གཅན་ཡེ་རྒྱམ།
གསུམ་པ།
ལྷ་སྐྱིད་ཞོགས་པ་སྔ་བོ་ནས་ཡར་ལངས་ཏེ་གཟུགས་པོ་བཀྲུས་རྗེས་དོན་འགྲུབ་གཉིད་སད་པར་བསྒུག ཡིན་ནའང་དོན་འགྲུབ་མདང་དགོང་དཀའ་ལས་ཁག་པ་འམ་ཡང་ན་ཅི་ཞིག་གི་རྐྱེན་གྱིས་འདི་འདྲ་གཉིད་དུ་ཤོར་བ་མི་ཤེས་མོད། ཕར་ལྟོས་ཚོད་ལ་ད་དུང་གཉིད་སད་རྒྱུའི་རེ་བ་ཅུང་མེད་པ་འདྲ། ཆུ་ཚོད་བདུན། ཆུ་ཚོད་བརྒྱད་་་་་། ཉི་འོད་རི་རྩེ་ནས་བབས་ཏེ་མཐར་ཁང་བའི་ནང་དུ་བསླེབས། ཁང་ཆུང་གསལ་དུ་གསལ་དུ། ཆུ་ཚོད་བཅུ། ཆུ་ཚོད་བཅུ་གཅིག་་་མཐར་ལྷ་སྐྱིད་ཨུ་ཐུག་ནས་དོན་འགྲུབ་ཡར་ལོངས། ང་གྲོད་ཁོག་ལྟོག་གི་འདུག་ཟེར་བཞིན་ལག་པས་ཐུག་ཙམ་བྱས་པར། དོན་འགྲུབ་ཧོབ་སད་རྒྱབ་སྟེ་ཆུ་ཚོད་ག་ཚོད་རེད། ཆུ་ཚོད་ག་ཚོད་རེད་ཟེར་བཞིན་ལྷ་སྐྱིད་ཀྱི་གདོེང་ལ་ཅེར། ལྷ་སྐྱིད་ནས་ཆུ་ཚོད་བཅུ་གཉིས་ཟིན་འདུག་པ་གོ་བའི་ཆེད་གྱང་ངོས་ཀྱི་ཆུ་ཚོད་དེར་བལྟ་ཙམ་བྱས། འོ་ཙི། དཀོན་མཆོག་མཁྱེན་ང་དེ་འདྲ་གཉིད་ཤོར་འདུག འདི་འདྲ་གང་འདྲ་ཡིན་ནམ། འོ་རེད། ང་ཁྱེད་རང་གིས་གཉིད་བཅུག་མ་སོང་ང། ལྷ་སྐྱིད་ནས། ག་རེ། ཁྱོད་གཉིད་མ་ཐུབ་ན་ང་ལ་ལན་པ་ག་རེ་འདུག །དོན་འགྲུབ་ནས་དངོས་གནས་ཁྱེད་རང་གིས་གཉིད་བཅུག་མ་སོང་ཟེར་བཞིན་འདོད་གཏམ་བཤད་འདོད་ཀྱིས་འཛུམ་མདངས་དང་བཅས་ཁྲུས་ཁང་ནང་འཛུལ།
དོན་འགྲུབ་ཁྲུས་ཁང་ནས་གཟུགས་པོ་ཆུ་བཤལ་བཏང་ནས་ཚུར་ལོག་ཡོང་དུས་ལྷ་སྐྱིད་སྐྱིད་ད་དུང་ཡང་ཁྱེད་རང་གཉིད་མ་བཅུག་ནས་ག་རེ་བྱས་སོང་ཟེར་བཞིན་དོན་འགྲུབ་ཀྱི་གདོང་ལ་ལྟ་བཞིན་གནས་ཚུལ་གང་ཡིན་གསལ་བོར་ཤེས་འདོད་བྱེད། དོན་འགྲུབ་ཀྱིས་ད་སྐད་ཆ་དེ་གཡུགས་ཞོག་ཟེར། །
ཡང་སྙིང་ངས་ག་རེ་བྱས་སོང་ཞེས་འུ་ཚུགས་རྒྱབ་པར། །དོན་འགྲུབ་ནས། ང་ཁྱེད་རང་གི་སྟེང་འཛེག་གྲབས་ཐེངས་ཁ་ཤས་བྱས་པ་ཡིན་ཟེར། །ལྷ་སྐྱིད་ཧོབ་དེ། འོ། དེ་འདྲ་ཟེར་མཁན་ཡོད་རེད་པས། ཞེ་སྣང་ལ། ངོ་ཚ་མེད་མཁན་ཟེར། །དོན་འགྲུབ་ནས་བྱས་ཙང་། ངས་ཀྱང་བཤད་མ་དགོས་ན་བསམ་བྱུང་། དོན་འགྲུབ་ནས་གོན་པ་གྱོན་རྗེས་ཁོང་གཉིས་ཕྱིར་ལ་ཐོན་ནས་ཉིན་གུང་གི་ཁ་ལག་ཟ་བར་ཤར་སེ་སོང་།ཁ་ལག་ཟ་བའི་སྐབས་ཁ་སང་དང་མི་འདྲ་བར་ཁོང་གཉིས་ཀྱི་གནས་སྟངས་ལ་ཅུང་འགྱུར་བ་ཐེབས་ཏེ།དོགས་མི་བདེ་བ་དང་ཁ་སྐྱེངས་བའི་རྣམ་པ་ཞིག་གི་ངང་བཀའ་མོལ་ཉུང་དུ་ཕྱིན་པ་མ་ཟད། གང་ཤོད་པ་དེ་ཡང་འཛེམ་ཟོན་དང་བཅས་བཤད་བཞིན་ཡོད། ཁ་ལག་གི་རྗེས་སུ་ཁོང་གཉིས་གློག་བརྙན་ལྟ་རུ་ཕྱིན། གློག་བརྙན་ལྟ་བའི་སྐབས་དོན་འགྲུབ་ཆགས་པས་མྱོེས་པས་སྡོད་བཟོད་མེད་པར་ལྷ་སྐྱིད་ལ་བརྔས་ནས་སྡོད་པ་དང་། ག་ལེར་ལག་པ་གཡོན་པ་ལྷ་སྐྱིད་ཀྱི་གླ་ཤ་སྟེང་འཇོག་པ། རིམ་པར་ལག་པའི་ནང་ལག་པ་འཇོག་པ་སོགས་གོ་རིམ་ལྟར་མི་ལས་དགུ་ལས་ཀྱིས་ལྷ་སྐྱིད་ཀྱང་འདོད་པས་རབ་ཏུ་མྱོས་པར་གྱུར། གློག་བརྙན་ཁང་ནས་ཕྱིར་ཐོན་ཏེ་གཞུང་ལམ་གྱི་གཡས་ངོས་ནས་ཁ་ནུབ་ཕྱོགས་སུ་གོམ་པ་སྤོས་ནས་འགྲོ་བ་དང་། སྐད་ཆ་ཅི་ཡང་བཤད་མི་ཤེས་པ་ལྟར་གོམ་པ་མདུན་ནས་མདུན་དུ་སྤོ་བཞིན་འགྲོ ཁ་སང་དང་མི་འདྲ་བར་གློག་བརྙན་བལྟས་པ་རྣམས་རབ་བེ་རུབ་བེ་རི་མོའི་དོན་སྤྱི་ཤིག་ལས་མ་ངེས་པས་གློག་བརྙན་གྱི་སྐོར་ལ་བཀའ་མོལ་ཡང་གནང་མི་ཤེས་པ་ལྟར་གནང་། སྐབས་དེར་ལམ་ཁའི་ཟུར་གཅིག་ནས་ཁྱོ་ག་མང་པོ་ཞིག་པང་རིམ་སྒྲིག་ནས་ཡོད་པ་དང། དེ་དག་གི་གྲལ་མགོར་ལྕགས་དྲ་བརྒྱབ་པའི་བཙོན་ཁང་འདྲ་བའི་ཁང་པ་ཆུང་ཆུང་ཞིག་ཡོད་པ་དེ་ནི་ཨར་ཁང་ཞིག་རེད་འདུག ། དོན་འགྲུབ་ནས། ལྷ་སྐྱིད་ལགས། སྦིར་རག་འཐུང་མྱོང་ངམ། །ལྷ་སྐྱིད་ནས། སྔོན་ཆད་ངའི་གྲོགས་མོའི་ཆང་ས་སྐབས་ཅུང་ཙམ་འཐུང་མྱོང་། ཞིམ་པོ་མི་འདུག གཅིན་པའི་དྲི་མ་འདྲ་ཞིག་བྲོ་ནས་གང་ཡིན་འདི་ཡིན་ཤེས་མ་སོང་། ལྷ་སྐྱིད་ལགས། ཁྱེད་རང་འདིར་སྒུག་དང་ངས་སྦིར་རག་ཉོས་ནས་ཡོང་ཟེར་བཞིན་ཁྱོ་ག་དེ་དག་གི་རྗེས་སུ་བང་རིམ་སྒྲིག ལྷ་སྐྱིད་ལམ་ཁའི་ཟུར་གཅིག་ནས་དོན་འགྲུབ་ཀྱི་སྦིར་རག་ཉོས་མ་ཟིན་པར་སྒུག་ནས་སྡོད་པའི་སྐབས་རྒྱ་གར་གྱི་ཕོ་གསར་དེ་དག་རྐང་དྲུག་བུང་བ་བཅུད་ལྡན་མེ་ཏོག་ལ་འཁོར་བ་ཇི་བཞིན་ལྷ་སྐྱིད་ཀྱི་མཐའ་ནས་ཡང་ཡང་སྐོར་བ་རྒྱག་པ་དང་། ཤབ་ཤུབ་ཀྱིས་སྐད་ཆ་གང་བྱུང་ཤོད་པ། ཡང་ཡང་མིག་གིས་ལྟ་བ་སོགས་ཡུད་ཙམ་རིང་ལྷ་སྐྱིད་སྡོད་བཟོད་མི་ནུས་པ་ཞིག་བཟོས། །ལྷ་སྐྱིད་ནི་དཀར་ཞིང་འཇམ་པའི་ཞལ་རས་པདྨ་དཀར་བོར་དཀྱུས་རིང་སྤྱན་དང་། གཟེངས་མཐོ་བའི་སྣ། རི་མོ་བས་བྲིས་འདྲའི་མཆུ་ཏོ། གཟུགས་པོ་ཙཱ་རིའི་སྨྱུག་མ་ཇི་བཞིན་ཕྲ་ཞིང་གཉེན་པ། ཨོང་ཤ་ཆེ་ལ། ནུ་མ་འབུར་བ་སོགས་ཆགས་ལྡན་གྱི་བུ་སུ་ཞིག་ཡིན་རུང་ལྷ་སྐྱིད་མཐོང་བ་ཙམ་གྱིས་སེམས་མི་ཤོར་མཁན་ཞིག་རྩ་ནས་མེད་རེད་ཅེས་བཤད་ཆོག་ལ། བུ་ཕྲུག་གསུམ་གྱི་ཨ་མ་རེད་ཟེར་དུས་སུས་ཀྱང་ཡིད་ཆེས་བྱེད་མཁན་མེད།
དོན་འགྲུབ་ཀྱིས་སྦི་རག་ཤེལ་དམ་དྲུག་ཉོས་ནས་ཕྱིར་ཐོན་དུས་ལྷ་སྐྱིད་ཨུ་ཐུག་པའི་རྣམ་འགྱུར་དང་བཅས། མགྱོགས་ཙམ་གནོངས་དང་ཟེར་བཞིན་གོམ་པ་སྤོ་མགོ་བརྩམས་ཏེ་ཤར་སེ་མགྲོན་ཁང་གི་ཕྱོགས་སུ་བསྐྱོད་པ་དང། དོན་འགྲུབ་ཀྱང་ལྷ་སྐྱིད་ཀྱི་རྗེས་སུ་བསྙེག་བཞིན་མགྲོན་ཁང་དུ་འབྱོར། ལྷ་སྐྱིད་ཀྱིས། ཁྱེད་རང་གིས་སྦི་རག་འདི་འདྲ་མང་པོ་འཐུང་ཐུབ་ཨེ་ཡོང་ཞེས་དྲིས་པར། དོན་འགྲུབ་ནས། ང་རང་གཉིས་ཀས་འཐུང་ཡག་ཡིན། གཉིས་ཀས་འཐུང་ན་སྐྱིད་པོ་ཡོད་རེད། ལྷ་སྐྱིད་ནས། ང་ལ་འཐུང་འདོད་མི་འདུག གཅིན་དྲི་དྲོ་སྟབས་ངས་འཐུང་ཐུབ་པ་མི་འདུག དོན་འགྲུབ་ནས། ཁ་ལ་ཞིམ་པོ་དེ་ཙམ་མི་འདུག་སྟེ་སེམས་སྐྱིད་པོ་ཡོང་གི་རེད་ལ། བློ་ཁག་ཀྱང་རྒྱས་ཀྱི་རེད། ལྷ་སྐྱིད་ནས། བློ་ཁོག་རྒྱས་ནས་གང་ཡོང། ཁྱེད་རང་དམག་སར་འགྲོ་རྒྱུ་ནི་མ་རེད། དོན་འགྲུབ་ནས། ཡིན་ལགས། ངས་དམག་རྒྱག་དགོས་བསམ་ཡོད། ངའི་མི་ཚེའི་ནང་གི་དམག་དང་པོ་དེ་རྒྱག་དགོས་བསམ་བཞིན་ཡོད། ཟེར་བཞིན་གདོང་ལ་འཛུམ་མདངས་བཅོས་མ་ཞིག་སྟོན་བཞིན་སྦི་རག་ཤེལ་ཕོར་གཉིས་ཀྱི་ནང་དུ་བླུགས། ལྷ་སྐྱིད་ལ་ཨུ་ཚུགས་བྱས་པས་མོ་རང་གིས་ཀྱང་འཐུང་མགོ་ཚུགས། སྦི་རག་དམ་བུ་གཉིས་འཐུང་རྗེས་ཁོང་གཉིས་མགྲོན་ཁང་གི་རྩེ་ཐོག་ཏུ་ཕྱིན་ཏེ་དམ་བུ་གསུམ་པ་འཐུང་བཞིན་བཅོ་ལྔའི་དུང་ཟླའི་འཁོར་དང་བཅས་པར་ལྟ་བཞིན་བསྡད། ནམ་མཁའ་གཡང་དྭངས་ཤིང་གསལ་ལ། བཅོ་ལྔའི་དུང་ཟླ་སྐར་ཚོགས་དང་བཅས་པ་ཁྲ་ཆིལ་ལེར་ཡོད། དོན་འགྲུབ་ནས། ལྷ་སྐྱིད་ཀྱི་གདོང་ལ་ལྟ་བཞིན། ཝེ། ལྷ་སྐྱིད་ནས། ལགས་ཡོད། དོན་འགྲུབ་ནས། ང་ལ་འོ་ཞིག་གནང་དང། དོན་འགྲུབ་སྣང་བ་དྲོ་བའི་བརྩེ་སེམས་ཤིག་གིས་ལུས་པོ་ཡོངས་སུ་ཁྱབ་ཡོད་ན་ཡང། ལྷ་སྐྱིད་ཀྱི་ཁ་ནས། ཨོ། ངོ་ཚ་རྒྱུ་མེད་མཁན། དཀར་ཞིང་གསལ་བའི་བཅོ་ལྔའི་དུང་ཟླས་འུ་གཉིས་ལ་བལྟས་ནས་བསྡད་འདུག ཁྱེད་རང་ངོ་ཚ་ཡི་མི་འདུག་གམ་ཟེར་བཞིན་མགོ་བོ་སྨད་དེ་བསྡད། དོན་འགྲུབ་ཀྱི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་ཀྱང། འདར་སིག་སིག་གི་ལག་གཉིས་ལྷ་སྐྱིད་ཀྱི་མགྲིན་པར་འཁྱུད་དེ་འོ་བསྐྱལ་བས། ལྷ་སྐྱིད་ལ་ཐོག་མར་ངོ་ཚ་བའི་རྣམ་འགྱུར་ལྡན་ནའང། རིམ་པར་དོན་འགྲུབ་ལ་འཐམས་ཤིང་འཁྱུད།
ཉལ་ཁང་དུ་ཕྱིར་ཡོང་ནས་སྦི་རག་ལྷག་མ་རྣམས་འཐུང་བཞིན། འཐམ་ཞིང་འཁྱུད་དེ་རེག་བྱའི་བདེ་བ་ལ་ཅི་དགར་རོལ་མགོ་ཚུགས་ཤིང། ཁུ་སིམ་སིམ་གྱིས་ལྷག་མ་རྣམས་ཀྱང་བཤད་མི་ཤིས་བའི་བདེ་བ་དང། སྐྱིད་པོ། གྱེས་མི་འདོད་པའི་ཚོར་བ་ཞིག་གིས་ཁེངས་ནས་བདུན་ཕྲག་གཅིག་གི་དུས་ཚོད་རིམ་གྱིས་རྫོགས།
ཁོང་གཉིས་མེ་འཁོར་འབབ་ཚུགས་སུ་སོང་སྟེ་སུ་ཊར་དོ་པོ་རྣམས་མེ་འཁོར་གྱི་སྒམ་རིང་ནང་བླུགས་རྗེས་ཨ་སམ་སོ་ཕྱོགས་སུ་ཤར་བསྐྱོད་བྱས། དོན་འགྲུབ་ཀྱིས་དོན་ཆེན་འགྲུབ་པའི་བཟོ་ཞིག་སྟོན་བཞིན་གདོང་ལ་འཛུམ་དམུལ་དམུལ་དང། ཁ་ནས་གཏམ་ཁ་མཚར་རེ་བཤད་བཞིན་ལྷ་སྐྱིད་སྐྱིད་པོ་ཡོང་བའི་ཐབས་ཤེས་གང་ཡོང་བྱས། ལྷ་སྐྱིད་ཀྱི་གདོང་ལ་འཛུམ་གྱིས་བསུ་བཞིན་དགའ་སྤྲོའི་རྣམ་པ་སྟོན་ཅི་ཐུབ་བྱེད་བཞིན་ཡོད་ན་ཡང། སེམས་ཁོངས་སུ་སྨུག་ཞགས་ཀྱིས་ཁེངས་ནས་ཡོད། མཛའ་ཞིང་བརྩེ་ལ་བདེ་སྐྱིད་དང་ལྡན་པའི་དུས་ཚོད་བཟང་པོ་དེ་སྐད་ཅིག་ཉིད་ལ་རྫོགས། ཡིན་ན་ཡང། ད་དུང་ཉིན་གཅིག་མཚན་གཅིག་གི་མེ་འཁོར་ནང་གི་མཉམ་གནས་ཀྱི་དུས་ཚོད་འདི་སྐྱིད་ལ་རོལ་ཐུབ་པའི་སྐལ་བ་ཞིག་ཡོད། མེ་འཁོར་ནང་དུ་འཁོད་རྗེས་ལྷ་སྐྱིད་ཀྱི་ལག་པས་དོན་འགྲུབ་ཀྱི་ལག་གཡོན་པར་དམ་པོར་འཇུས་ཏེ་མི་གློད་པར་ལག་གཉིས་དམ་པོར་འཇུས་པའི་ཚ་དྲོད་ཀྱིས་ལག་པ་རློན་པར་གྱུར། དོན་འགྲུབ་ཀྱིས། ཁྱེད་རང་གི་ལག་པ་གཉིས་གློད་དེ་ལྷོད་ལྷོད་ངང་བཞུགས་དང་་ཟེར་བར། ལྷ་སྐྱིད་ཀྱིས། མིན། ང་ལ་གློད་འདོད་མི་འདུག དེ་ག་རང་འཇུས་ནས་བསྡད་ན་སྐྱིད་པོ་འདུག དོན་འགྲུབ་ནས་མི་འཁོར་གྱི་ཁྲོག་སྒྲ་དང་མཉམ་དུ་གློག་དམར་འཁྱུག་འདྲར་ཕོ་ཁྱོ་ག་གཅིག་གི་ངོས་ནས་བསམ་བློ་སྟོང་ཕྲག་ག་ཚོད་བཏང་ཡང། འདི་ནི་མི་ཚེ་ནང་ཆེས་ཐོག་མའི་ཉེས་པ་ཆེན་པོ་བསགས་པ་བློ་ལ་ཡང་ཡང་འཁོར་བཞིན། ཡ་མཚན། འདི་འདྲ་ཐབས་སྐྱོ་བའི་ལས་ཀ་ཞིག་ག་འདྲ་སེ་ཡིད་ལ་འཁོར་བ་རེད་སྙམ་བཞིན་སྡུག་བསྔལ་ཞིག་གིས་ལུས་སེམས་ཡོངས་ལ་ན་ཟུག་གི་རྦ་རླབས་འཕྲལ་མེད་དུ་གཡོ་བཞིན་ཡོད། ལྷ་སྐྱིད་ནས། དོན་འགྲུབ། ང་ཁྱེད་རང་ལ་དགའ་ཡི་འདུག ང་ཁྱེད་དང་ཁ་བྲལ་འདོད་མི་འདུག་ཟེར་བཞིན་དོན་འགྲུབ་ལ་འཐམ། དོན་འགྲུབ་ཀྱིས། འདི་འདྲ་མ་གནང་དང། རྒྱ་གར་འདི་ཚོས་མིག་ལྟ་གི་འདུག
ལྷ་སྐྱིད་ནས། སུ་ཊར་བཙོང་བའི་སྐབས་ཁྱེད་རང་ལ་དུས་ཚོད་བྱུང་ན་ང་ལ་ལྟ་རུ་ཡོང་རོགས་ཀྱིས་ཨ།
དོན་འགྲུབ་ནས། ལགས་ཡིན། ང་ལ་དུས་ཚོད་བྱུང་བ་དང་ང་ཁྱེད་རང་ལ་ཐུག་གི་ཡོང་གི་ཡིན། ཡིན་ན་ཡང། ཁྱེད་རང་གི་ནང་མིས་ཧ་གོ་ན་ག་འདྲ་ཡོང། ཁྱེད་རང་ཚོ་བཟའ་ཚང་བར་ལ་རྙོག་དྲ་བཟོ་མི་ཡོང་ངམ་སྙམ་གི ལྷ་སྐྱིད་ནས། ཁྱེད་རང་གི་གདོང་པར་ལྷ་སྐྱིད་ཀྱི་དགའ་རོགས་ཞེས་བྲིས་མེད་ཙང། གྲོགས་པོ་ངོ་ཤེས་ཤིག་གི་རྣམ་པའི་སྒོ་ནས་ཐུག་གི་ཡོང་ན་འགྲིག་གི་རེད། ངས་ཁྱེད་རང་དྲན་ནས་བཟོད་སྒོམ་ཐུབ་ས་མ་རེད། ང་ལ་དུས་ཚོད་བྱུང་ཕྱིན་ང་ཁྱེད་རང་ལ་ཐུག་ཏུ་ཡོང་ཆོག་ཅེས་ཟེར། དོན་འགྲུབ་ཀྱིས་ཀྱང་དེ་ལྟར་ཁས་བླངས་ཏེ་ཁོང་གཉིས་ཨ་སམ་སོར་སླེབས་ཕྱིན་གྱི་དུས་ཚོད་དང་བསྟུན་ནས་ཡང་ཡང་ཐུག་ཐུབ་པར་རེ་བ་དང་བློ་འགྱོད་མེད་པའི་ལས་ཀྱི་འཕྲད་པའི་བརྩེ་བ་འདི་ཡུན་རིང་འདྲིས་གཤིབ་བྱེད་ཐུབ་པའི་སྨོན་ལམ་བྱས། ཨ་སམ་སོར་འབྱོར་བའི་ཉིན་མོ་དེར་ཁོང་གཉིས་ལ་ཐབས་ཤེས་གང་ཡང་མེད་པར་རང་རང་སོ་སོར་ཁ་བྲལ་ནས་ཕྱིན། ལྷ་སྐྱིད་ལ་མཚོན་ན་དོན་འགྲུབ་དང་འཕྲད་པ་དང། དོན་འགྲུབ་ལ་བཅངས་བའི་བརྩེ་བ་འདི་དག་རང་སྲོག་གཅོད་པའི་རལ་གྲི་ཞིག་དང་མཚུངས་བར་ལུས་སེམས་གཉིས་ལ་མནར་གཅོད་གྱི་ངུ་ཟུག་གྲངས་མེད་ཀྱི་འཚང་ཁ་རུ་ལྷུང། ཁྱད་མཚར་བོ་ཞིག་ནི། ལམ་ཐུག་མ་རེད་ལས་ཐུག་རེད་ཟེར་ནའང་འདྲ། ལས་ཐུག་མ་རེད་ལམ་ཐུག་རེད་ཟེར་ནའང་འདྲ། གང་ལྟར་ལྷ་སྐྱིད་ཀྱིས་དོན་འགྲུབ་ལ་བཅངས་བའི་བརྩེ་བ་ནི་ཚད་ལས་བརྒལ་བའི་བརྩེ་བ་ཞིག་རེད་ཅེས་བཤད་ཆོག
ཁོང་གཉིས་རང་རང་ཤག་ཏུ་ལོག་པའི་ཉིན་མོ་ནས་བཟུང། དོན་འགྲུབ་ཡང་དེ་ཙམ་གྱི་སྐྱིད་པོ་མེད་ལ། ལྷ་སྐྱིད་ལ་མཚོན་ན་གཉིད་ཆག་ལྟོ་བྲལ་གྱི་ངང་ལ་ཚོང་ལས་ལ་བརྩོན་བཞིན་ཡོད་ནའང། དོན་འགྲུབ་སྐད་ཅིག་ཙམ་ལ་ཡང་སེམས་ནས་བརྗེད་མི་ནུས་པར་གཅིན་སྐྱག་གཏོང་བར་འགྲོ་བའི་གོ་སྐབས་དང་བསྟུན་ནས་དོན་འགྲུབ་མཐོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད། མཚམས་རེར་དོན་འགྲུབ་ཀྱིས་གདོང་ལ་འཛུམ་གྱིས་བསུ་བཞིན་ལག་པ་གཡུག་གཡུག་རེ་བྱས་ཚེ་ལྷ་སྐྱིད་ཉིན་ཁ་ཤས་རིང་སྣང་བ་སྐྱིད་སྐྱིད་དང། གདོང་ལ་འཛུམ་དམུལ་དམུལ་ཡིན།
མུ་འགོད།
བོད་ཕྱི་ནང་གི་བོད་མི་སྤྱི་དང་། ལྷག་པར་དུ་འཕྲོད་བསྟེན་གྱི་སྡེ་ཚན་དག་ནས་འགན་ལེན་གྱིས་སོ་སོའི་མི་རིགས་དང་སྤྱི་ཚོགས་འདི་ནད་མེད་བདེ་ཐང་ཞིག་ཏུ་གོམ་པ་སྤོ་ཐུབ་རྒྱུར་འབད་བརྩོན་བྱེད་དགོས
སྙན་པོ་བྱུང་།
me too