ཁོ་མོའི་མིང་ལ་འཛམ་ལྷ་ཟེར་ཞིང་མོ་ལོ་བརྒྱད་ཅུ་གྱ་ལྔ་ལ་སླེབས་འདུག ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཤོག་ནས་རེད། ཕྱི་ལོ་ཉིས་སྟོང་བཅུའི་དགུན་དུས་སུ་ཁྱུང་མྱུག་ཚོགས་པ་ཞེས་པའི་གྲྭ་རྐྱང་ལྷག་བསམ་གྱིས་ཕྱུག་པ་སྐོར་ཞིག་གིས་ས་དེར་བོད་ཡིག་རྨོངས་སེལ་གྱི་འཛིན་གྲྭ་སྒྲུབ་དུས་ལོ་ན་ཆེས་ཆེ་བའི་དབྱངས་གསལ་སྦྱོར་ཀློག་སློབ་མཁན་གྱི་སློབ་མ་རེད། ཕལ་ཆེར་ཟླ་བ་གཅིག་གི་རིང་ལ་ཉི་མ་རེ་རེ་བཞིན་སློབ་སྦྱོང་ལ་མ་ཆག་པར་ཡོང་སྟེ། དབྱངས་གསལ་སོ་བཞི་འབྲི་ཀློག་གཉིས་ཀ་ཤེས་པར་གྱུར། ཁོ་མོའི་བཤད་རྒྱུར། ང་ནི་སྐྱེས་ནས་ད་ལ་མ་ཐུག་གི་བར་དུ་ཡི་གེ་སྦྱོང་བའི་གོ་སྐབས་རྙེད་མ་སོང་། ད་ཐེངས་ཁྱེད་རྣམ་པས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུའི་འགྲོ་སོང་བཏང་སྟེ་སྒོ་ཁར་ཡི་གེ་སློབ་ཏུ་འོངས་པ་དངོས་གནས་བཀའ་དྲིན་ཆེ་སོང་། ང་ཡང་ད་བར་དུ་མ་ཤི་བར་ལུས་པ་འགྲིག་འདུག ད་རེས་ངས་ཀྱང་ཡི་གེ་སློབ་ན་འདོད། སྔོན་གྱི་བླ་མ་རྣམ་པས་ཀ་ཁ་སུམ་ཅུ་ཤེས་སོང་ན་དུད་འགྲོའི་སྐྱེ་སྒོ་ ཁེགས་གསུངས་པས་ངས་ཀྱང་ཀ་ཁ་སུམ་ཅུ་མ་ཤེས་ཐབས་མེད་ཡིན་ཟེར་ཞིང་། མི་ལོ་གྱ་ལྔའི་རིང་ལ་ཡིག་རྨོངས་སུ་ལུས་པའི་སྡུག་ཡུས་ཀྱི་མིག་ཆུའང་གདོང་གི་གཉེར་མའི་གསེང་དུ་ག་ལེར་བཞུར་སོང་། སྤུན་ཟླ་ཚོ། ང་དང་ང་ཚོའི་ཁོར་ཡུག་ན་འདི་དང་འདི་འདྲ་བའི་ཡིག་རྨོངས་པ་ག་ཚོད་ཅིག་ཡོད་ལ་དེ་དག་གི་སེམས་ཁོང་ན་སྐྱོ་སྡུག་གི་བྲོ་བ་ཅི་འདྲ་ཞིག་མཆིས།
ཁྱུང་མྱུག་ཚོགས་པས་རྒྱུ་ཆ་མཁོ་སྤྲོད་བྱས་པ་བཞིན་མཁས་གྲུབ་རྒྱལ་མཚན་གྱིས་འདུ་བྱས་སོ།།
བོད་མོ་ཁོ་མོའི་མིང་ལ་འཛམ་ལྷ་ཟེར། །
མོ་ལོ་བརྒྱད་ཅུ་གྱ་ལྔར་སླེབས་ལ་ཉེ། །
ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་ནས་ཡིན། །
དབྱངས་གསལ་སྦྱོར་ཀློག་གསར་སྦྱོང་རྒན་མོ་ངར། །
ས་ཡ་དྲུག་གི་བོད་མིས་དཔེ་ར་ལྟ་འོས། །
དགེ་སློབ་མཐུན་སྦྱོར་གསུམ་ཀར་བཀའ་དྲིན་ཆེ་ཞུ་ལགས
ཚེ་རིང་རྒྱུ་མ།
ཚེ་རིང་བོར་ཤོག བོད་ཡིག་གི་རྩོམ་འབྲི་བའི་ནུས་པའང་འབྱོར་བར་ཤོག
སྙན་པའི་འཕྲིན་བཟང་རེད། དེ་ཡང་བསམ་བློ་གཏོང་ས་ཞིག་ནི་སྔོན་བོད་མ་ཤོར་གོང་ནས་དགོན་པ་སོ་སོས་འདི་འདྲིའི་སྤྱི་ཚོགས་ཞབས་ཞུ་བྱས་ཡོད་ན་འདི་འདྲ་སྐྱོ་བོ་ཞིག་ཆགས་དགོས་དོན་ག་ལ་ཡོད། ཨ་ཤི་རེ་ཁོ།
མོ་ཡི་མིང་ལའང། དབྱངས་གསལ་སྒྲོལ་མའི་ཧཟིགས་རྟགས་ཕུལ་
དྲྭ་གྲོགས་དབྱངས་གསལ་བང་མཛོད་ལགས་ཀྱི་བསམ་ཚུལ་དེ་ཧ་ཅང་ལེགས། དེ་ལྟ་བུའི་མིག་དཔེར་འོས་པའི་བྱ་གཞག་ལ་ཁ་ཡག་ཙམ་མ་ཡིན་པར་གཟེངས་རྟགས་ཞིག་འབུལ་ཐུབ་ན་ཅི་འདྲ་འདུག
དེ་མིན་འཛམ་ལྷ་ཁྱེད་ཉིད་ཚེ་འདིར་བོད་ཡིག་ལེགས་པར་མ་བྱང་ཡང་སྐྱེ་བ་ཕྱི་མར་མཁས་དབང་གཞན་དྲིང་མི་འཇོག་པ་ཞིག་ཏུ་འགྱུར་བར་སྨོན། ད་དུང་དྲྭ་གྲོགས་ཁྱེད་ཀྱིས་གནས་ཚུལ་སྤྲད་པར་ཐུགས་རྗེ་ཆེ།