མུ་ཏིག
༡
ཁ་བ་ལྷབ་ལྷབ་དུ་འབབ་པའི་ཞོགས་པ་དེར། ཁོང་གིས་རང་གི་རེ་སྙེག་ཐོད་ལ་བཟུང་ནས། གཅེས་སུ་རུང་བའི་ཕ་ཡུལ་དང་ཕ་མ། མཛའ་མོ་སོགས་ན་ཟུག་ཅིག་གི་མཆི་མར་བསྒྱུར་རྗེས། ཁེར་རྐྱང་དང་སྐྱོ་གདུང་གིས་ལམ་ལ་ཆས།
༢
“ཧུར་རེ། ཧུར་རེ།”་ཀི་ལྡིར་དང་ཅ་ཅོ་འདྲེས་མ་དེས་ཁོང་རང་གཉིད་ལས་བསླངས་སོང་།
“དོན་དག་ཅི་ཞིག་བྱུང་བ་ཡིན་ནམ།” ཁོང་གིས་སྒེའུ་ཁུང་གི་ཡོལ་བ་ཕར་དེད་ཙམ་བྱས་པ་ན། མིག་ལམ་ཧྲིལ་བོར་དཀར་བོངས་བོངས་བྱས་སོང་།
“ཡ་མཚན། ཁ་བ་འབབ་ཀྱིན་ཡོད་དམ།” སྒྱིད་ལུག་གིས་ཞོགས་ཉལ་ལ་དགའ་བའི་གོམས་གཤིས་དེའང་གཏིང་ནས་བརྗེད་སོང་། ངོ་གདོང་ཡང་མ་བཀྲུས་བར་ཕྱི་ལོགས་ལ་བུད་པ་ན། ཁ་བའི་འདབ་མ་ནི་དཀར་སོབ་སོབ་ཀྱིས་བར་སྣང་ནས་ལྡིང་སྐོར་རྒྱག་བཞིན་དུ་འབབ་ཀྱིན་འདུག རྒྱའི་སྙན་ངག་པ་ཞིག་གིས་བོད་ཡུལ་ནས་བྱེའུ་ཀླད་པ་ལྟ་བུའི་ཁ་བ་མཚམས་མི་ཆད་པར་འབབ་པར་བཤད་པའི་སྐད་ཆ་དེ་ཡིད་ལ་འཁོར་བ་དང་རང་ཉིད་ཕ་ཡུལ་ན་ཡོད་པ་དང་འདྲ་བའི་ཚོར་སྣང་དམིགས་བསལ་ཞིག་བྱུང་།
“སྐྱིད་པ་ལ། ས་མཐའ་འགྲིམས་ནས་མི་ལོ་འདི་དག་གི་རིང་ལ། རང་ཉིད་བསྡད་ས་འདིར་ཁ་བ་བབས་པ་ཐེངས་པོ་མིན་ནམ།” ཁོང་གིས་ཐེ་ཚོམ་ཅི་ཡང་མེད་པར་སྨྱོ་བ་ལྟར་ཁ་བའི་ཁྲོད་ཡར་རྒྱུགས་མར་རྒྱུགས་བྱས་རྗེས། ཁ་བ་སྤར་མོ་གང་ཁ་ནང་བརྫངས།
“ཧ་ཧ་ཧ་ཧ” ཁང་བདག་རྒྱ་གར་བ་དེས། གད་མོ་དགོད་ཀྱིན་ཁོ་ལ་བལྟས་འདུག
“ང་ཁ་བ་ལ་དགའ། ཁ་བ་ནི་ངའི་ཕ་ཡུལ་གྱི་མཚོན་བྱེད་དུ་གྱུར་ཡོད །”ཁོང་ལ་བསྲན་མི་ཐུབ་པའི་དྲན་གདུང་ཞིག་གིས། མཆི་མ་ཡང་ཡང་བསྒུལ་བྱུང་།
“ཁྱེད་ཀྱིས་ཁ་བ་བབས་པ་ཐེངས་དང་པོ་མཐོང་བ་ཡིན་ནམ།” ཁང་བདག་གིས་ཁོའི་བསམ་ཚུལ་རྟོགས་པ་བཞིན་ག་ལེར་ཁོང་དང་ཉེ་སར་བཅར།
“སྤྱིར་ཁ་བ་རི་རྩེར་བབས་པ་མཐོང་བ་ལས་རང་ཉིད་འདུག་སར་བབས་པ་ཐེངས་དང་པོ་ཡིན།”
“རེད་རེད། ང་རྒད་པོ་ལོ་ལྔ་བཅུ་ལྔ་གྲངས་ལ་སླེབས་ཟིན་མོད། དེ་རིང་གི་ཁ་བ་འདི་ངའི་མི་ཚེ་ནང་ཐེངས་དང་པོ་བབས་པ་རེད། ཡུལ་མི་ཚང་མས་ས་ཆ་འདིར་ཁ་བ་འབབ་འཇོག་པར་ཡིད་ཆེས་བྱེད་ཀྱི་མ་རེད། དེ་རིང་ཞོགས་པར་ང་ཚོའང་ཧང་སང་ནས་ཀི་བཏབ་པ་ཡིན། ཧ་ཧ་ཧ།” ཁང་བདག་རྒྱ་གར་བ་དེས་སྐྲ་རྩེར་བབས་པའི་ཁ་བ་ལ་བལྟ་བཞིན་ཁོང་དང་ཁ་བརྡ་བྱས།
༣
ཁོང་གིས་ཁ་བའི་འདབ་མར་ཅེར་ནས་འཁྱགས་སྣང་མ་ཚོར། ཁ་བར་བལྟས་ཀྱིན་བལྟས་ཀྱིན་སེམས་པ་གང་ཞིག་ལ་འཕུར་ཟིན། བར་སྣང་ནས་མར་འབབ་བཞིན་པའི་ཁ་བའི་འདབ་མ་རེ་རེ་དང་ལག་འཇུ་བྱེད་བཞིན་ཇེ་མཐོ་ནས་ཇེ་མཐོར་འཕུར།
ཁ་བས་གཡོགས་པའི་སྦྲ་ནག་དེ། ཁུ་སིམ་མེར་གནས་པ་དང་ཁྱི་རྒན་སེར་ལྡིང་ཡང་ཁ་རོག་གེར་དྲུད་འཐེན་འཁོར་ལོའི་འོག་ན་གཉིད་དུ་ཡུར་འདུག
ཁ་བའི་ཁྲོད་བཞག་པའི་རང་གི་རྐང་རྗེས་ལ་ཕྱིར་མིག་ལྟ་བཞིན་ལྟ་བཞིན་མདུན་དུ་སོང་། དྲན་རྟེན་ལྟར་བཞག་པའི་ཁོང་གི་རྐང་རྗེས་དེ། ཕ་མ་དང་མཛའ་མོའི་སྙིང་ཁར་བཞག་པའི་རྐང་རྗེས་དེ། ཁོང་གིས་ནམ་ཡང་བརྗེད་མི་ཐུབ་པའི་བྲལ་ཁའི་གདུང་དབྱངས་སྐྱུར་མོ་ཞིག་ཏུ་གྱུར་སོང་།
༤
ཁ་བས་ཅི་ཞིག་དྲན་སྐུལ་བྱེད་བཞིན་པ་ལྟར། ཁོང་ལ་ཕ་ཡུལ་ཁོ་ན་དྲན་དུ་བཅུག ཁ་བའི་འདབ་མས་ཕ་ཡུལ་ལ་ལོག་ཤོག་ཟེར་བ་ལྟར་ཁོ་ལ་གཡབ་མོ་བྱེད་ཀྱི་འདུག ཐག་རིང་ཐག་རིང་ནས། མཚམས་མེད་པར་གཡབ་མོ་བྱེད་ཀྱི་འདུག
“བྷ་བྷོའུ། མེ་དྲོ་བར་ཤོག”ཁོང་ཧད་སེ་བཏང་སོང་། ཁ་བའི་ཁྲོད་མིག་ཆུ་དྭངས་མོ་ཞིག་ཟགས་བ་དེའང་ཁང་བདག་རྒྱ་གར་བ་དེ་ཁོ་ནས་མཐོང་སོང་།
ཞོགས་པར་ཁ་བ་བབས་པ་དེ། ངོ་མཚར་བའི་རྒྱ་གར་བ་ཚོའི་དགའ་སྣང་དུ་གྱུར་བ་དང་ཡུལ་དྲན་པའི་ཁོང་གི་སྐྱོ་གདུང་གི་མིག་ཆུ་རུ་གྱུར་སོང། སྐབས་དེའི་དགའ་སྐྱོ་ནི་རེས་མོས་ལྟར་འཁོར་གྱིན་འཁོར་གྱིན་དུ་མེ་ལྕེ་དམར་པོ་དེའི་ཀློང་ལ་འཐིམས་སོང་།
ཧུར་རེ། སེམས་ཤིན་ཏུ་དགའ་དུས་ཀི་སྒྲ་དང་འདྲ་བའི་སྐད་ཅོར་རྒྱག་སྟངས་ཤིག
བྷ་བྷོའུ། རྒྱ་གར་ཡུལ་སྐད་ཅིག་སྟེ། སྐྱེས་པ་ཚོར་འབོད་སྟངས་ཤིག
མེ། རྒྱ་གར་ནས་གནམ་གཤིས་འཁྱགས་དུས་སྐྱེས་པ་ཚོས་མེ་སྒོང་བརྒྱབ་ཏེ་ཁ་བརྡ་བྱས་པའི་གོམས་གཤིས་ཤིག་ཡོད།