བྱེད་ཀྱི་ཡོད་པ་འདྲ་བོ། མཚམས་རེར་ཆབ་སྲིད་ཀྱི་ཐོག་ལ་ལས་ཀ་བྱེད་ཀྱི་ཡོད་པ་འདྲ་བོ། དེ་འདྲའི་སྐད་ཆ་མང་པོ་ཡོང་གི་ཡོད་དུས་ཁག་པོ་མིན་འགྲོ་བསམ་གྱི་འདུག གང་ཡིན་ཟེར་ན། ཆབ་སྲིད་ཀྱི་ཐོག་ནས་འགྲོ་དུས་སྐད་ཆ་མང་པོ་བཤད་དགོས་གི་རེད། སྐད་ཆ་བཤད་དུས་གྲྭ་བ་ཡིན་ནའང་འདྲ། བླ་མ་ཡིན་ནའང་འདྲ། སྐད་ཆ་དྲང་པོར་བཤད་པ་ཁག་པོ་རེད། བྱས་དུས་ཆབ་སྲིད་ཀྱི་ལས་ཀ་འདི་ཆོས་ལུགས་དང་བསྟུན་རྒྱུ་དེ་དཀའ་ལས་ཁག་པོ་རེད། ཧྥ་རན་སི་ལྟ་བུ་ཡིན་ན་ཆོས་སྲིད་གཉིས་ཁ་ཁར་ཕྱེ་ནས་ལོ་ ༡༠༠ ལྷག་ཕྱིན་པ་རེད། སྔོན་མ་ཁོ་ཚོ་ཡང་ཆབ་སྲིད་དང་ཆོས་ལུགས་གཉིས་ཟུང་དུ་སྦྲེལ་ནས་ལས་ཀ་བྱེད་མཁན་གྱི་ལུང་པ་ཞིག་རེད། འཇར་མན་ཡིན་ནའང་ཆབ་སྲིད་དང་ཆོས་ལུགས་གཉིས་ཁ་ཁར་ཕྱེ་ནས་ལོ་ ༡༠༠ ལས་འགྲོ་གི་ཡོད་པ་མ་རེད། བྱས་ཙང་ཆོས་སྲིད་ཟུང་འབྲེལ་གྱིས་འགྲོ་བ་དེ་རྙོག་དྲ་ཚ་བོ་ཞེ་དྲག་ཡིན་ཙང་ལམ་ཁ་འདི་བདམས་པ་རེད། དེ་རིང་སང་ཉིན་ང་ཚོས་ལུང་པ་ཐག་རིང་དེ་འདྲར་དཔེ་འཇོག་དགོས་ཀྱི་མི་འདུག འབྲུག་ཡུལ་ཟླ་རྙིང་དམངས་གཙོ་རིང་ལུགས་ཆགས་ནས་ཆོས་ལུགས་ཀྱི་ཚོགས་ཁག་དེས་ཆབ་སྲིད་ཀྱི་ཐོག་ལ་ཐེ་བྱུས་ཁྱོན་ནས་བྱེད་མི་དགོས་པ་དང་། ཆབ་སྲིད་ནི་མི་སྐྱའི་ལག་ལ་བཞག་ཡོད་པ་རེད།
དྲི་བ། བྱས་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་སྒེར་ཡིག་ཚང་གིས་ཀྱང་ཆོས་ལུགས་རྐྱང་བའི་ཐུགས་འགན་བཞེས་རྒྱུ་དང་། ཆབ་སྲིད་ཀྱི་ཐུགས་འགན་འདི་རིམ་བཞིན་མཚམས་འཇོག་དགོས་པ་རེད་དམ།
ལན། ངའི་བསམ་པ་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ནི་བླ་མ་ཞིག་ཡིན་སྟབས། དུས་རབས་ཉེར་གཅིག་པའི་ནང་འདིར་ཆབ་སྲིད་ཀྱི་ཕྱག་ལས་གནང་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོར་དམངས་གཙོའི་རིང་ལུགས་དགོས་ཀྱི་ཡོད་པ་རེད། དམངས་གཙོ་ཟེར་བ་དེ་མི་དམངས་ཀྱིས་འོས་ཤོག་བླུགས་ནས་དབུ་ཁྲིད་དེ་འདེམ་དགོས་པ་རེད། བདམས་ཚར་བའི་རྗེས་ལ་དབུ་ཁྲིད་དེས་ཕྱག་ལས་ཏག་ཏག་གནང་གི་ཡོད་མེད་ལ་དམངས་དང་སྒྲིག་འཛུགས་ཕྱོགས་ཡོངས་ནས་ལྟ་དགོས་པ་རེད། འོན་ཀྱང་། ཏཱ་ལའི་བླ་མ་ནི་ང་ཚོས་སྤྲུལ་སྐུའི་ལམ་ནས་ངོས་འཛིན་བྱེད་དགོས་པ་རེད། དེ་ལ་མི་དམངས་ཀྱིས་འོས་ཤོག་འཕེན་པ་དེ་འདྲ་ཡོད་པ་མ་རེད། དེ་བྱས་དུས་འདི་གཉིས་ལ་ནང་འགལ་ཆེན་པོ་ཡོད་པ་རེད། ང་ཚོས་བྱིས་པ་ཆུང་ཆུང་ཞིག་ངོས་འཛིན་བྱས། བྱིས་པ་དེ་ཆོས་ལུགས་དབུ་ཁྲིད་ཀྱི་ཕན་ནས་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་བསྐོ་བ་ནི་དེ་རིང་སང་ཉིན་ཚན་རིག་གི་སྟེང་ནས་ངོས་ལེན་དང་ལག་ལེན་གང་ཅིའི་ཐད་ནས་ཁག་པོ་ཆགས་བསྡད་ཡོད་པ་རེད། དེང་སྐབས་འཛམ་གླིང་གང་སར་དམངས་གཙོའི་རིང་ལུགས་དར་དགོས་ཀྱི་ཡོད་པ་རེད། དམངས་གཙོའི་རིང་ལུགས་ཟེར་བ་ནི་མི་མང་ཕྱོགས་ཀྱི་བློར་མཐུན་པོ་བྱུང་བ་ཡིན་ན་དེ་ལ་ཆ་འཇོག་བྱས་ནས་ལས་ཀ་བྱེད་དགོས་པ་རེད། དེ་བཞིན་དུ་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བསྟེན་ནས་ངྷ་རམ་ས་ལར་གཞུང་ཞིག་ཚུགས་ཡོད་པ་དེ་ཡང་དམངས་གཙོ་རིང་ལུགས་སྟེང་ལ་འགྲོ་གིན་ཡོད་པ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་འཛམ་གླིང་གི་མི་མང་པོ་ཞིག་གིས་དྷ་རམ་ས་ལའི་སྒྲིག་འཛུགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་ལྟར་དམངས་གཙོ་ཞེས་པ་དེ་གལ་ཆེན་ཆགས་ཀྱི་ཡོད་པ་རེད། གལ་ཆེན་ཆགས་དུས་ང་ཚོའི་དབུ་ཁྲིད་དེ་ཡང་བུ་གུ་ཆུང་ཆུང་ཞིག་ལ་ངོས་འཛིན་བྱས་ནས་བཞག་པ་ཡིན་ན་ང་ཚོ་དེང་རབས་དམངས་གཙོའི་ལམ་ལ་ཁ་བྲལ་ནས་འགྲོ་གིན་ཡོད་པ་མ་གཏོགས། དམངས་གཙོ་ངོ་མ་ཞིག་ལ་འགྲོ་གི་ཡོད་པ་མ་རེད། ངའི་བསམ་པ་ལ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་ཀྱིས་ཀྱང་དེ་དགོངས་ཀྱི་ཡོད་པ་རེད། དགོངས་ཀྱི་ཡོད་ཙང་མ་འོངས་པ་ལ་དེ་འདྲ་ཞིག་ཡོང་བར་ཁག་པོ་ཆགས་ཀྱི་ཡོད་པ་ཁོང་གིས་མཁྱེན་གྱི་ཡོད་པ་རེད། དེ་ལ་ཐུགས་འཚབ་གནང་གི་ཡོད་པ་རེད། ཁོང་རིགས་ནས་མ་འདས་སྤྲུལ་སྐུ་ཞེས་པའི་བཀའ་མོལ་ཞིག་གནང་གིན་པའི་རྒྱུ་མཚན་ཡང་འདིར་ཐུག་པ་རེད། དེ་བྱས་དུས་ངའི་བསམ་པར། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མི་དགོས་པ་བྱས། ཆོས་ལུགས་ཀྱི་འགན་འཁུར་མཁན་ལ་ཆོས་ཀྱི་དབུ་ཁྲིད་ཅིག་ལ་གཞི་བཞག་ནས་ཡང་སྲིད་ཅིག་ཁོང་རིགས་ཀྱིས་ངོས་འཛིན་བྱས་པ་ཡིན་ན་སྟབས་བདེ་བོ་མེད་འགྲོ་བསམ་གྱི་འདུག
དྲི་བ། བོད་པ་རྣམས་ཀྱི་དཀའ་ངལ་ནི་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་རེད། གནས་སྟངས་འདི་འདྲ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ཆོས་སྲིད་གང་ཐད་ནས་ཀྱང་མེད་ཐབས་ཤིག་མི་འདུག་ལབ་གིན་ཡོད་པ་རེད། ཕྱེད་རྒན་ཡོལ་ཡང་བོད་མི་ཚོའི་ངོས་ནས་དང་ལེན་བྱེད་ཐུབ་ཀྱིན་ཡོད་པ་མ་རེད།
ལན། ༧རྒྱལ་བ་རིན་པ་ཆེ་མཆོག་དང་བོད་མི་རིགས་ཀྱི་འབྲེལ་བ་ནི་དམིགས་བསལ་ཆགས་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་ཞིག་གནང་བ་ཡིན་ན། དེར་ཉན་མཁན་བོད་པ་ཐམས་ཅད་ཁོང་གི་སློབ་མར་གྱུར་ཡོད་པ་རེད། དགེ་སློབ་ཀྱི་དམ་ཚིག་ཡོད་དུས། དགེ་རྒན་གྱིས་གང་གསུངས་པ་དེ་བརྩི་དགོས་པ་རེད། འདི་གནད་དོན་གཅིག་རེད། དམངས་གཙོ་རིང་ལུགས་ཡིན་ན་དབུ་ཁྲིད་དེ་མི་དམངས་ཀྱིས་འདེམ་དགོས་པ་རེད། བདམས་གྲུབ་པའི་རྗེས་ལ་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་ལྟ་རྟོག་བྱེད་དགོས་པ་རེད། གལ་སྲིད་ཁོ་འགྲིག་གི་མེད་ན་གོ་ས་ནས་མར་ཕབ་ན་འགྲིག་གི་ཡོད་པ་རེད། འགྲིག་གི་མི་འདུག་ཅེས་སྐད་བརྒྱབ་ན་འགྲིག་གི་རེད། སྐྱོན་བརྗོད་བྱས་ན་འགྲིག་གི་རེད། འདི་གཉིས་འགལ་བ་རེད། དེ་བས་རྒྱལ་བ་རིན་པོ་ཆེ་མཆོག་ཆོས་ཀྱི་དབུ་ཁྲིད་ལ་བཞུགས། ཆབ་སྲིད་ཀྱི་ལམ་ལུགས་དེ་དམངས་གཙོ་ཡང་དག་པ་ཞིག་བཟོ་དགོས་པ་རེད། དེ་ལ་དཔག་པའི་ལས་ཀ་བྱས་པ་ཡིན་ན་མ་འོངས་པའི་མདུན་ལམ་དེ་གཙང་མ་ཞིག་ཡོང་གི་མེད་འགྲོ་བསམ་གྱི་འདུག
མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད། གང་ལ་ཞེ་ན་ཁོང་གི་བཀའ་མོལ་འདི་དག་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ལ་ཐུགས་བརྩེ་བས་ཟིན་ཞིང་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིའི་གོམ་བགྲོད་ཀྱི་འགྲན་སྡུར་ནང་ང་ཚོ་བོད་པ་ཚོས་མཉམ་ཞུགས་ཀྱིས་རྐང་པ་འཛུགས་ཐབས་ཐད་ཉམས་མྱོང་ངམ་མཁྱེན་རྟོགས་ཀྱི་ཆུ་ཚད་ཟབ་པ་ལས་བྱུང་བ་ཞིག་ཡིན་པའི་ཚོར་སྣང་སྐྱེས།
མཁས་དབང་འདི་བ་ཀུན་གླེང་ཚང་གིས་མགྲོན་འབོད་ཅིག་བྱེད་ཐུབ་ན་ཡག་ས་རེད།
ནུབ་ཕྱོགས་ནས་བཙན་བྱོལ་ལ་ཁ་འཁོར་ནས་མཁས་བ་ཡིན་ཟེར་མཁན་འདི་ཚོར་ཞེ་དྲག་ཡིད་ཆེས་ཐུབ་ཀྱི་མི་འདུག
བོད་རིགས་མཁས་བ་དང་མཁས་དབང་ཡིན་ཟེར་མཁན་ཚོ། ལྗིད་ཚད་ཅིག་མགྱོགས་ན་འདོད་གི་ ངོ་མས་ཡིན།
ཁ་སང་གི་ཀུན་གླེང་སྒང་གི་ཞིབ་འཇུག་པ་ཡིན་ཟེར་མཁན་དེ་དང་ཀུན་གླེང་སྔོན་མའི་སྒང་གི་ཞིབ་འཇུག་པའམ་ཉམས་ཞིབ་པ་ཡིན་ཟེར་མཁན་དེ་མཐོང་སོང་ང་།
སེམས་ན་གི། ཅང་མི་ཤེས་ན་ཆེད་ལས་བ་དང་ཞིབ་འཇུག་པ་ཡིན་ཟེར་རྒྱུའི་མིང་སྙན་པོ་དེ་ཚོར་ཕར་གཡུག་ན་བཞག་ན་མི་ཡག་གམ།
དེ་ལས་དྲ་ཐོག་འདི་ན། ཁུ་སིམ་མེར་བསྡད་ཡོད་པ་མ་གཏོགས་། འབྲི་དགོས་ན་འབྲི་ཐུབ་མཁན་དང་བཤད་དགོས་ན་བཤད་ཐུབ་མཁན་གྱི་དྲ་གྲོགས་རྒན་པ་རེ་གཉིས་མི་འདུག་གམ།
ནམ་མཁའི་ནོར་བུ་ཚང་དང་མཁར་རྨེའུ་ཚང་། ཁང་དཀར་ཚང་གསུམ་ནི་ངོ་མ་ངེས་པ་དོན་གྱི་མཁས་པ་རེད། ལོ་མང་སྔོན་ང་རང་བོད་ན་ཡོད་དུས་མཁར་རྨེའུ་ཚང་གིས་བོད་ལྗོངས་ཞིབ་འཇུག་སྟེང་སྤེལ་བའི་གེ་སར་རྒྱལ་པོའི་སྐོར་གྱི་དཔྱད་རྩོམ་ཞིག་བཀླགས་ཏེ་དུས་ཚོད་དེ་རང་ནས་ཁོང་གི་ཡོན་ཏན་ལ་སེམས་པ་ཤོར་སོང་། གཟིགས་རྒྱ་ཆེན་པོ་ཞེ་དྲགས་རེད་འདུག མཁས་པ་འདི་ཚོས་བོད་རང་གི་སློབ་མ་རེ་གསོ་སྐྱོང་གནང་མི་ཐུབ་བམ། འདི་ཕྱོགས་ནས་ནུབ་ཕྱོགས་པ་ནམ་མཁའི་ནོར་བུའི་སློབ་མ་ཡིན་ཟེར་མཁན། མཁར་རྨེའུའི་སློབ་མ་ཡིན་ཟེར་མཁན་མཁས་མིང་འཛིན་པ་འགའ་འདུག་ཀྱང་བོད་རིགས་ཀྱི་ཁྲོད་དུ་ནམ་མཁའི་ནོར་བུ་དང་མཁར་རྨེའུའི་སློབ་མ་ཡིན་ཟེར་བའི་སྦྱངས་ཡོན་ཅན་རེར་ཐུག་རྒྱུ་མི་འདུག
ཨ་རོ་་་་་་་རིག་འབྱུང་། མཁས་དབང་མཁར་རྨེའུ་འདི་བ་ཀུན་གླེང་སྒང་ལ་མགྲོན་འབོད་བྱས་ན་འཁྱོང་ཨེ་ཡོང་མི་ཤེས། གང་ཡིན་ཞེ་ན། ཁོང་ཨ་མདོ་བ་རེད་པས། ཨ་མདོ་དང་ཁམས་པའི་ཁ་འདི་གཞས་འདྲ་གཏོང་སྤྱད་མ་གཏོགས་བགྲོ་གླེང་དང་ལེགས་སྦྱར་བཤད་དགོས་ན་དབུས་གཙང་གི་ཁ་ལ་བསྡུར་ཐུབ་ཀི་མ་རེད། དཔེ་འཇོག་ཆུང་ཆུང་ཞིག་འདི་ན་ཡོད། ཁམས་པ་རིན་ཆེན་བཀྲ་ཤིས་དང་། ཨ་མདོ་པད་མ་དབང་རྒྱལ། དབུས་པ་ཚེ་བརྟན་དབང་ཕྱུག་གསུམ་ནི་སྐབས་རེར་ཀུན་གླེང་ཚང་གིས་གདན་འདྲེན་ཞུ་བཞིན་པའི་ཆེད་ལས་མཁས་པ་གསུམ་རེད། མི་འདི་གསུམ་གྱི་ཤེས་ཚད་ལ་ནི་ངས་ཧེ་བག་ཅིག་ཡོད་པ་མཐོང་མ་སོང་། ཡིན་ནའང་གཏམ་གླེང་གི་སྐབས་སྔ་མ་གཉིས་ཕྱི་མའི་དགེ་ཕྲུག་ཀྱང་ཨེ་ཉན་ནམ་འདོད་པས་སོ།། ས་ཆུ་དང་ཁོར་ཡུག ཡང་ན་ག་རེའི་རྐྱེན་ཡིན་མིན་མི་ཤེས་མོད། འོན་ཀྱང་ངས་མདོ་དབུས་ཁམས་གསུམ་གྱི་མི་གཤིས་ཐད་ཅུང་མ་འདྲ་སའི་ཆ་ཞིག་མཐོང་གི་འདུག དེ་ཡང་དབུས་པ་མང་ཆེ་བར་ཆབ་སྲིད་པའི་གཤིས་ཀ་དང་། དེ་བཞིན་ཁམས་པར་ཚོང་བའི་གཤིས་ཀ ཨ་མདོ་བར་ཤེས་ཡོན་པའི་གཤིས་ཀ བྱས་ཙང་ངའི་བསམ་པར་སློབ་སྦྱོང་བྱེད་དུས་ཀྱང་དབུས་པས་ཆབ་སྲིད་རིག་པའི་(Political Scince)སྐོར་དང་། དེ་བཞིན་ཁམས་པས་དཔལ་འབྱོར་རིག་པའི་(Economics)སྐོར། ཨ་མདོ་བས་སྤྱིར་བཏང་གི་ཤེས་བྱའི་རིག་གནས་(Education)ལྟ་བུ་སྦྱངས་ཐུབ་ན་རང་རང་གི་མི་གཤིས་ལ་དཔག་པའི་གྲུབ་འབྲས་ངེས་ཅན་ཐོན་རྒྱུ་རེད་འདོད་ཀི།
དཀོན་མཆོག་ཁྱོད་མྱི་སྐྱིད་ཅིག་རེད། ཁ་སྐྱིད་པོ་རྐྱང་རྐྱང་བཤད་གི། ཧ་ཧ་ཧ།
རིན་ཆེན་བཀྲ་ཤིས་དང་པད་མ་དབང་རྒྱལ་གཉིས་ཀ་བོད་ནས་ཐད་ཀར་ཨ་རིར་ཡོང་བ་དེ་འདྲ་མ་རེད་དམ། ངེད་ཀྱིས་བོད་ནས་ཐད་ཀར་ཨ་རིར་ཕྱིན་པའི་མཁས་དབང་དང་ཞིབ་འཇུག་པ་ཡིན་ཟེར་མཁན་དེ་ཚོ་དང་རྒྱ་གར་བརྒྱུད་ནས་ཨ་རིར་འགྲོ་མཁན་གྱི་ཞིབ་འཇུག་པ་དང་མཁས་པ་དེ་ཚོའི་དབར་ལ་ཁྱད་པར་ཅིག་མཐོང་གི་འདུག སྔ་མ་དེ་ཕྱི་མའི་འགྲན་ཡ་ཡོང་གི་མི་འདུག་
ང་ཨ་མདོ་ས་སྐྱེས་རྡོ་སྐྱེས་ཡིན། འོན་ཀྱང་། ངས་ཆེད་ལས་ Economicsཡིན་ཡ། ངས་འཇོན་གྱི་རེད་བསམ་གི་ཡོད།
རིགས་གཅིག་རྐང་འཛིན་གྱི་མཁས་པ་ཞིག་ཡིན་པ་འདྲ་བོ་འདུག་མ་གཏོགས་མཁས་དབང་ཟེར་ན་ཐལ་དྲགས་པ་རེད། ཁོས་བྲིས་པའི་འུ་དམ་བཙན་པོའི་སྐོར་དེ་སྔོན་མ་ཞིག་ལ་ཀློག་མྱོང་། དེ་ལ་མི་མཐུན་པ་འགའ་ཤས་ཤིག་བརྗོད་རྒྱུ་ཡོད་ཀྱང་ད་ལྟ་དེབ་དེ་ང་ལ་མེད་པས་བྱ་ཐབས་བྲལ། ཉེ་སྔོན་དབྱིན་ཡིག་ནང་ཆོས་སྲིད་གཉིས་དབྱེ་འབྱེད་བྱེད་དགོས་པའི་བསམ་ཚུལ་དེ་ཡང་ཀློག་མྱོང་།
སྔོན་མ་རྒྱལ་དབང་ལྔ་བའི་སྐབས་བཙུགས་པའི་བོད་གཞུང་དང་ད་ལྟའི་བོད་གཞུང་གཉིས་ཀྱི་ཆབ་སྲིད་ལམ་ལུགས་གཅིག་པ་རེད་ཟེར་ན་ལྐུགས་པའི་སྐད་ཆ་རེད། སྔོན་མ་ཞིག་ལ་ད་ལྟའི་སྤྱི་འཐུས་ཟེར་བ་དང་མང་མོས་ཐག་ཆོད་ཟེར་བ། སྤྱི་འཐུས་ཚོས་མང་མོས་ལ་ལྟོས་ཏེ་རྒྱལ་བའི་སྐུ་དབང་ལ་ཡང་འགྱུར་བ་གཏོང་ཐུབ་པ་འདི་འདྲ་ཞིག་སྔོན་མ་ཞིག་ལ་ག་བ་ཡོད་པ་རེད། ཐ་ན་རྒྱལ་བ་རིན་པོ་ཆེའི་སྐུ་དབང་རང་གི་ཐོག་ནས་བལྟས་ན་ཡང་སྔོན་མ་དང་ད་ལྟ་གཉིས་ལ་མ་འདྲ་བའི་ཁྱད་པར་ཆེན་པོ་འདུག་པ་མིག་གིས་མཐོང་རྒྱུ་འདུག་ག དངོས་སུ་ན། ཁོའི་བསམ་པར་རྒྱལ་བོ་རིན་པོ་ཆེས་ཆོས་སྲིད་གཉིས་ཀྱི་དབང་ཆ་བཟུང་ཡོད་པ་དེ་ལ་ཤོད་ཀྱི་ཡོད་པ་འདྲ།
དེ་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ཡང་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་པ་ནས་བཤད་འདུག་པ་འདི་ཡང་ད་རུང་རྩོད་གཞི་ཅན་གྱི་སྐད་ཆ་རེད། ས་སྐྱ་བའི་སྐབས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མ་ཡིན་ནམ། ཡང་ན་དེ་གཞན་གྱི་དབང་ཤུགས་འོག་ཡོད་པས་ཡིན་ནམ། དུས་དང་དུས་སུ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལ་རྣམ་པ་དང་ངོ་བོ། དབང་ཤུགས་ཆེ་ཆུང་སོགས་མ་འདྲ་བ་མང་པོ་ཞིག་ཡོད་སྲིད་དུ་ཆུག་དང་། དེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡིན་པ་གཅིག་པ་རེད།
མ་གཞི་ཆོས་སྲིད་གཉིས་ཁ་ཁ་ཕྱེ་དགོས་པ་འདིར་རྒྱབ་སྐྱོར་ཡོད་ཀྱང་རྒྱལ་བ་རིན་པོ་ཆེས་སྲིད་ཀྱི་འགན་བསྐྱུར་དགོས་པ་ལྟ་བུ་ཞིག་བཤད་པ་དེར་འདོད་མོས་མེད། ང་ཚོར་ད་ལྟ་ད་རུང་རང་གི་ལུང་པ་རང་ལག་ཏུ་ཡོང་མེད་པར་ལེན་རྒྱུར་བསྡད་ཡོད་པའི་སྐབས་འདིར་མི་མང་གི་ཆིག་སྒྲིལ་གྱི་ནུས་པ་གཅིག་ཏུ་བསྒྲིལ་ཐུབ་པའི་སྟོབས་ཤུགས་ཤིག་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་རེད། རྒྱལ་བ་རིན་པོ་ཆེས་སྲིད་སྟེགས་སུ་མིང་ཙམ་བཟུང་བསྡད་ན་ཡང་དེས་བོད་མི་མང་གི་ཆིག་སྒྲིལ་དང་མི་མང་གི་སེམས་ཤུགས་མ་བརླག་པར་ཕན་ངེས་ཅན་ཞིག་ཐོགས་ངེས། མཚམས་རེར་ང་ཚོས་སྐད་ཆ་བཤད་གི་བཤད་གི་རང་ཉིད་དངོས་སུ་རྒྱལ་ཁབ་ཤིག་ཡིན་པའི་ཚོར་བའི་ཐོག་ནས་བཤད་ཡོང་གི་འདུག
ང་ཚོར་ད་རུང་རྒྱལ་ཁབ་མེད་པ། རྒྱལ་ཁབ་དེ་ལེན་དགོས་ན་ལམ་ལུགས་གང་འདྲ་ཞིག་འཚམས་པོ་འདུག ལྡོག་འདྲིལ་བའི་དམར་ཤོག་གི་ལམ་ལུགས་འཚམས་སམ། གུ་ཡངས་པའི་དམངས་གཙོའི་ལམ་ལུགས་འཚམས། ཡང་ན་ཐུན་མོང་མ་ཡིན་པའི་ལམ་ལུགས་གཞན་ཞིག་འཚམས། བོད་རྒྱལ་ཁབ་དང་ད་ལྟའི་དུས་རབས་ལ་གང་ཞིག་འཚམས་མིན་དེར་བསམ་བློ་གཏོང་རྒྱུ་མིན་པར། བོད་རྒྱལ་ཁབ་ལེན་པར་དུས་རབས་དང་འཚམས་པའི་ལམ་ལུགས་གང་ཞིག་བཟང་མིན་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེ་བར་མཐོང་།
ད་ཕྱོགས་གཞན་ཞིག་ནས་བཤད་ན། བོད་གཞུང་དང་བོད་གཞུང་གི་ལས་ཁུངས་མ་ལག་ཚང་མ་ཏྰ་ལའི་བླ་མའི་མིང་ཐོགས་དེབ་སྐྱེལ་བྱས་ཡོད་པ་མ་རེད་དམ། འདི་ག་འདྲ་ཆགས་གི་རེད།
ཉེ་སྔོན་ཞིག་ལ། རྒྱལ་བ་རིན་པོ་ཆེས་རྒྱ་གར་གྱི་མི་སེར་ཆགས་འདོད་ཡོད་པའི་དགོངས་ཚུལ་ཞིག་གསུངས་སོང་བ་དེར་གནད་འགག་ཆེན་པོ་མཐོང་གི་འདུག གལ་སྲིད་རྒྱ་གར་གྱི་མི་སེར་ཆགས་པ་ཡིན་ན་དེ་ལ་རྒྱ་ནག་གིས་བརྡ་ལན་གང་འདྲ་ཞིག་སྤྲད་ཀྱི་ཡོད་མེད་མི་ཤེས་ཀྱང་དེ་ལ་གནད་འགག་ཏན་ཏན་འདུག་སྙམ།
ཚང་མར་མཁས་དབང་མཁས་དབང་ཟེར་ཡོང་བ་འདི་ང་ཚོའི་ལུང་པ་ཆུང་ཆུང་དང་མཁས་དབང་མང་པོ་མེད་པ། མི་རྣམས་ཁ་ཡག་ངོ་བསྟོད་ལ་དགའ་བའི་རྟགས་ཤིག་ལས་གཞན་གང་ཡང་མ་རེད། དེབ་རེ་ཟུང་རེ་བཏོན་བཏོན་ཚང་མ་མཁས་དབང་ཡིན་ན་ཁྱེད་ཚོར་མཁས་དབང་མང་པོ་འདུག
ཨ་རོ། ཨ་ལགས་ངེས་པ་དོན་གྱི་མཁས་པ་ཟེར་བ་དེའི་འཇོག་ས་གང་རེད། ས་མཚམས་གང་གི་སྒང་དེ་ངེས་པ་དོན་གྱི་མཁས་པ་རེད། ས་མཚམས་གང་གི་མན་ཏེ་ངེས་པ་དོན་གྱི་མཁས་པ་མ་རེད། འདིར་མཁར་རྨེའུ་བསམ་གཏན་ལགས་ཀྱི་དྲི་ལན་འདི་ཚོར་རྨོངས་འཆར་འགའ་འགའ་ཞུ་འདོད་བྱུང་།
དང་པོ། རྒྱལ་བ་རིན་པོ་ཆེ་དང་རྒྱ་ནག་གཞུང་གཉིས་ཀྱི་བསམ་ཚུལ་དེ་མདུང་རྩེ་ཁ་སྤྲོད་ལྟ་བུ་ཆགས་བསྡད་ཡོད་པ་རེད་ཟེར་བ་དང་།
ཡིན་ཡང་ངའི་བསམ་པར་ཉི་མ་ཞིག་ལ་བོད་རང་བཙན་འཐོབ་པའི་རེ་བ་ཞེ་དྲག་ཡོད་ཟེར་བའི་སྐད་ཆ་སྔ་ཕྱི་འདི་གཉིས་མདུང་རྩེ་ཁ་སྤྲོད་མ་རེད་དམ།
༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྒང་ནས་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་བཞིན་པ་དེ་མདུང་རྩེ་ཁ་སྤྲོད་ལྟ་བུ་ཆགས་ཀྱི་ཡོད་ན། ཁོང་གིས་ཉི་མ་ཞིག་ལ་བོད་རང་བཙན་འཐོབ་པའི་རེ་བ་ཞེ་དྲག་ཡོད་ཟེར་བའི་སྐད་ཆ་དེ་དེ་བས་ཀྱང་རྒྱ་ནག་ལ་དགྲ་ཁ་གཏད་མ་རེད་དམ། རྒྱ་ནག་གཞུང་དང་མི་མང་གི་རྣ་རྩ་ལ་འགྲོ་བའི་སྐད་ཆ་ཞིག་རེད་དམ།
ངེད་ཀྱི་རྨོངས་འཆར་ལྟར་ན། དེ་རིང་སང་ཉིན་རྒྱ་ནག་གཞུང་འདི་ང་ཚོའི་དཀའ་ངལ་ཆེན་ཤོས་མ་རེད། འོན་ཀྱང་། མི་མང་དཀའ་ངལ་ཆེ་ཤོས་རེད།
གང་ཡིན་ཞེ་ན། རྒྱ་ནག་མི་མང་མང་པོའི་སེམས་ལ་བོད་འདི་ངེས་པར་རྒྱ་ནག་གི་ཆ་ཤས་ཤིག་ལ་ཉར་དགོས་བསམ་བའི་ཚོར་བ་དེ་ཡོང་གི་ཡོད་པ་རེད།
བོད་འདི་རྒྱ་ནག་ལས་ཁ་བྲལ་ན་རྒྱ་ནག་གི་མི་རབས་རྗེས་མ་ཚོའི་འཚོ་སྡོད་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་བསམ་བའི་ཚོར་བ་དེ་རྒྱ་ནག་མི་མང་གི་སེམས་ལ་སླེབས་ཡོང་གི་ཡོད་པ་རེད།
དེར་བརྟེན། ད་དུང་ཡང་འགྱངས་བསྡད་ན། ཉི་མ་ཞིག་རྒྱ་ནག་གཞུང་གིས་བོད་ལ་རང་བཙན་སྤྲོད་ལབ་རུང་། མི་མང་གིས་སྤྲོད་ཀྱི་མིན་ཟེར་བའི་གནས་སྟངས་ཤིག་ལ་སླེབས་མི་སྲིད་པ་ཁྱོན་ནས་མ་རེད།
གཉིས་པ། དེ་རིང་སང་ཉིན་གྱི་རྒྱ་ནག་ལ་འགྱུར་བ་འགྲོ་སྟངས་དེ་སྔོན་མའི་ཐང་དང་མིན་།སུང་། ཡོན། ཆིན་རྒྱལ་རབས་བཅས་ལ་འགྱུར་བ་འགྲོ་སྟངས་དངའདྲ་གི་མ་རེད་བསམ།
དེ་རིང་སང་ཉིན་གྱི་བོད་ཕྱི་ནང་གི་འགྱུར་བ་འགྲོ་སྟངས་དེ་སྔོན་མའི་བཙན་པོའི་སྐབས་ཀྱི་འགྱུར་བ་འགྲོ་སྟངས་དེ་རེད་དམ། བསམ་ཚུལ་འདི་ཚོ་སྔ་རབས་ལོ་རྒྱུས་སྐོར་གྱི་དེབ་མང་པོ་བྐླགས་པ་བརྟེན་ནས་བྱུང་བའི་སྐད་ཆ་ཞིག་རེད་མ་གཏོགས་དེ་རིང་སང་ཉིན་གྱི་གནས་སྟངས་ལ་ཞིབ་འཇུག་བྱས་ནས་ཡོང་བའི་སྐད་ཆ་ཞིག་མ་རེད། རྒྱ་ནག་གི་དཀའ་ངལ་དེ་ཆབ་སྲིད་ཚོགས་པ་གཅིག་གིས་དབང་བསྒྱུར་བྱེད་ཐུབ་མི་ཐུབ་ཀྱི་གནས་སྟངས་མ་རེད། ཆབ་སྲིད་ཚོགས་པ་དེས་མི་མང་གི་མངོན་འདོད་མདུན་ལ་བཞག་མ་བཞག་གི་སྐད་ཆ་རེད། ཆབ་སྲིད་ཚོགས་པ་གཅིག་ཡིན་རུང་མི་མང་གི་མངོན་འདོད་བསྒྲུབས་པ་ཡིན་ན་། དབང་བསྒྱུར་བྱེད་མི་ཐུབ་རྒྱུ་མེད་པ་ལྟ་བུ་ཞིག་རེད།
གཙོ་བོ་མི་མང་གི་མངོན་འདོད་བསྒྲུབ་མ་བསྒྲུབ་དེ་ལ་ཐུག་ཡོད་པ་རེད་སྙམ།
གསུམ་པ། ཁོང་གིས་ད་དུང་ཡང་བོད་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་ཡོད་རབས་བཤད་ཀྱི་འདུག འདི་ནི་དེ་རིང་སང་ཉིན་གྱི་བོད་ཕྱི་ནང་གི་སྤྱི་ཚོགས་ཀྱིདཀའ་ངལ་དངོས་གནས་བ་དེ་གང་ཡིན་དང་བོད་མི་རིགས་ཀྱི་སེམས་ཁམས་ལ་ཞིབ་འཇུག་མ་བྱས་བ་རྐྱེན་གྱིས་རེད། ད་དུང་ང་ཚོའི་ཆབ་སྲིད་ལམ་ལུགས་དེ་ལོ་༣༠༠སྔོན་གྱི་ལམ་ལུགས་དེ་ཡིན་ཚུལ་དང་དེ་ཡང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གནས་སྟངས་སྐོར་ནས་སྐད་ཆ་ཞིག་བཤད་ཀྱི་འདུག འདི་ཚོལོ་རྒྱུས་དང་སྤྱི་ཚོགས་དངོས་ལ་རྒྱུས་ལོན་མ་བྱས་བ་དང་ཞིབ་འཇུག་མཐིལ་ཕྱིན་མ་བྱས་བ་དེའདྲ་རེད། ཁོང་གིས་ངེས་པར་དུ་བཅའ་ཁྲིམས་ནང་གི་སྡེ་སྲིན་ལྷན་ཚོགས་ཀྱི་སྐོར་ཡང་ཅིག་ྐློག་དགོས་ཀྱི་འདུག དེ་ཙམ་ཞུ།
མགོན་ཕྱག་གི་བསམ་ཚུལ་འདི་ལ་མོས་མཐུན་ཡོད།
དེ་རིང་སང་ཉིན་མཁས་པ་ཆགས་སྟངས་དེ་སྔར་གྱི་མཁས་པ་ཆགས་སྟངས་དང་ཅུང་འདྲ་གི་མ་རེད་བསམ།
དེ་རིང་སང་ཉིན་དེབ་འགའ་བྐླགས། དེ་ཚོའི་ནང་ནས་རང་གི་བློར་འགྲོ་བ་འགའ་བླངས། དེ་ནས་དེབ་ཅིག་བྲིས་བ་ཡིན་ན་མཁས་པ་མ་རེད། ངེད་ཀྱིས་མཁས་དབང་ཁོང་དེ་འདྲ་རེད་ལབ་ཀྱི་མེད། འདི་ཞོར་འཕྲོས་ཙམ་ཡིན།
མཚམས་འདིར་ངའི་སེམས་ལ་འཇམ་དབྱངས་ནོར་བུ་ལགས་དྲན་སོང་། ཁོང་གིས་ཀྱང་མཚམས་མཚམས་ལ།
རྡ་ལམ་ས་ལའི་སྤྱི་ཚོགས་དེ་སྔོན་མ་ཁོ་རང་ཡོད་པའི་སྐབས་ཀྱི་ལོ་བཅུ་བཅོ་ལྔའི་སྔོན་གྱི་རྡ་ལམ་ས་ལ་དེ་ཡིན་བསམ་གྱི་ཡོད་པ་རེད་ལ་། རེད་བསམ་ནས་བསམ་ཚུལ་ཡང་མཚམས་མཚམས་ལ་སྤེལ་གྱི་ཡོད་པ་རེད།་ ཀུན་གླེང་གཙོ་སྐྱོང་བ་རྡོ་རྗེ་ཚེ་བརྟན་ཞུ་བ་དེ་དྲ་ཐོག་འདིར་ཡོང་གི་ཡོད་མེད་ཨེ་ཤེས། ཤེས་ན་དེ་ལ་ལན་ཅིག་འཇོག་རོགས།
མཁས་དབང་ཁོང་ཀུན་གླེང་གི་ཐོག་ལ་གདན་འདྲེན་ཞུ་རོགས་ཞེས་ལན་ཅིག་སྤྲོད་རོགས།
མི་ཚང་མས་མཁས་པ་ཡིན་པར་ཁས་ལེན་ཐུབ་པའི་མི་ཞིག་འཛམ་གླིང་འདིར་ཡོད་ཨེ་སྲིད། ཨེ་དབྱིན་སི་ཁྲན་ལྟ་བུ་རེ་ཟུང་ཡོད་ཀྱང་སྲིད། ཡིན་ན་ཡང་བོད་པའི་དགེ་བཤེས་མགོ་མཁྲེགས་ཚོས་དེ་ཡང་ཁས་ཨེ་ལེན། མཁར་རྨེའུ་མཁས་པ་རེད་ཟེར་དོན་ནི་ང་ལས་ལོ་རྒྱུས་མཁས་པ་རེད་ཅེས་པའི་དོན་ཡིན། ས་པཎ་གྱིས། བྱེ་བྲག་སྦྱངས་པའི་དོན་ཤེས་ན། །དེ་ཡང་དེ་ལ་མཁས་པ་ཡིན། །གསུངས་པ་བཞིན། རིག་པའི་གནས་བྱེ་བྲག་པ་ཞིག་ལ་མཁས་ན་མཁས་པ་ཞེས་པའི་མིང་འདི་གདག་ལོས་ཆོག གཅིག་བྱས་ན་ངེས་པ་དོན་གྱི་མཁས་པ་ཞེས་པ་འདི་ཅུང་ཐལ་ཡོད་ཀྱང་སྲིད།
མདོར་ན། ཨ་མདོ་བར་ཕྲག་དྭོགས་ཆེ། དབུས་པར་གཡོ་སྒྱུ་ཆེ། ཁམས་པར་ཞེ་སྡང་ཆེ། གཅིག་བྱས་ན་འདི་ཡང་ས་ཆུའི་རྐྱེན་ཞིག་ཡིན་འདྲ།
རེད། ངེས་པ་དོན་གྱི་མཁས་པ་རེད་ཟེར་བ་དེ་ཅུང་ཐལ་བར་འདོད།
Albert Eiensiten ལྟ་བུ་ཡིན་ན་ཡང་། ངེས་པ་དེོན་གྱི་མཁས་པ་ཨེ་ཡིན་བསམ། གདན་སའི་དགེ་བཤེས་ཚོས་ཁས་མ་བླངས་རུང་དེ་ལ་སྐྱོན་ཆེར་མི་འདུག་བསམ།
གང་ཡིན་ཞེ་ན། གདན་སའི་དགེ་བཤེས་ཚོའི་ཆེད་ལས་དེ་ཁོང་ལ་ཡོད་ཀྱི་མ་རེད་བསམ། ཁོང་གི་ཆེད་ལས་དེ་གདན་སའི་དགེ་བཤེས་ཚོར་ཡོད་ཀྱི་མ་རེད། ཁོང་གི་ Relativity
ཟེར་བའི་ལྟ་གྲུབ་དེ་ནང་ཆོས་ཀྱི་རྟེན་འབྲེལ་གྱི་ལྟ་བ་དང་་འདྲ་བའི་ཆ་མང་པོ་ཡོད་པ་འདྲ།
ཁོང་གཙོ་བོ་ཚན་རིག་གི་སྒང་ལ་མཁས་པ་རེད། དེའི་ནང་ནས་ཀྱང་དངོས་ལུགས་ཀྱི་སྒང་ལ་མཁས་བ་རེད་ལ་དེང་རབས་དངོས་ལུགས་ཀྱི་ཡབ་ཆེན་ཟེར་གྱི་ཡོད་པ་རེད།
དེ་ཙམ་ཞུ།
བསམ་ཚུལ་ཞིག་ཡོད་པ་དེ་མགོན་ཕྱག་དང་རིག་འབྱུང་གཉིས་ཀྱིས་གསུངས་ཚར་སོང། རྒྱབ་སྐྱོར་ཡོད། མི་ཁ་ཤས་ཀྱིས་མཁས་པ་ཡིན་མིན་རྩོད་ཀྱིན་འདུག དེ་ནམ་ཡང་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་ཕལ་ཆེ་བས་སོ་སོའི་འདོད་ཞེན་ཙམ་ལས་རིགས་པས་མི་དཔྱད་པས་སོ།
མཁར་རྨེའུ་ལགས་ཀྱིས་༸གོང་ས་མཆོག་སྲིད་ཀྱི་ལས་གནས་ལས་དགོངས་པ་ཞུ་དགོས་པ་ལྟ་བུར་བཤད་པ་འདི་དངོས་ནས་ཐལ་དྲག་པ་རེད་སྙམ། ཁོས་ད་ལྟའི་བོད་ཀྱི་གནས་སྟངས་དང་། དམིགས་བསལ་ཆབ་སྲིད་གཅིག་པོའི་ཐོག་ནས་བརྗོད་ཀྱང་༸གོང་ས་མཆོག་ནི་སྲོག་ལྟ་བུ་ཡིན་པ་ཤེས་བཞིན་དུ་༸གོང་ས་མཆོག་གིས་དགོངས་པ་བཞེས་དགོས་པ་རེད་ཅེས་པ་ནི་དངོས་ནས་ཡ་མཚན་དགོས་པ་ཞིག་འདུག རྒྱ་ནག་གི་༸གོང་ས་མཆོག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་ངེས་ལེན་མེད་ཅེས་བཤད་ཡོད་པ་ལྟར། འོ་ན་ང་ཚོས་ཀྱང་དེ་ལྟར་སྒྲུབ་དགོས་པ་ཡིན་ནམ།
འབྱུང་འགྱུར་བོད་ལ་རང་དབང་ཐོབ་པའི་དུས་སུ་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་མིན་ཞེས་གསུངས་ཡོད་པ་རེད། འདི་བོད་མི་ཚང་མར་ད་དུང་འདོད་པ་ཡོད་པ་མ་རེད་སྙམ།
ལར་ནས་མང་གཙོ་ཞེས་པ་དེ་མི་མང་རང་གི་ངོས་ནས་ཐག་གཅོད་དགོས་པ་ལས། འདི་གྲྭ་བ་རེད། འདི་བླ་མ་རེད་ཅེས་རྒྱ་ནག་གིས་བརྗོད་པ་ལྟར་མི་མང་གི་བསམ་ཚུལ་ལ་རྡོག་རོལ་བཏང་ན་འགྲིགས་འེ་ཡོང་ངམ།
མགོན་པོ་ཕྱག་གཉིས་པའི་བསམ་ཚུལ་ལ་རྒྱབ་སྐྱོར་དང་འབྲེལ་ད་རེའི་མཁར་རྨེའུ་ཡི་སྐད་ཆ་འདི་དག་ནི་གསར་བ་ཞིག་ཏུ་མཐོང་མ་སོང་།
༡ གོང་ས་མཆོག་གིས་སྔོན་ཆད་ནས་གསུངས་བཞིན་པ་ཞིག་ལ། ང་ཚོས་རེ་བ་ཆེ་ས་ནས་རྒྱག་དགོས་ལ། གྲ་སྒྲིག་སྡུག་ས་ནས་བྱ་དགོས་ཞེས་གསུངས་པ་འདི་ལ་མཁར་རྨེའུ་བསམ་གཏན་གྱིས་འབྲེལ་བཤད་ཅི་ལྟར་གནང་གི་རེད།
༢ གཞན་ཁོས་གོང་ས་མཆོག་གིས་མ་འདས་སྤྲུལ་སྐུ་ཞིག་མ་བཙལ་ན་གལ་ཏེ ༧གོང་ས་མཆོག་སྐུ་འདས་རྗེས་ཡང་སྲིད་དེ་ལོ་ན་༡༥འམ་༡༦་མ་ལོན་བར་སྲིད་དབང་འཛིན་མཁན་མེད་པར་ལབས་པའི་རྒྱུ་མཚན་ཅི། འོ་ན་ད་ལྟ་ང་ཚོས་མང་མོས་འོས་འདེམས་བྱ་བཞིན་པའི་བཀའ་བློན་ཁྲི་བ་འདིས་ཅི་ཞིག་ཚབ་བྱེད་ཀྱི་ཡོད།
ད་ནི་སེམས་སྡུག་ཐོལ་བ་བྱེད་དགོས་ཀྱི་མེད་པ་དེ་ནི་བོད་པ་ཚང་ལ་དྲ་ཐོག་གི་མཁས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་རེད། དེ་མིན་དོན་དངོས་སྤྱི་ཚོགས་ཁྲོད་དུ་ལག་ལེན་བསྟར་དུ་འགྲོ་དུས་མཁས་པ་ཡིན་མིན་གྱི་ས་མཚམས་དེ་ནི་མི་མང་རང་གིས་ངོས་འཛིན་བྱེད་ངེས་རེད།
མཁས་པ་ཡིན་མིན་ཤེས་པར་བྱེད་པ་ལ་དང་པོ་རང་ལ་མཁས་པའི་ཡོན་ཏན་མཐོང་བའི་རྣམ་རིག་དགོས། དེ་མིན་དམུ་ལོང་ལ་འོ་མ་བསླབས་པ་དང་མཚུངས། དཔེར་ན་སྔོན་མ་བོད་ལ་གྲོང་གསེབ་ཁུལ་དུ་མི་འགས་ལབ་སྲོལ་ཞིག་ལ་ཚགས་པར་ཀློག་པ་ནང་བཞིན་ཁྱོད་ཀྱི་སྐད་ཆ་ལ་གོ་རྒྱུ་མི་འདུག་ཟེར་བ་དང༌། ཡང་དེང་སང་གཞོན་སྐྱེས་འགས་གསུང་ཆོས་ཉན་པ་ནང་བཞིན་གོ་ཡ་ཅི་གང་མི་འདུག་ཟེར་བ་ཐོས་སོང༌། དེས་ན་གསུང་ཆོས་དང་ཚགས་པར་ལ་གོ་བ་མེད་པ་ཞིག་ཨེ་ཡིན།
དེ་བཞིན་ང་ཚོ་བོད་པའི་སྤྱི་ཚོགས་འདིས་ཐུན་མོངས་མ་ཡིན་པའི་རྣམ་རིག་དང༌། གསར་གཏོད། མ་འོངས་པའི་མདུན་ལམ་ལ་གཟིགས་རྒྱ་ཡངས་པའི་རྣམ་དཔྱོད་ཅན་འགའ་བྱུང་ཚེ་དེ་ལ་འདྲེ་དང༌། ལྟ་ལོག་སོགས་ཀྱི་མཚོན་ཆ་བེད་སྤྱོད་གཏོང་སྲོལ་ཡོད། དཔེར་ན་མཁས་དབང་དགེ་ཆོས་བཞིན། ཁོང་ལ་དཀའ་ཁག་ཇི་སྙེད་ཅིག་འཕྲད་པའི་རྒྱུད་རིམ་ཁྲོད་མཐར་བཙོན་ཁང་ནང་སྡུག་སྦྱོང་མྱོང་བའི་གནས་སྟངས་ལ་བལྟས་ན་ཤེས་ཐུབ། ད་ལྟ་ང་ཚོ་བོད་ལ་རང་དབང་མེད་པ་འདི་ཡང་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་འཐུས་ཤོར་དང་རྗེས་ལུས་བྱུང་ཡོད་སྙམ། ད་དུང་ཡང་ང་ཚོར་ཉམས་མྱོང་དང་ཚོར་བ་གཏིང་ཟབ་ཅིག་སྐྱེ་ཐུབ་མེད། མ་འོངས་པར་དེ་འདྲའི་ཚོར་སྣང་དེ་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་པའི་ཉིན་སྐབས་དེ་ནི་ང་ཚོ་སླར་ཡང་འཕྱིས་དྲགས་པ་ཞིག་རེད། འདོར་ན་ང་ཚོས་འཛམ་གླིང་འདིའི་སྤྱི་ཚོགས་ཀྱི་རྗེས་ཟིན་དགོས། གང་ཡིན་ཞེ་ན་ང་ཚོ་དུས་ནམས་ཡང་སྤྱི་ཚོགས་འདི་ནས་ཁ་བྲལ་ཐབས་མེད་པས་སོ། དེས་ན་ང་ཚོར་འཛམ་གླིང་མི་མང་དང་མཉམ་དུ་གོམ་པ་མདུན་སྤོས་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་པའི་སྤོབས་པ་དང་རྣམ་དཔྱོད་དགོས།
དྲ་ཐོག་འདི་ན་ཡོད་ཡོད་པོ་ཚང་མ་ཕྲག་དོག་ཁྲག་གིས་མྱོས་པའི་རྐང་འདྲེན་པ་རང་ངོ་མི་ཤེས་མཁན་ཏག་ཏག་ཡིན་པ་འདྲ།
མཁར་རྨེའུ་བསམ་གཏན་མཁས་པ་མ་རེད་ཟེར། འགྲིག་འདུག་གཞན་ཁྱོད་ཚོ་མཁས་པ་ཡིན་འགྲོ། ད་གད་མོ་མ་བསློང་རོགས།
གོང་གི་མཆན་བུ་འདོགས་མཁན་ཚོའི་ནང་དུ་ཁོང་གི་མདའ་དང་འཕང་ཟེར་བའི་ཞིབ་འཇུག་གི་དེབ་ཐེར་དེ་མཐོང་མྱོང་ཡོད་མཁན་མེད་ཚོད་འདུག སྐད་ཆའི་བཤད་སྟངས་ལ་ཉན་ན།
Anybody know where he was born? and what age he is?
མཁར་རྨིའུ་བསམ་གཏན་ཟེར་བ་དེ་རྒྱལ་རོང་དུ་འཁྲུངས་པ་རེད་དམ།
མཁར་རྨེའུ་བསམ་གཏན་ཟེར་བ་དེ་རྒྱལ་རོང་ནས་འཁྲུངས་པ་མ་རེད། ཨ་མདོ་ཟུང་ཆུ་ནས་འཁྲུངས་པ་རེད།
མཁར་རྨེའུ་བསམ་གཏན་རྒྱལ་མཚན་ཞུ་བ་དེ། བོན་པོའི་དགེ་བཤེས་ཤིག་རེད། ནུབ་ཕྱོགས་རྒྱལ་ཁབ་ནས་འབུམ་རམས་པ་ཐོན་ནས་ད་ལྟ་སློབ་དཔོན་ཆེན་མོ་གོ་མིང་ཡོད་པ་རེད། མཁས་པ་དང་མཁས་དབང་ཡིན་མིན་བོད་པས་ཅི་རིགས་བཤད་ཀྱང༌། ནུབ་ཕྱོགས་སུ་བོད་རིག་པར་སྙན་གྲགས་ཆེ་བ་ཞིག་རེད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་པའི་ཚོགས་གཙོར་ཕེབས་ཐུབ་པ་བོད་རིགས་ཁོང་གཅིག་པུ་རེད། ད་དུང་འབྲུག་རྒྱལ་ཁབ་ཀྱིས་ཀྱང་ཆེ་མཐོང་ཕུལ་ས་ཞིག་རེད། ཁོང་གིས་མཛད་རྗེས་ཆེ་བ་ཞིག་ནི་རྒྱལ་དབང་ལྔ་པའི་གསང་བའི་སྒྲུབ་ཐབས་དེ་དབྱིན་སྐད་དུ་བསྒྱུར་བ་དེ་རེད། གཞན་བོད་ཀྱི་ལོ་རྒྱུས་སྐོར་ཞིབ་འཇུག་དཔེ་དེབ་དབྱིན་སྐད་དང༌། བོད་སྐད། ཧཕ་རན་སིའི་སྐད་ཐོག་ནས་ཁོང་རང་གིས་བྲིས་པ་མང༌། བྱེས་འབྱོར་བོད་པས་མཁས་མིན་ཅི་རིགས་བཏགས་རུང༌། གཞིས་ལུས་པས་གཙིགས་མཐོང་གིས་ཁོང་གི་གསུང་རྩོམ་དབྱིན་སྐད་དུ་ཡོད་པ་རྣམས་བོད་སྐད་དུ་བསྒྱུར་དང་སྒྱུར་བཞིན་པ་རེད།
TÛ-¿e¼-zÁh-ˆP-¼ÞP.ü ¤Dº-©ïºÞ-±P-mÛ-GŸÛÅ-zŸÝGÅ-¤DÅ-q-n¤Å-hP-mÝz-xôGÅ-M¾-Dz-ˆÛ-ŸÛz-ºWâG-q-n¤Å-ˆÛÅ-GhïPÅ-ºWôG-‚ïh-Å-!ŸÛG-»Ûm-q-ÁïÅ-±ôhü
མཁར་རྨེའུ་བསམ་གཏན་བོན་པོ་ཡིན་པ་ཤེས་རྗེས་ཚང་མ་འཇམ་ཅག་གེར་གྱུར་སོང༌། ཧ་ཧ་ཧ་ཧ་་་་་་་་་་་་་་་
དྲ་ཐོག་འདིར་སླེབས་མཁན་ཕལ་ཆེ་བ་ཆོས་ལུགས་ཀྱིས་བཟྀ་བསྡད་ཡོད་པ་འདྲ། ཁོས་བཤད་པའི་བོད་དོན་ལ་ཡང་གླེང་མཚམས་ཆད་སོང༌། ཨ་མདོ་བ་ཁ་ཤས་ཀྱིས་སོ་སོ་དང་ལུང་ཚན་གཅིག་པ་ཡིན་མིན་བརྩད་ཁ་བྱས། མིན་པ་ཤེས་རྗེས་བཏང་སྙོམས་སུ་བཞག་སོང༌། འདི་ཡང་ཧ་ཧ་ཧ་་་་་་་་་་་
ཧ་རོ་་་་་་་་་་་་ བོད་དོན་འདི་་་་་་་་་་་་་་་་ ཐུག་ས་་་་་་་་་་་་ ད་བཞག་ཤོག
དྲ་གྲོགས་ཉི་འོད་ལགས་སུ་རྒྱབ་སྐྱོར་ཡོད། གོང་གི་ཁ་རྒྱག་པ་བཤད་མཁན་རྣམས་ཀྱི་སྐད་ཆ་ཐོས་ཚེ་ངས་ཀྱང་མཁས་དབང་དགེ་ཆོས་མཆོག་གི་ལོ་རྒྱུས་ལྷང་ངེར་དྲན་སོང་། ང་ཚོའི་སྤྱི་ཚོགས་ནང་དུ་ཕྱི་རྒྱལ་གྱི་མཁས་པ་ཞིག་རེད་ལབ་ཚེ་
ཚང་མས་ཧ་ལས་སྣང་བྱེད་ལ། རང་རེའི་བོད་རིགས་མཁས་པ་ཞིག་ཡིན་ཚེ་དེ་ལ་དམའ་འབེབ་དང་ཕྲག་དོག་སྣ་རྒུ་བྱེད་དེ་སྤྱི་ཚོགས་ནང་དཀྲོགས་གཏམ་བསྒྲགས་པ་ལ་ཐབས་ཡང་མཁས་པོ་ཡོད། དེའི་རིགས་བསོད་ཟད་མིན་ནམ་སྙམ། དགོངས་དག ་དྲན་ཚད་ཁ་ནས་ཤོར་སོང་། ཁོང་གྲུབ་མཐའ་བོན་པོ་ཡིན་མིན་མི་ཤེས་ཀྱང་དངོས་གནས་དྲ་གྲོགས་ཚངས་དབྱངས་ཀྱི་གསུངས་པ་ལྟར་མཁས་དབང་ཁོང་བོན་པོ་རེད་ལབ་དུས་ཚང་མ་འཇམ་ཐང་ངེར་ཆགས་སོང་ཨ། ཧ་ཧ་ཧ་ཧ་། དེ་འདྲའི་རྫོབ་རྟགས་སྟོན་དགོས་མ་རེད། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་དབུག་སྟོད་ལ་འཚང་དགོས་དོན་མེད། ཧ་ཧ་ཧ་ཧ་
ངས་གོ་ཐོས་ལ་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་བོན་པོ་ཞིག་ཡིན་མིན་མ་ཤེས་ཀྱང་། ཁོང་ 59་ ལོའི་སྔོན་དུ་བོད་ནས་གྲྭ་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ལོ་མང་རིང་སློབ་གཉེར་གནང་མྱོང་མཁན་ཞིག་ཡིན་པའི་བཤད་སྲོལ་འདུག དེ་ལྟར་གོ་ཚེ་དྲ་གྲོགས་རྣམས་ཀྱིས་སླར་ཡང་བསམ་ཚུལ་གསུང་འགོ་འཛུགས་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།