མགར་ཐུབ་བསྟན་ནོར་བུ།
༼ཨ་ཁྱ་བླ་མ་ཀར་ཆོས་རིན་པོ་ཆེ་ནི་ བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ཏེ། སྤྱི་ལོ་༡༩༡༤ལོར་བོད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་རྨ་རྫ་སྒང་གི་ཆར་གཏོགས་ཡུལ་སྐྱོང་ཟོ་དོར་ཆེན་པོ་དར་གྱི་རི་བཀྲ་ཕྱུག་མོའི་ལྷོ་ཕྱོགས། སྙི་ཀླུང་དལ་གྱིས་འབབ་པའི་ཁུག་ཟུར། གནས་རི་ངང་པ་རྡོ་རྗེ་དྲག་རྩལ་གྱི་མདུན་ཞོལ་དུ་ཡབ་ཨ་ཁྱ་སྐྱབས་ཐར་དང་ཡུམ་ཨ་བོའི་བཟའ་འཛོམ་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་མཉམ་མེད་ཐུབ་པའི་བསྟན་ལ་རབ་ཏུ་བྱུང་ཞིང་མདོ་དབུས་ཁམས་གསུམ་གྱི་བསྟན་འཛིན་ཕལ་མོ་ཆེའི་ཞབས་ལ་བཏུད་དེ་སྨིན་གྲོལ་གྱི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་མྱོས་པར་བྱས། སྐུ་ཚེ་གང་ལ་སྒྲུབ་པ་ཉམས་ལེན་ལ་གཞོལ་བས་རྟོགས་པའི་གོ་འཕང་མཐོན་པོར་གཤེགས། སྤྱི་ལོ་༢༠༠༠སྟེ།དགུང་གྲངས་གྱ་ལྔར་སོན་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོའི་ཟླ་ གཉིས་པའི་ཚེས་ཉེར་བདུན་ཉིན་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བསྡུས་སོ༽
སྐབས་འདིར་གླེང་བར་སྤྲོ་བ་ནི། ཨ་ཁྱ་བླ་མ་དཀར་ཆོས་ཞེས་པའི་མཚན་ཡོངས་སུ་གྲགས་པའི་དམ་པ་ཁོང་གིས་དུས་འགྱུར་སྐབས་ཀྱི་འགལ་རྐྱེན་མཐའ་དག་བྱང་ཆུབ་སྒྲུབ་པའི་གྲོགས་སུ་ཤར་བའི་སྐོར་དེ་ཡིན།
དེ་ཡང་ཁོང་ཉིད་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་བཞུགས་པའི་སྐབས་ཤིག་ལ་ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་གང་ལ་བརྟགས་ཀྱང་བོད་ཁམས་སུ་མཚོན་གྱི་བུ་ཡུག་འཚུབ། ཁྲག་གི་ཆར་བ་འབེབ་པའི་འཁྲུག་ཟིང་ཡ་ང་བ་ཞིག་འབྱུང་མ་རག་པ་ཡིན་པར་དགོངས་ནས་ཨོ་རྒྱན་རིན་པོ་ཆེ་ལ་གདུང་ཤུགས་དྲག་པོས་བོས་ཏེ་བདག་རྒྱ་གར་དུ་འགྲོའམ་བོད་དུ་ལོག་ཅེས་གསོལ་བ་བཏབ་ཚེ་གློ་བུར་དུ་སྤྲིན་བྲལ་ནམ་མཁའ་ཤིན་ཏུ་གཡའ་དག་པ་མཐིང་ཞུན་གྱིས་བྱུག་པ་ལྟ་བུའི་དབྱིངས་རུམ་དུ་ཐང་དཀར་རྒོད་པོ་ལྔས་ལྡིང་སྐོར་ལན་འགར་རྒྱབ་ནས་བོད་ཡུལ་དུ་འཕུར་སོང་བས་ཡེ་ཤེས་མཁའ་འགྲོའི་ལམ་སྟོན་དང་འགྲོ་དོན་ཕ་ཡུལ་མགོ་ལོག་ཏུ་ཡོད་པར་ཤེས་ནས་རང་ཡུལ་དུ་ལོག
མ་འགྱང་བར་སྤྱི་མཐུན་འགྲོ་བའི་ལས་དབང་གིས་རྒྱལ་ཁམས་སྤྱི་དང་ཁྱད་པར་དུ་བོད་ཡུལ་མདོ་དབུས་ཁམས་གསུམ་ཀུན་ཏུ་སྔར་བྱུང་མ་མྱོང་བའི་དུས་ངན་མཚོན་གྱི་སྐལ་བ་ཁ་ནས་གླེང་མི་ཕོད་པ་ལྟ་བུ་བྱུང༌། མེ་མདའི་ཚག་སྒྲ་དང་འབར་རྫས་གས་པའི་ལྡིར་སྒྲ རྫས་དུད་དང་ཁྲག་རླངས་འཐབ་པའི་ཕྱུར་སྒྲ སྐྱེ་བོའི་སྨྲེ་སྔགས་འདོན་པའི་ངུ་སྒྲ་བཅས་ཀྱིས་འཇིག་རྟེན་འདི་མྱ་ངན་མི་བཟད་པའི་གནས་སུ་བཀོད། སྐབས་དེར་རྗེ་འདི་ཉིད་ཀྱིས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས་སྙིགས་མའི་སྐྱོབ་པ་གཅིག་པུར་བསྔགས་པ་ཨོ་རྒྱན་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེ་དེ་ཉིད་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ནས་བཞུགས་པས་སྐུ་ལ་ཉེར་འཚེ་གང་ཡང་མ་བྱུང་བར་གསུངས། དེ་ནས་མཚོན་འཁྲུག་ཅུང་ཟད་མཇུག་དྲིལ་བ་ལྟར་སྣང་ཡང་མཚོན་རྗེས་སུ་མུ་གེ་འབྱུང་བ་ཆོས་ཉིད་ཡིན་པས་སྤྱི་ལོ་༡༩༦༠ལོ་ནས་ཁྱི་རོ་རུལ་བ་ཐོབ་ཀྱང་ཁ་ཟས་སུ་ཟ་བ་ཡི་དྭགས་ཀྱི་གྲོང་ཁྱེར་མི་ཡུལ་དུ་བྱུང་བ་ལྟ་བུའི་མུ་གེའི་བསྐལ་བ་ཆེན་པོ་དར་ཞིང༌། ལྟོགས་གྲིར་ཤི་བ་ནི་གྲངས་ཀྱིས་མི་ཆོད། སྐབས་དེར་ཁོང་ཉིད་ལ་བཅུད་ལེན་གྱི་མན་ངག་དང་ལྡན་ཕྱིར་བཀྲེས་སྐོམ་གྱི་ཉམ་ང་གང་ཡང་མེད་ཅིང༌། མུ་གེར་ཤི་བ་རྣམས་ལ་རོ་བདག་བྱེད་ནུས་མཁན་མེད་པས་ཁོང་གིས་རོ་རྣམས་རེ་རེ་བཞིན་དུར་རམ་གཙང་སར་བསྐྱལ་ཞིང་ཐུགས་སྨོན་ཟབ་རྒྱས་གནང་བས་འདི་ཕྱི་ཀུན་ལ་བཀའ་དྲིན་གཞལ་དུ་མེད་དོ། །
དེ་རྗེས་མུག་རྔ་ཅུང་ཟད་བུད་ནས་ལྷོད་ཡང་ཕྲན་ཙམ་བྱུང་ཡང་མ་འགོར་བར་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་ལ་ལོ་བཅུའི་གྱོང་གུད་ཆེད་པོ་ལོ་རྒྱུས་སྟེང་གསུབ་ཏུ་མེད་པའི་རྨ་ཤུལ་ཆེན་པོ་བཟོས་པ་དེ་ཉིད་ཀྱི་མགོ་ཚུགས། ཛ་དྲག་ཆེ་བའི་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་དེ་སྤེལ། བླ་དཔོན་དང་མི་དྲག་ཕལ་མོ་ཆེ་སྔར་ནས་བཙོན་དུ་དེད་ཟིན་ལ་འགའ་ཞིག་གསར་དུ་འཛིན་བཟུང་སྤྲད་པ་ལ་བལྟས་ན་བླ་མ་ཀར་ཆོས་ཡང་བཙོན་ལ་ཕེབས་དགོས་པ་འདྲ་ཞེས་ཡུལ་མི་རྣམས་ཀྱིས་གླེང༌། དེ་ཚེ་ཁོང་གི་དགོངས་པར་གང་ལྟར་ཀྱང་གསར་བརྗེ་ལས་སྒྲུབ་པ་དག་གི་བྱེད་སྤྱོད་ལ་གཞིགས་ན་བཙན་དབང་དང་དྲག་གནོན་འོག་བླ་སེར་ཡིན་རུང་སེམས་ཅན་མང་པོའི་སྲོག་གཅོད་པ་སོགས་མི་དགེ་བ་ཚད་མེད་པ་གསོག་ཏུ་འཇུག་པར་གོར་མ་ཆག དེ་བས་ཞ་བོར་གྱུར་ན་དགའ་བས་ཀྱེ་མ་ཨོ་རྒྱན་རིན་པོ་ཆེ་ཁྱེད་མཁྱེན་བདག་གི་རྐང་པ་འདི་ཞ་འགྲོ་བར་ཤོག་ཅིག ཅེས་སྨོན་ལམ་མང་དུ་བཏབ་པའི་མཐར་མཚན་གུང་ཞིག་ལ་གཉིད་སད་ཚེ་སྐུ་ལུས་ལ་ཟུག་གཟེར་བཟོད་དུ་མེད་པ་ཞིག་བྱུང་བས་གནས་ལུགས་ཀྱི་ངང་ལ་བཞག་ཀྱང་མ་ཕན། བདེ་སྡུག་གཏོང་ལེན་བྱས་ཀྱང་མ་ཕན་པར་འགྲེ་ལྡོག་མང་དུ་རྒྱབ། ནམ་སྨད་ཙམ་ལ་གཉིད་དུ་ཡུར་སོང་ནང་མོ་ཞབས་རྐང་བརྐྱང་རྒྱུ་མེད་པར་ཞ་བོ་རེད་འདུག་གསུངས།
སྤྱིལོ་༡༩༦༦ལོ་ནས་ཉེས་འགེལ་གྱི་ཞྭ་ནག་སུམ་བརྩེགས་སུ་བསྐོན་ནས་རྟོག་དཔྱོད་པ་འབྲལ་མེད་དུ་བཞག དེ་ཡི་སྔ་ཕྱི་བར་གསུམ་དུ་གྲལ་རིམ་འཐབ་རྩོད་ཀྱི་འཚོགས་འདུ་ཞེས་པ་རྒྱུན་མི་ཆད་པར་འཚོགས་ཤིང་ཉོན་མོངས་པའི་གདོན་གྱིས་བརླམས་ནས་སྨྱོན་པ་ལྟར་གྱུར་པའི་དམུ་རྒོད་ཀྱི་སྐྱེ་བོ་མ་རུངས་པ་རྣམས་ཀྱིས་འདི་མི་བྱེད་བྱ་བ་གཅིག་ཀྱང་མེད། མི་རིགས་སོ་སོའི་རིན་ཐང་བྲལ་བའི་ཆོས་ལུགས་དང་རིག་གཞུང་གོམས་སྲོལ་མཐའ་དག་རྙིང་རུལ་དང་རྨོངས་དད་དུ་བརྩིས་ནས་ལྷ་འདྲེ་གདོན་བགེགས་གཙང་སེལ་བྱེད་དགོས་ཞེས་པ་དང་གྲལ་རིམ་དགྲ་བོ་རྩ་མེད་དུ་གཏོང་དགོས་ཞེས་པའི་ཁ་འབོད་སྒྲོགས་པ་དང་ཆབ་ཅིག་རྒྱལ་ཡོངས་ཀྱི་ས་གནས་ཡོངས་སུ་གཏོར་བཤིག་་དང་འཐབ་རྩོད་ཀྱི་བྱ་འགུལ་རྒྱ་མཚོའི་རླབས་ལྟར་སྤེལ་བའི་འདུ་ལོང་གིས་ཡོངས་སུ་ཁེངས། དམ་པ་འདི་ཉིད་བཞུགས་པའི་འཁོར་ཡུག་ལ་མཚོན་ན། ཨ་བོའི་བླ་མ་བསྟན་འཛིན་དར་རྒྱས་ཀྱི་གདན་ས་ཕུ་འུ་དགོན་ཞེས་པ་སྔོན་དགོན་མཐའི་མ་རྒན་རྣམས་ཀྱི་ངག་ལས་ཀྱང༌། ཨ་བོའི་བླ་མའི་གདན་ས་ན། ཁྱི་རེ་ཤི་ཡང་འཇའ་རེ་ཤར། ཞེས་གླེང་བ་བྱིན་རླབས་ཆེ་བའི་ཚད་དུ་གྲགས་པ་དེར་ཡང་ཁ་ནས་ཤོད་མི་ཕོད་པའི་གཏོར་བཤིག་ཐེབས། དཔེར་ན་ཨ་བོའི་བླ་མའི་སྐུ་དམར་གདུང་སྐབས་རེ་མཚན་མུན་ནག་ནང་དུ་ཐུགས་ཀ་ནས་འོད་ཟེར་འཕྲོ་བ་ཞིག་ཡོད་པ་དེ་ཡང་མགུལ་ཐག་པས་བསྡམས་ནས་བཞུགས་ཁྲི་ལས་ཕབ་ཏེ་སྐམ་པ་རྣོན་པོས་ཕྱག་མཛུབ་རྣམས་རེ་རེ་བཞིན་བཅད་ཚེ་མཚལ་ལྟར་དམར་བའི་ཁྲག་རྒྱུན་བྱུང་བ་མཐོང་མྱོང་བའི་མི་ཡང་ཡོད་པར་བཤད། དེ་བཞིན་དགོན་སྡེ་ཁག་གི་སྐུ་གསུང་ཐུགས་རྟེན་གཏོར་བཤིག་དང་རྩ་བརླག་ཏུ་བཏང་བ་གྲངས་ཀྱིས་མི་ཆོད། མ་ཎིའི་རྡོ་མཁར་རྣམས་བཤིགས་ནས་ཁང་པའི་སྒོ་གདན་དང་སྒྱེད་རྡོ་བྱེད་པ། ཐང་ཀས་རྒྱུ་ལྟེབ་བྱེད་པ། ཇོ་དར་གྱིས་ཉལ་གདན་བྱེད་པ། བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུའི་གཉའ་ནས་ཞོན་ཏེ་འཕོང་ལ་ལྕག་གིས་བྲབ་པ། སྣ་ཕུག་པ། གཅིན་བླུད་པ། མི་གཙང་བ་ཟ་རུ་འཇུག་པ། སྐུ་གཅེར་བུར་ཕུད་ནས་རྡོ་སྟར་སོ་མ་མང་པོ་སར་བཙུགས་ཏེ་དེའི་སྟེང་པུས་མོ་འཛུག་ཏུ་བཅུག་ནས་རྡུང་རྡེག་དྲག་ཏུ་བྱེད་ཅིང་འཐབ་རྩོད་ཀྱི་འཚོགས་འདུ་གྲོལ་ཚེ་གཡག་གཅིག་བཤས་པ་ལྟ་བུའི་ཁྲག་གི་དམར་ཤུལ་ཆགས་པ། དེ་ལྟར་གདུག་ཅན་་སྲིན་པོ་མི་ཤ་གློན་ཟས་བྱེད་པ་ལས་ཀྱང་ཐུ་བའི་སྡིག་སྤྱོད་སྣ་ཚོགས་ཀྱིས་བསྟན་འཛིན་ཕལ་མོ་ཆེ་དབུ་ཉེས་ཤོར། དམ་པ་ཆོས་ཀྱི་སྒྲོན་མེ་ནི་ནུབ། ཆད་པར་ལྟ་བའི་མུན་པ་ནི་འཁྲིགས། ལོག་སྨྲ་འབྱུང་བྱའི་ང་རོ་ནི་སྲིད་རྩེར་བསྒྲགས། ཇི་ལྟར་སྨྱོ་ཚབ་ཆེ་བའི་ལས་ཀ་བྱེད་ཕོད་པ་དེ་ལྟར་གསར་བརྗེའི་དཔའ་བོ་དང་སྔོན་ཐོན་དུ་བསྒྲགས། དགེ་བ་ཨོཾ་གཅིག་བརྗོད་ན་ཁྲིམས་ལ་སྦྱོར་བ། སྡིག་པ་ཤིག་གཅིག་བསད་ན་དཔལ་དར་འདོགས་པའི་དཔེ་ལྟར། སྦལ་བ་གསོན་པོ་བཟུང་ནས་ཆུ་ཁོལ་མའི་ནང་དུ་བཙོ་ནུས་ན་གསར་བརྗེའི་སྔོན་ཐོན་ཡིན། མ་ཎིའི་རྐུབ་སྟེགས་བྱས་ན་གསར་བརྗེའི་སྔོན་ཐོན་ཡིན། བླ་མའི་གཉའ་བར་ཞོན་ནུས་ན་གསར་བརྗེའི་སྔོན་ཐོན་ཡིན། ཕ་མར་རྡུང་རྡེག་ནུས་ན་གསར་བརྗེའི་སྔོན་ཐོན་ཡིན། བཙན་ཤེད་ཀྱིས་དགེ་སྦྱོང་དག་གི་ལག་ཏུ་མཚོན་ཆ་བཞག་ནས་སེམས་ཅན་གསོད་དུ་འཇུག་པ་དེ་ལ་སོགས་པའི་དགེ་སྡིག་གོ་ལོག་རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱོད་པའི་དུས་སྐབས་དེར་རྗེ་བཙུན་དམ་པ་གང་ལ་ཡང་མ་ཉེས་ཁ་ཡོག་གིས་གཤེ་སྐུར་དང་རྡུང་རྡེག་ཚད་མེད་པ་བྱས་ཀྱང༌། ཇི་སྐད་དུ། བཞི་བརྒྱ་པར། ན་བའི་བུ་ལ་ཁྱད་པར་དུ།། མ་ནི་ལྷག་པར་གདུང་བ་ལྟར།། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས།། དམ་པ་མིན་ལ་ལྷག་པར་བརྩེ།། ཞེས་དང༌། ཞི་བ་ལྷས། འགྲོ་མང་རྡོག་པས་བདག་གི་སྤྱིར་འཚོག་གམ།། འགུམ་ཡང་མི་བསྡོ་འཇིག་རྟེན་མགོན་དགྱེས་མཛོད།། ཅེས་དང༌། རྒྱལ་སྲས་ཐོགས་མེད་བཟང་པོས་གནོད་བྱེད་ལ་ཕན་འདོགས་པའི་བསམ་པ་ཡོད་ན་བློ་སྦྱོང་གི་བསླབ་བྱ་དང་དམ་ཚིག་ཕལ་ཆེར་དེར་འདུས་པར་གསུངས་པ་བཞིན། ནམ་རྒྱུན་འཐབ་རྩོད་ཀྱི་འཚོགས་འདུ་མགོ་རྩོམ་པའི་ཚེ་ན། འདི་ལྟར་ནམ་མཁའ་དང་མཉམ་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བདེ་སྡུག་གཏོང་ལེན་གྱི་ཉམས་ལེན་ལ་བརྩོད་པར་བྱའོ་སྙམ་དུ་སྦྱོར་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་ནས་མནར་གཅོད་སྣ་ཚོགས་གཏོང་བཞིན་པའི་སྐབས། དེ་ལྟར་སྟོང་པའི་དངོས་རྣམས་ལ།། ཐོབ་པ་ཅི་ཡོད་ཤོར་ཅི་ཡོད།། ཅེས་དང༌། འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བའང་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། ཞེས་པ་ལྟར་ཆོས་ཐམས་ཅད་སྤྲོས་བྲལ་མཉམ་པ་ཉིད་དུ་ལྟ་བའི་ངང་མ་ཤོར་བཞིན། གནས་ལུགས་དོན་ལ་མ་གྲུབ་ཀྱང༌།། རྨི་ལམ་དུས་ཀྱི་རྒྱུ་འབྲས་ལྟར།། འཁྲུལ་བའི་ལས་འབྲས་མི་བསླུ་བས།། ཞེས་པ་ལྟར་སྣང་ཆ་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཕྱོགས་ནས། ཕན་བདེ་མ་ལུས་གཞན་ལ་བསྔོ།། ཕན་བདེས་ནམ་མཁའ་གང་བར་ཤོག ། སྡུག་བསྔལ་མ་ལུས་བདག་ལ་སྨིན།། སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པར་ཤོག །ཅེས་གསུངས་པ་ལྟར་བདེ་སྡུག་གཏོང་ལེན་གྱི་ཉམས་ལེན་ཁོ་ན་གནང་ཞིང་འཐབ་རྩོད་མཇུག་གྲོལ་མ་ཐག་རབ་ན་བཟང་སྤྱོད་ཚར་གཅིག་དང་ཐ་ན་ཡང༌།འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌།། ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་ཏེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ཞེས་པ་བཏོན་ནས་བསྔོ་བ་ཡང་དག་གིས་རྒྱས་མ་བཏབ་པ་གཏན་ནས་མེད་ལ། དེ་ཡང་ཇི་སྐད་དུ། རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན།། བར་ཆད་དགེ་སྦྱོར་བསྐུལ་མ་ཡིན།། སྡུག་བསྔལ་སྡིག་པའི་ཕྱགས་ཤིང་ཡིན།། ཞེས་དང༌། དེ་བས་འདི་དག་གནོད་ཆེན་བྱེད་ན་ཡང༌།། ཐམས་ཅད་བཟང་རྒུ་ཞིག་ཏུ་སྤྱད་པར་བྱ།། ཞེས་པ་ལྟར། དེ་ནི་ཁོང་གིས་མི་ཚེ་འདིར་སྔོན་གྱི་ལས་ངན་འཛད་པར་བྱེད་ཅིང་ཚོགས་རླབས་པོ་ཆེ་རྫོགས་པའི་དགེ་རྩ་ཆེ་ཤོས་ཡིན་གསུངས། དེ་ནི་རྐྱེན་ངན་གྲོགས་སུ་ཤར། ལྟས་ངན་གཡང་དུ་ཁུག སྡུག་བསྔལ་ལམ་དུ་སློངས་བ་ཡིན་ནོ།།
དེ་ལྟར་ཆོས་ཤན་རྐྱེན་གྱིས་འབྱེད། ཅེས་པ་བཞིན་ཆོས་པ་བཟང་པོ་གསེར་དང་འདྲ་སྟེ། གསེར་བཟང་པོ་ཇི་ལྟར་བསྲེགས་བཅད་བརྡར་གསུམ་བྱས་ན་དེ་ལྟར་རང་མདངས་ཐོན་པ་བཞིན་ཆོས་པ་བཟང་པོ་ཇི་ལྟར་འགལ་རྐྱེན་དང་འཕྲད་ན་དེ་ལྟར་ཉམས་ལེན་གྱི་བོགས་འདོན་དུ་འགྲོ་བ་ཡིན་པས་དར་ལག་རྫོང་ཁོངས་སུ་གཏོགས་པ་གཅིག་པུར་ཡང་རྗེ་འདི་དང་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེ། ཨ་རིག་མཁན་པོ་དཔལ་ལྡན་ཡེ་ཤེས། ཨ་ལགས་བརྩོན་འགྲུས་རྒྱལ་མཚན། ཁྲ་གླིང་མཁན་པོ་པདྨ་བློ་གྲོས། སྤྲུལ་སྐུ་བསྟན་པའི་ཉི་མ། སྤྲུལ་སྐུ་བསོད་ནམས་འོད་ཟེར། སྙན་དགོན་མཁན་པོ་ཕན་སེམས། སྤྲུལ་སྐུ་ཆོས་གྲགས། སྡེར་ནང་བློ་གཏེར། སྤྲུལ་སྐུ་སྒོ་སྡེས་སོགས་སྐྱེ་མཆོག་དམ་པ་མང་པོ་ཞིག་མུན་ཁང་ནང་གི་སྒྲོན་མེ་བཞིན་དམ་པའི་ཡོན་ཏན་གྱི་རང་འོད་ལྷམ་མེར་གསལ་བ་ཀུན་ལ་གྲགས་པ་ལྟར་དམ་ཆོས་བདུད་རྩི་སྙིང་ལ་སིམ་པའི་ཆོས་པ་ཤིན་ཏུ་མང་པོས་བསྟན་པ་རིན་པོ་ཆེའི་ཆེ་བ་འཇིག་རྟེན་ཁམས་སུ་སྣང་བར་བྱས་པ་ནི་ཆེས་ཤིན་ཏུ་ཡི་རང་དང་བསྔགས་བརྗོད་ཀྱི་གནས་སོ།། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་ཡུལ་གང་དུ་བཞུགས་ཀྱང་བྱམས་པ་ཚད་མེད་པའི་སྟོབས་ཀྱིས་འཁོར་དུ་གནས་པའི་སྐྱེ་བོ་མ་རུངས་པ་དག་གི་གཞན་གནོད་ཀྱི་བསམ་སྦྱོར་ངན་པ་མཐའ་དག་ཞི་ཞིང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ངང་གིས་སྐྱེ་བར་གསུངས་པ་ལྟར། རྗེ་བཙུན་དམ་པ་འདི་ནི་གཤེ་ཡང་སླར་མི་གཤེ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་རྡེག་པ། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་བཅས་དགེ་སྦྱོང་གི་ཆོས་བཞི་ལས་ནམ་ཡང་མི་འདའ་བ་མངོན་སུམ་དབང་པོའི་ཡུལ་དུ་གྱུར་པས་སྔར་དམ་པ་གང་གི་སྐུ་ལ་རྡེག་འཚོག་དང་གཤེ་སྐུར་བྱེད་མྱོང་བའི་སྐྱེ་བོ་དུ་མ་ཞིག་སྔ་དྲོ་མ་ཤེས་དུག་འཐུང་ཡང༌། ཕྱི་དྲོ་ཤེས་པ་སྨན་གྱིས་གསོ། ཞེས་པའི་དཔེ་ལྟར་སྔར་བྱས་ཀྱི་ལས་ལ་གནོང་ཞིང་རབ་ཏུ་འགྱོད་པས་མིག་མཆི་མས་གང༌། ཕྱག་སྡོང་པོ་འགྱེལ་བ་ལྟར་འཚལ། ངག་ནས་སྨྲེ་སྔགས་འདོན་བཞིན་འགྱོད་བཤགས་བྱེད་སྐབས་རྣམས་སུ་ཡང༌། ཁོང་གི་ཞལ་ནས། སྔོན་ཆད་བདག་ནི་སྤྲང་པོ་དབྱུག་ཐོགས་ཤིག་ཡིན་པས་རང་རེའི་བར་ལ་ཆོས་དམ་ཚིག་གི་འབྲེལ་བ་གང་ཡང་བྱུང་མེད། དེ་རྗེས་ཁྱེད་ཅག་ལ་བརྟེན་ནས་བདག་གིས་བཟོད་པའི་ཕར་ཕྱིན་དང་བདེ་སྡུག་གཏོང་ལེན་སོགས་འཁོར་གསུམ་དམིགས་མེད་ཀྱིས་ཟིན་པའི་ཆོས་རྣམ་དག་ཅིག་འགྲུབ་སོང༌། དེ་ལ་བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཡིན་ཟེར་ན་ཁ་ཕོ་ཆེ་ཐལ་ཀྱང༌། ངས་ཁྱེད་ཚོ་ལ་ཕན་འདོགས་པ་ལས་གནོད་གཏན་ནས་བསྐྱལ་མེད་པ་རང་སེམས་དཔང་པོར་བཞག་པས་ཆོག་ཅེས་སོགས་གསུངས་པ་གུས་པ་བདག་ལ་ཡང་གོ་ཐོས་མང་དུ་ཡོད།
གཞན་ཡང་རྗེ་བཙུན་དམ་པ་འདི་ཉིད་བཅུད་ལེན་ལ་རང་དབང་འབྱོར་བས་ཉེས་འགེལ་གྱི་ཞྭ་ནག་བསྐོན་པ་ནས་བཟུང་ལོ་འཁོར་བཅུ་ལྷག་གི་ཡུན་ལ་ཉིན་གུང་ཆུ་ཁོལ་དཀར་ཡོལ་གང་རེ་དང་སྐབས་རེ་བཅུད་ལེན་རིལ་བུ་རེ་གསོལ་བ་མ་གཏོགས་ཁ་ཟས་གང་ཡང་མ་བཞེས་པར་བཞུགས་ཤིང༌། རྩ་རླུང་གཏུམ་མོ་ལ་རང་དབང་འབྱོར་བའི་མངོན་རྟགས་སུ་ཚ་རིམ་གོར་ཐིག་མན་ཆད་ཀྱི་ཨང་གྲངས་ཉི་ཤུ་ཡས་མས་སུ་སླེབས་ཏེ་གྲང་ངར་ཤིན་ཏུ་ཆེ་བའི་དགུན་དུས་རྣམས་སུ་ས་གཞི་དང་ཆུ་ཀླུང་ཐམས་ཅད་རྡོ་ལྟར་སྲ་ཞིང་མཁྲེགས་པར་གྱུར་བའི་སྐབས་ཀྱང་རས་ལྭ་རྐྱང་པ་ཞིག་ལས་མནབ་རྒྱུ་མེད་ན་ཡང་གཟིམས་སྦྲ་གྲུ་བཞི་ཆུང་ངུའི་ནང་དུ་ཚ་དྲོད་རྒྱས་ཤིང་རྩྭ་སྔོན་མཐོ་གང་རེ་ཙམ་སྐྱེས་པ་གམ་དུ་གནས་པ་རྣམས་ལ་མངོན་སུམ་དུ་གྱུར། དེ་ལྟར། སྣོད་བཅུད་སྡིག་པས་གང་བའི་དུས།། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར།། ཞེས་པ་ལྟར་མཉམ་བཞེས་མཛད་ཚུལ་འདི་དག་ནི་ཆེས་ཡིད་སྨོན་ཤོར་བའི་གནས་ཏེ་མུན་ཁང་ནང་གི་སྒྲོན་མེ་འོད་ཆེན་ཉིད་དུ་ངེས་སོ། །
མཁའ་མཉམ་འགྲོ་བ་ཕན་བདེའི་གཞིར་འགོད་པའི།།
རྣམ་གཉིས་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ལ།།
ཕྱིན་དྲུག་བསྡུ་བཞིའི་ལོ་འབྲས་ཀྱིས་སྤུད་པའི།།
མཚུངས་མེད་འདྲེན་པ་དཔག་བསམ་སྡོང་པོ་བཞིན།།
ཞེས་ཀྱང་སྨྲས་སོ། ། །།
བླ་མའི་རྣམ་ཐར་ཡིད་འགུག་པ་ཞིག་བྲིས་འདུག་ན་བཀའ་དྲིན་ཆེ་ཞུའོ།།
བླ་མ་ཁོང་གི་ཐུགས་དགོངས་རྫོགས་པར་གྱུར་ཅིག
ཁོང་གི་ཞབས་དྲུང་དུ་སྐྱེ་བར་གྱུར་ཅིག
སྐྱེས་ནས་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་གྱུར་ཅིག
མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་སེལ་ནུས་པར་གྱུར་ཅིག
་་་་་་ རྗེ་བཙུན་དམ་པ་འདི་ནི་གཤེ་ཡང་སླར་མི་གཤེ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་རྡེག་པ། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་བཅས་དགེ་སྦྱོང་གི་ཆོས་བཞི་ལས་ནམ་ཡང་མི་འདའ་བ་མངོན་སུམ་དབང་པོའི་ཡུལ་དུ་གྱུར་པས་་་་་་་་ ཞེས་སོགས་སོ། །
ང་ཚོས་རིག་གསར་སྐབས་སོགས་ང་དགུ་ནས་བདུན་ཅུ་དོན་གྲངས་བར་གྱི་ཡ་ང་བའི་དུས་ཡུན་ཁྲོད་དུ་བོད་ཀྱི་ཆོས་པ་རྣམ་དག་རྣམས་ཀྱིས་བསམ་པའི་ཡུལ་ལས་འདས་པའི་བཀའ་སྤྱད་དང་སྙིང་རུས་ཆེན་པོས་བདག་གཞན་མཉམ་བརྗེའི་སྤྱོད་པ་མཉམ་སུ་བླངས་པའི་ཚུལ་དག་ངེས་པར་དེང་སང་གི་རྩོམ་འབྲིའི་རྒྱུ་རྩལ་གྱི་ལམ་ནས་གང་མང་མང་ཞིག་མཚོན་པར་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་མཐོང་།
༸རྗེ་བཙུན་དམ་པ་ཨ་ཁྱ་ཀར་ཆོས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ་རྨོངས་བརྟུལ་བདག་ནི་རྗེས་སུ་འཛིན་དུ་གསོལ་ཐུགས་བརྩེ་བ་ཆེན་པོས་ རང་ཕྱོགས་ལ་ཆགས་པས་གཅིང་པ་དང་ གཞན་ཕྱོགས་ལ་ཞེ་སྡང་གིས་མེ་སྤར་བ་དང་ བླང་དོར་བྱེད་པའི་ཤེས་རབ་བཙོན་དུ་འཛིན་པའི་གཏི་མུག་མུན་ནག་ཏེ་དུག་གསུམ་གྱི་གཞན་དབང་ལས་འཛིན་དུ་གསོལ། དེ་དང་འབྲེལ་སྐུ་ཉིད་ནས་དམ་པ་འདིའི་མཛད་རྣམ་སྤེལ་བ་ལ་རྗེས་སུ་ཡིད་རང་ཡོད་ རང་ནས་སྲིད་གྱི་དྲི་མའི་མ་གོས་པའི་བླ་མ་དེ་ལྟ་བུའི་མཛད་རྣམ་སོ་སོའི་མ་སྤེལ་ན་གཞུང་ནས་སྤེལ་གྱི་མེད་མ་སྨོས་མི་དགོས་གང་ལ་ཞུ་ན་སྲིད་དོན་མ་གནང་རྒྱུ་མཚན་གྱི་ཡིན་མ་གཏོགས་གཞན་གང་ཡང་མེད་འདིའི་དོན་གཞུང་སེམས་ཤུག་མེད་པ་ག་ལ་ཡིན་མདོར་ན་གཞུང་ངོས་ནས་རྩ་ཆེན་དམ་པ་འདི་ལྟ་བུ་མང་མོས་ཚང་མ་ལ་ཐུགས་སྣང་གནང་དགོས་ཀྱི་འདུག་ཞུ་ཡི་ཡོད་ གལ་ཏེ་ཐལ་ཆེ་ན་བཟོད་གསོལ་ཡང་ཞུ་ཡི་ཡོད་་་་།།།།།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་།།གོང་ནས་གོང་དུ་འཕེལ་བར་ཤོག །
འདི་འདྲ་པོ་ཡང་ཁ་བརྡ་དྲ་བར་འདུག སྐྱབས་སུ་མཆིའོ།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །
སྐྱེས་པ་ཉམས་པ་མེད་པར་ཡང་།།
གོང་ནས་གོང་དུ་འཕེལ་བར་ཤོག །