སྦྲ་རིགས་ཐོགས་མེད་།
དེ་ནི་མེ་ལྕེ་ཞིག་རེད།
འོན་ཀྱང་། དེ་ནི་གདུག་རྩུབ་དང་ཧམ་སེམས་ཀྱི་མེ་ལྕེ་ཞིག་གཏན་ནས་མ་རེད།
དེ་ནི་ལྷག་བསམ་དང་སྙིང་སྟོབས་ཟུང་གིས་སྤར་བའི་མེ་ལྕེ་ཞིག་རེད།
དེ་ནི་མི་རིགས་དང་རྒྱལ་ཁབ་ཤིག་གི་ཆེད་དུ་འབར་བའི་མེ་ལྕེ་ཞིག་རེད།
དེ་ནི་རང་དབང་དང་འདྲ་མཉམ་ལ་རྒྱང་འབོད་བྱེད་པའི་མེ་ལྕེ་ཞིག་རེད།
དེ་ནི་རང་དོན་ཡོད་ཚད་བློས་བཏང་བའི་རླབས་ཆེན་གྱི་མེ་ལྕེ་ཞིག་རེད།
དེ་ནི་རིག་གཞུང་ཞིག་གི་རྒུད་པ་སྐྱོབ་པའི་ཕུགས་བསམ་གྱི་མེ་ལྕེ་ཞིག་རེད།
དེ་ནི་ཁྱད་འཕགས་ཀྱི་སྐྱེས་བུ་ཞིག་རང་ཡུལ་དུ་འབོད་པའི་མེ་ལྕེ་ཞིག་རེད།
དེ་ནི་འགྱུར་མེད་ཡིད་ཆེས་ཀྱིས་འཁྱུད་པའི་དད་པའི་མེ་ལྕེ་ཞིག་རེད།
དེ་ནི་ལོ་རྒྱུས་ཀྱི་བདེན་པ་བརྡར་བའི་དཔང་རྟགས་ཀྱི་མེ་ལྕེ་ཞིག་རེད།
དེ་ནི་མེ་ལྕེ་ཞིག་རེད།
འོན་ཀྱང་། དེ་ནི་སྡར་མ་དང་འུ་ཐུག་པའི་མེ་ལྕེ་ཞིག་གཏན་ནས་མིན།
དེ་ནི་གཞན་གྱི་བཙན་གནོན་ལ་མགོ་བོ་མི་སྒུར་བའི་ཆོད་སེམས་ཀྱི་མེ་ལྕེ་ཞིག་རེད།
དེ་ནི་མ་འོངས་བར་རེ་བཞག་ཆེ་བའི་ཕུགས་བསམ་གྱི་མེ་ལྕེ་ཞིག་རེད།
དེ་ནི་གཞན་དོན་ཁུར་དུ་འཁྱེར་བའི་སྙིང་སྟོབས་ཁོ་ནའི་མེ་ལྕེ་ཞིག་རེད།
དེ་ནི་གཞན་གྱི་སྡུག་བསྔལ་རང་གིས་ལེན་པའི་བྱང་སེམས་ཀྱི་མེ་ལྕེ་ཞིག་རེད།
དེ་ནི་གཞན་གྱི་ནོར་འཁྲུལ་ལ་གསལ་འདེབས་བྱེད་པའི་མེ་ལྕེ་ཞིག་རེད།
དེ་ནི་གང་གིས་ཀྱང་བསྐྲུན་ཏུ་མེད་པའི་བདེན་པའི་མེ་ལྕེ་ཞིག་རེད།
དེ་ནི་སྨྲ་བསམ་བརྗོད་ལས་འདས་པའི་དྭངས་གཙང་གི་མེ་ལྕེ་ཞིག་རེད།
དེ་ནི་འཛམ་གླིང་ལོ་རྒྱུས་ཀྱིས་འབོར་ཐབས་བྲལ་བའི་ཞི་བའི་མེ་ལྕེ་ཞིག་རེད།
དེ་ནི་སྨྲག་རུམ་གྱི་ཁ་གཏད་དུ་འབར་བའི་འོད་སྣང་གི་མེ་ལྕེ་ཞིག་རེད།
དེ་ནི་སྨྲ་བརྗོད་ཁྲི་འབུམ་ཁུར་བའི་གསལ་བཤད་ཀྱི་མེ་ལྕེ་ཞིག་རེད།
དེ་ནི་སྙུག་ཁ་གཅིག་གིས་ནམ་ཡང་བརྗོད་ཐབས་བྲལ་བའི་མེ་ལྕེ་ཞིག་རེད།
༡༢,༠༡,༢༠༡༢ བོད་ཀྱི་རླབས་ཆེན་དཔའ་བོ་ཕོ་མོ་རྣམས་རྗེས་སུ་དྲན་བཞིན་བྲིས།
ལགས་སོ། ཁྱེད་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་རོ།
།