ཤར་ཕྱོགས་ཁུག་རྟ།
བོད་མི་རིགས་ཀྱི་མདུན་ལམ་ནི་ད་ལྟའི་ཆར་རྒྱ་ནག་གི་རྩ་ཁྲིམས་འོག་འཆར་ཟིན་བཀོད་ཟིན་པའི་རང་སྐྱོང་གི་༼ བསམ་འཆར ༽དེ་ལ་ཐུག་ཡོད་ཅིང་། དེ་ནི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་འབྲུ་དོན་བཞིན་བཟོས་པའི་ཡིག་ཆ་ཞིག་དང་། བོད་རིགས་ཡོངས་ཀྱི་མངོན་འདོད་མཚོན་པའི་ཡིག་ཆ་ཞིག་ཡིན་སྟབས། བྱུང་རབས་ནང་གི་ཐོབ་ཐང་ངམ་བོད་མི་རིགས་ལ་རང་བཞིན་གྱིས་ཡོད་པའི་ཐོབ་ཐང་རྩོད་རྒྱུ་ལས། ད་ལྟའི་དངོས་ཡོད་ཆབ་སྲིད་ཀྱི་སོ་ཁ་འཐབ་པའི་འགྲོས་དང་བསྟུན་ནས་དེ་རིང་དང་སང་ཉིན་གྱི་འཚོ་གནས་གཙོ་འདོན་བྱས་པ་ཞིག་རེད།
ཕྱི་ལོ ༢༠༠༨ ནས་བོད་ནང་ཞི་རྒོལ་བྱུང་བ་དང་། དེའི་རྗེས་རང་ལུས་མེར་སྲེག་གི་ལས་འགུལ་ཞིག་ཀྱང་བྱུང་ནས་ད་ལྟའི་བར་བོད་མི་སྐྱ་སེར ༡༧ ལ་སླེབས་ཡོད། རང་ལུས་མེར་སྲེག་བྱུང་བ་དང་བཙན་བྱོལ་ནང་རྒྱལ་སྤྱིར་ཁྱབ་བསྒྲགས་བྱ་རྒྱུ་དང་། གདུང་སེམས་མཉམ་བསྐྱེད་བྱེད་པ་ལས། མགོ་བཀའ་ཤག་ནས་འོག་མི་དམངས་བར་ལས་དོན་གཞན་གནང་རྒྱུ་མེད་པ་ནི་དངོས་ཡོད་རེད། དེ་བཞིན་ད་ལྟའི་མེར་སྲེག་གི་གསར་འགྱུར་འདི་བཞིན་རྒྱལ་སྤྱིའི་གསར་ལམ་BBC དང་CNN སོགས་སྐད་གྲགས་ཅན་གྱི་ནང་མ་ཐོན་པ་དང་དེ་ཡོང་ཐབས་ཀྱི་ཐབས་ཤེས་ཟད་པ་དེས་ཀྱང་། གཅེས་པའི་ཚེ་སྲོག་དེ་དག་ལ་ཕངས་སེམས་གཟུང་དུ་མེད་པ་ཞིག་བོད་མི་ཚང་མར་སྐྱེ་ཡོད།
སྤྱིར་རྟེན་དང་བརྟེན་པའི་འབྲེལ་ཐག་ལ་ལྟོས་ཚེ། ང་ཚོ་སུ་གང་ལའང་ལོས་འདེད་བྱ་ས་ཞིག་མེད་ཚོད་དུ་གདའ་ཡང་། ཉི་མ་དེ་རིང་བར་མེར་སྲེག་གི་གྲངས་ཀ་དེ་ཇེ་མང་ནས་ཇེ་མཐོར་གྱུར་ནའང་། དུས་དབང་གི་གོ་སྐབས་ཡག་ཤོས་ཀྱི་སྐབས་སུ་བོད་གཞུང་གི་ངོས་ནས་གཞིས་ནས་འབྱོར་བ་ཚོར་དཔྲལ་བར་ཟགས་བཞིན་པའི་གནད་དོན་འདི་དག་བརྒྱུད། དོན་དམ་ཁ་ཕྲལ་ངོ་མ་དེ་རྒྱ་ནག་གིས་གཏོང་གི་ཡོད་པའི་གནས་ཚུལ་ཞིབ་རྒྱས་ཤིག་ཀྱང་བརྡ་འཕྲོད་མེད་ལ། བོད་མིའི་དོན་དམ་གྱི་མངོན་འདོད་གང་ཡིན་པ་དང་། ལམ་དབུ་མའི་སྲིད་བྱུས་གཞིར་བཟུར་རྒྱ་ནག་གཞུང་ལ་སྤྲད་པའི་རང་སྐྱོང་ཡོང་ཐབས་ཀྱི་༼ བསམ་འཆར༽གྱི་ནང་དོན་གང་ཡིན་མིན་གསལ་བོར་བརྡ་སྤྲོད་ཐུབ་མེད་པ། སྤྲོད་རྒྱུའི་རྩོལ་བ་མ་བསྟེན་པ་ནི་མི་མང་སྙིང་སྟོབས་ཅན་ལ་འགོ་ཁྲིད་ཕྱོགས་ནས་ཆད་སོང་བའི་སྟོང་ཆ་རེད་ལ། དོན་དམ་བོད་ནང་གི་བློས་གཏོང་ཚད་འབྱེད་དུ་མེད་པ་རྣམས་ཆུད་ཟོས་འགྲོ་ངེས་ཀྱི་འཆར་སྣང་ཞིག་བསམ་གཞིག་ཅན་རྣམས་ལ་སྐྱེ་ངེས་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་གི་འདེམས་པའི་འགོ་ཁྲིད་དག་ལ་རྩིས་སྤྲད་ཟིན་པས། ཆབ་སྲིད་རྩ་དོན་གྱི་མདུན་ལམ་དང་འབྲེལ་བ་ཡོད་པ་དག་ལ་དབང་ལྡན་འགན་འཛིན་རྣམས་ཟུར་བཞག་གིས་འདི་བྱས་དེ་མ་བྱེད་ཟེར་བ་ཞིག་ད་ནི་མི་གསུང་ལ། ལྷག་པར་བོད་ཀྱི་རང་དབང་གི་ཆེད་དུ་རིམ་བསྟུད་དུ་བྱུང་བའི་སྐྱ་སེར་མི་མང་གི་མེར་སྲེག་གི་ལས་འགུལ་འདི་དག་ཀྱང་། འགོ་ཁྲིད་མཁས་མཛངས་ཅན་གྱིས་བོད་ཀྱི་མདུན་ལམ་སྟེང་སྨན་ངེས་པ་ཞིག་བྱེད་དགོས་སྟབས། འགན་དབང་རྩིས་སྤྲོད་གནང་ཡུལ་གྱིས་མི་མང་གི་བློས་གཏོང་འདི་བཞིན་ཆུད་ཟོས་སུ་མི་འགྲོ་བ་ཞིག་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་རེད་འདུག་པས། བོད་ནང་གི་ལས་འགུལ་འདིའི་ཐད་མི་མང་གི་འགོ་ཁྲིད་ཚོས་༧གོང་ས་མཆོག་ལ་རྒྱབ་བསྙེས་ཀྱིས་རི་བོང་རྡོ་བརྫུས་སུ་འགྱུར་རེའི་བྱ་སྤྱོད་ཐོན་བཞིན་པ་ནི་རྦད་དེ་ནོར་འཁྲུལ་རེད།
ཕར་ཕྱོགས་རྒྱ་ནག་གཞུང་ལ་ཡ་ང་བག་ཚ་ཅི་ཡང་མེད་པར། མེར་སྲེག་ལས་འགུལ་ཐད་སྒྱུ་རྩལ་དུ་བརྩི་རུང་བའི་ཆབ་སྲིད་ཀྱི་བཀའ་མོལ་ཕྱེད་རྗུན་དང་ཕྱེད་རྣོན་པོ་ལབ་པ་དག་ལ། ཚུར་ཕྱོགས་རང་རེའི་གཞུང་ནས་རྣམ་དཔྱོད་ཅན་གྱི་ལན་ཅི་གང་ད་བར་མ་ཐོན་པ་ནི་མི་རྣམས་མགོ་རྨོངས་བྱེད་ཅིག་ཡིན་ལ། མི་རིགས་ཀྱི་འགན་ཡོད་པའི་སྒྲིག་འཛུགས་ཀྱིས་གཞན་གྱི་རྗེས་འགྲང་ལྟ་བུའི་བཀའ་མོལ་མངར་མོ་དམ་དུམ་རེ་གནང་སྟེ་འདུག་པ་ནི། བློ་ཁོག་ཤེས་རབ་དང་ཐབས་ཀྱིས་ཟད་པ་མིན་ཤོས་ཆེའང་། ༧གོང་ས་མཆོག་ལ་རྒྱབ་བསྙེས་ཀྱིས་སྡིག་པ་མིག་བཙུམས་རྒྱག་རྒྱུའི་རྣམ་འགྱུར་ལ་ཞེན་པ་མི་ལོག་མཁན་གཅིག་ཀྱང་མེད་ངེས་ལ། བྱ་སྤྱོད་འདི་རྣམ་དཔྱོད་དང་ལྡན་པའི་སྲིད་དོན་དབུ་ཁྲིད་ཀྱི་ཁྱད་ཡོན་དུ་བརྩི་མཁན་རྐང་བཞིའི་རྗེས་མཐུན་པ་ཚོ་ལས་གང་དུ་སྲིད།
ཀྲུའུ་ཝེ་ཆོན་གྱི་སྐད་ཆ་ལས་ཁོང་ཚོར་རེ་བ་ཞིག་ཡོད་པ་ནི། བོད་ནང་གི་མེར་སྲེག་མཚམས་ཆད་རྒྱུ་དང་། དེ་ལའང་དོན་དམ་གྱི་ཤུགས་རྐྱེན་ཆེ་བའི་གང་ཟག་ཅིག་ལ་སྐུལ་མ་བྱས་པ་ཡིན་མོད། འཛིན་སྐྱོང་བཀའ་ཤག་གིས་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་བར་ནས་སྦས་སྐུང་བྱེད་ས་ཞིག་འཚོལ་བ་ལྟ་བུའི་མེར་སྲེག་ལས་འགུལ་ཐད་ཀྱི་བསྒྲགས་གཏམ་རྣམས། དོན་དངོས་པོར་སྲིད་སྐྱོང་པའི་མཚན་དང་དོན་མཐུན་གྱི་ལས་ཀ་ཤིག་རེད་མི་འདུག་པས། སྲིད་སྐྱོང་པ་བྱ་ན་མཚན་དོན་མཚུངས་པ་ཞིག་མ་གནང་ཚེ་ངའི་སྤུན་ཟླ་སྐྱ་སེར་མི་མང་རྣམས་ལ་ཚེ་སྲོག་ཡོད་ཅེས་ཁོ་བོས་དྲན་སྐུལ་ཞིག་ཞུ་ན་འདོད་བྱུང་།
མེར་སྲེག་ལས་འགུལ་ཐད་ཀྱི་འོས་འགན་རྒྱ་ནག་གཞུང་ལ་ཡོད་ལ། དེའང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུལ་ཅན་རྣམས་བསྒྱུར་བཅོས་བྱ་དགོས་པའི་མངོན་འདོད་བོད་མི་ཚང་མར་གཅིག་མཚུངས་སུ་ཡོད། དེ་ནི་ཡིན་གདའ་ཡིན། འོན་ཀྱང་། ང་ཚོས་བོད་མི་མང་གི་རང་དབང་སྒྲུབ་པ་ལ། མི་མང་གི་ཚེ་སྲོག་ལ་འགན་ཁུར་ཡོད་པའི་ཐོག་ནས་སྒྲུབ་ཀྱིན་པས། དོན་དངོས་པོར་རྒྱ་ནག་ལ་འཁོན་འཛིན་མི་བྱེད་པ་དེ་བཞིན། རང་གི་མི་མང་གི་ཚེ་སྲོག་ལ་འགན་ཁུར་ཐུབ་པའི་ལམ་སྟོན་གྱི་དབུ་ཁྲིད་རིགས་ལམ་ནི་མཐོ་བ་མི་རྗེའི་ལྷན་ཚོགས་ནས་སྩོལ་རྒྱུ་མ་གཏོགས། འགོ་ཁྲིད་ཡོད་པ་དང་གཞུང་ཡོད་པས་དོན་འབྲས་ཅི་གང་སོན་མེད་ཅེས་ན་ཧམ་རྫུན་དུ་མི་འགྲོ། སྔོན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་ནང་དུ་སྐད་འདི་འདྲ་ཞིག་བསྐུར་ཡོད། “ད་ལྟའི་ཆར་རྒྱལ་སྤྱི་དང་རྒྱ་ནག ང་ཚོའི་གནས་བབ་གང་ལ་ལྟོས་ཀྱང་ཚེ་སྲོག་བཏང་ནས་བོད་ཀྱི་རང་དབང་རྩོད་པ་དེར་དེ་ཙམ་གྱི་གྲུབ་འབྲས་ཐོན་ཐབས་མི་འདུག་པས། ཁྱེད་ཅག་གིས་ཚེ་སྲོག་ལ་བདག་པོ་རྒྱབ་པའི་ཐོག་ནས་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་”ཅེས་གསུངས་ཡོད། མཁས་མཛངས་ཅན་གྱི་སྐད་འདི་ནི། རང་ངོ་རང་གིས་ཟིན་པའི་དབུ་ཁྲིད་ཀྱིས་མི་མང་གི་བདེ་སྡུག་ལ་སྣེ་ཁྲིད་བྱེད་སྟངས་སུ་ཁོ་བོས་མཐོང་ལ། དེ་རིང་སང་ཉིན་གྱི་མེར་སྲེག་ལས་འགུལ་ལ་འདི་ཡིན་དེ་མིན་གྱི་ཚིག་གཅིག་ཀྱང་མེད་པར། འདི་ལྟའི་རྣམ་འགྱུར་འཛིན་པ་དེས། རྒྱ་ནག་གཞུང་གི་རྗེས་ནས་རང་རེའི་བཀའ་ཤག་ལ་འགན་ཁྱོན་ནས་མེད་པ་མ་རེད།
འགན་ག་རེ་ཡོད་པ་རེད་དམ་ཅེ་ན། མི་མང་ནང་ཛ་དྲག་གནས་ཚུལ་བྱུང་སྐབས་དེ་ལ་དབུ་ཁྲིད་ཅིག་དགོས་ཀྱི་ཡོད་པ་རེད། དབུ་ཁྲིད་ཀྱི་ལས་ཀའི་རིམ་པའི་སྟེང་ནས་བཤད་ན་མེར་སྲེག་སྐབས་ཁུ་བྱུག་དགུན་གཞུང་འགྲིམས་པ་ལྟར་ཆགས་སོང་བས། དབུ་ཁྲིད་ཡོད་པས་ཡོད་སྟངས་ཀྱི་འགན་ཞིག་ངེས་པར་དུ་ཁྱེར་དགོས་པ་རེད་འདོད། ཡང་བྱིས་པ་རེ་འགས། ཅིག་ལ་ཁྱབ་བསྒྲགས་བྱས་སོང་། ཅིག་ནས་བསྔོ་སྨོན་བཏོན་སོང་ཡང་ཟེར་སྲིད་པས། དེ་དག་ནི། གཞུང་གི་འགན་མེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཕར་ཞོག ཐ་ན་མི་སྒེར་བ་ཞིག་གིས་སྒྲུབ་ཐུབ་པ་ཞིག་ཀྱང་རེད་འདུག་པས། ང་ཚོས་ཉ་དང་ཉུང་མ་མ་བསྲེས་པར་མི་མང་དང་དབུ་ཁྲིད་རིམ་པ་སོ་སོ་ནས་མེར་སྲེག་ལས་འགུལ་འདི་མ་འོངས་མདུན་ལམ་སྟེང་ཅི་ལྟར་ཁྲིད་མིན་ལྟ་དགོས་པ་རེད། དེ་ལྟ་མ་ཤེས་པ་དང་། དེའི་དྲི་བ་གཏོང་མཁན་གྱི་མི་མང་མེད་པ། ཡང་ན་དེ་ལ་འགན་བཞེས་མཁན་གྱི་དབུ་ཁྲིད་མེད་ཚེ། ཕལ་ཆེར་ཉི་མ་དེ་ནས་རེ་བ་འདྲ་མེད་པ་ནི་གསལ་བོ་རེད།
ང་ཚོས་རང་ངོ་ཟིན་པ་དང་རང་གི་ནུས་ཤུགས་ལ་ལྟོས་ཏེ་བབ་བསྟུན་གྱིས་གོམ་བགྲོད་བྱ་དགོས་པ་ནི། མི་སྒེར་བ་ཚུན་ཆད་ཀྱི་འཚོ་གནས་འཆའ་ཕྱོགས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འདྲེས་ཡོད་སྟབས། རབ་ཏུ་བྱུང་ན། བོད་ནང་གི་རང་ལུས་མེར་སྲེག་གཏོང་བཞིན་པ་འདི་དག་མུ་མཐུད་མི་ཡོང་རྒྱུའི་འབོད་སྐུལ་ཞུ་དགོས་ཤིང་། ངོ་ཚ་ཞིང་ཡ་ང་བའི་ངང་ནས་ད་བར་གསར་ལམ་ཚད་ལྡན་ཞིག་ཏུའང་ཁྱེད་ཅག་གི་མེས་འཚིགས་པའི་ཕུང་བོ་སྟོན་རྒྱུ་ཙམ་ཡང་ཐབས་ཤེས་ཟད་སོང་ཞེས་ཞུ་དགོས་ཤིང་།
ཡང་སྤོབས་པ་དང་བཅས་ཏེ་ཞུ་ཐུབ་པ་ཞིག་ནི། ད་ལྟའི་བོད་ཀྱི་མངོན་འདོད་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་འོག་བཟོས་ཟིན་སྟབས། ཁྱེད་རྣམ་པ་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་དེ་དག་བདའ་འདེད་ནག་འདེད་ཀྱིས་ཡིག་ཐོག་ནས་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་ཀྱི་རང་དབང་རྩོད་རོགས་ཞེས་སྐུལ་མའང་བྱས་ཆོག་ལ། ལོ་ཤས་སྔོན་ཡིག་ཐོག་ནས་རྩ་ཁྲིམས་དང་བཅའ་སྒྲིག་གི་འབྲུ་དོན་བཞིན་སྐད་ཡིག་རང་དབང་གི་འཐབ་རྩོད་བྱས་པ་དེ། རྒྱལ་སྤྱིའི་གསར་ལམ་གྲགས་ཅན་ཁག་ཅིག་གིས་ཀྱང་བདག་པོ་རྒྱབ་སོང་ལ། བོད་ནང་ནས་ཀྱང་མུ་མཐུད་ཡིག་ཐོག་ནས་འཐབ་རྩོད་བྱས་པ་དམིགས་བསལ་ཆགས་སོང་ཞེས་ཀྱང་ཞུ་ན་འདོད་སོང་།
དེང་གི་ཡིན་པར་རློམ་པ་རེ་ཤོས་ཀྱིས་མཚམས་འཇོག་རོགས་ཀྱིས་ལབ་ན། ཡང་རྒྱ་ནག་གཞུང་གིས་ཁོང་ཚོས་བཀོད་སྒྲིག་བྱས་འདུག་ཅེས་སྨྲ་ངེས་རེད་ཅེས་མཁྱེན་མདོག་འདྲ་སྟོན་ཡང་། རྒྱ་ནག་གཞུང་གིས་གང་བཤད་བདེན་པ་མ་རེད་ཟེར་མཁན་དག ད་ཐེངས་རྒྱ་ནག་གཞུང་གིས་སྨྲ་ངེས་པའི་རྫུན་གཏམ་ཅིག་ལ་དེ་འདྲའི་སྐྲག་དགོས་དོན་ཁྱོན་ནས་མི་འདུག་ལ། གལ་སྲིད་རྫུན་གཏམ་དེ་འགོག་ཐབས་ཀྱི་ཐབས་ཇུས་གནང་སྟངས་འདི་འདྲ་ཡིན་ཚེ། ཁ་ཐུག་གིས་ཞུས་ན། བོད་ནང་གི་བོད་མི་དེ་ཚོ་སྙིང་རྗེ་བ་རང་རེད་ལ། ཉིན་ཞིག་ཡིད་ཆེས་འཇོག་ས་བྲལ་འགྲོ་བའི་གནས་སྟངས་ཡོང་མི་སྲིད་པ་མ་རེད།
༢༠༡༡། ༡། ༡༥། ཉིན་རྡོ་རྗེ་གདན་ནས་སྦྱར་བའོ།
Comments on “མེར་སྲེག་གཏོང་རྒྱུ་མཚམས་འཇོག་རོགས།”
Comments are closed.
ཞོར་ལ་འདིར་ཚར་གཅིག་ཀློག་ན་ཕན་ཐོགས་འདྲ་ཡོང་སྲིད་པ་རེད།
ཉམས་པའི་མི་རིགས་མགོ་བོ་འདེགས་པ་ལ།
མེད་དུ་མི་རུང་ནང་གི་མཐུན་སྒྲིལ་ཡིན།
མཐའ་འཁོར་གླེན་པ་རང་མཐོང་ཅན་ཚོས་ཀྱང་།
རང་རྡུང་དབྱུག་པ་བསྐྱུར་ན་མི་ལེགས་སམ།།
རྒྱུན་རིང་བོད་ཀྱི་དབུ་འཕང་ཆུ་བཞིན་དུ།
ཐུར་དུ་གཞོལ་བ་ཡིད་ལ་མ་འཁོར་བར།
ནང་དུ་རང་རྒྱལ་གཞན་ཕམ་ཁོ་ན་ལས།
བསྒྲུབས་པའི་འབྲས་བུ་ད་དུང་མ་མཐོང་ངམ།།
མི་ལོ་སྟོང་ལ་ཉེར་བའི་དུས་ཡུན་ནང་།
ང་བཟང་ཁོ་ངན་ང་བདེན་གཞན་རྫུན་གྱི།
ནང་གི་འཐབ་རྩོད་གཞན་གྱིས་བེད་སྤྱད་དེ།
མགོ་བོ་གདུགས་ལྟར་བསྐོར་བར་མི་དྲན་ནམ།།
ཁ་ནས་རྟག་ཏུ་འགྲོ་བ་རིགས་དྲུག་བཤད།
རང་རང་ཡིད་ལ་རང་དོན་འབའ་ཞིག་སྒོམ།
ནང་གི་ཕྱོགས་རིས་ཁོ་ནར་མགོ་འཁོར་ཏེ།
སྟོབས་ཀྱིས་བསྡམས་ན་ཀུན་དུ་བཟང་པོ་དངོས།།
ཐབས་ཀྱིས་ཀློད་ན་གླིང་རྗེ་གེ་སར་ཉིད།
ཕྱི་ལ་ཐུག་དུས་སྔོན་ལས་ཁོ་ནར་སྒོམ།
ནང་གི་མི་ལ་གནམ་ལྕགས་ཐོག་ལྟར་རྒོད།།
ཞེས་པ་ནི། སྙན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས་གསུངས་འདུག ཁོང་ནི་༡༩༢༥ལོར་ཁམས་མི་ཉག་ཏུ་སྐུ་འཁྲུངས། བོད་ཀྱི་ཤེས་བྱ་སྤྱི་དང་ལྷག་པ་ཏུ་ལོ་རྒྱུས་དང་བརྡ་སྤྲོད་སྨྲ་བའི་དབང་པོར་གྱུར། བོད་ཀྱི་གསོ་རིག་དང་སྐད་ཡིག་ལས་དོན་མཛད་རྗེས་ཤིན་ཏུ་ཆེ།།
ཤར་ཁུག་གི་རྩོམ་འདི་འང་ངར་དྲག་འདུག ད་བཀའ་ཁྲིར་འདུག་ས་མེད་པ་ཞིག་བཟོས་འདུག འགན་ཁུར་བའི་གཏམ་བཤད་པར་དགའ་ནས་བསྡད་ཡོད། རྡ་རམ་ས་ལར་གཏམ་འདི་འདྲ་འཁྱོང་མཁན་ཡོད་པ་དེའང་ཡག་རྟགས་ཤིག་རེད།
རྩོམ་ཡིག་འདི་གནད་འགག་ཅིག་རེད། སྐད་ཆ་བཤད་ན་འདི་འདྲ་བཤད་དགོས་པར་སེམས། གཞན་དྲ་ངོས་ཀུན་པོར་བཙོག་པ་བཟོ་པའི་ཅི་རི་ཉི་མ་ལགས་སོགས་སུ་ལན་འདེབས་དགོས་ཚེ་རྒྱུ་མཚན་ཡོད་པར་མ་མཐོང་ལ། གླེང་ཕྱོགས་འདིའི་ཁ་གཏད་དུ་འབུད་ཐུབ་མཁན་དཀོན་པར་སེམས།
རྒྱ་གཞུང་ནས་ཁྱོད་ཚོའི་བསམ་ཚུལ་གང་ཡོད་པ་ཡིག་ཐོག་ནང་འཁྱེད་ཤོག་ལབ་པ་དང་རང་གཞུང་ནས་འཕྲལ་དུ་བསམ་འཆར་ཡིག་ཆར་་སྤྲད་པས་ལན་དུ་ཁུངས་མེད་བསྙོན་ཏེ་ཕྱེད་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན་སོགས་བརྗོད་དེ་བསམ་འཆར་ཡིག་ཆ་རྩིས་མེད་བཏང་ཡོད་པ་མ་ཟད་ཕན་ཚུན་འབྲེལ་ལམ་ཆད་པ་ལྟ་བུ་གྱུར་ཡོད། དེ་ན་བྱུང་འགྱུར་བོད་མི་དབུ་མའི་ལམ་གྱི་རྒྱུད་རིམ་ནས་འཐབ་རྩོད་ཇི་ལྟར་བྱེད་དགོས་སམ།
ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་ཡིན་ལབ་པ་ཙམ་གྱིས་དེ་ཡིན་པར་མི་འགྱུར་ལ། དེ་ལབ་པ་ཙམ་གྱིས་འབྲེལ་བ་ཆད་སོང་བ་ཞིག་ལ་ངོས་འཛིན་གནང་མཁན་ཨེ་ཡོད་དམ།
གོང་གི་རྡོ་ལྗོངས་ཞེས་པ་དེ་བློ་བཟང་སེང་གེའི་ཕྱོགས་གཏོགས་ཀྱི་སྐད་ཆ་བཀྲམས་མཁན་ཞིག་མིན་ནམ། བློ་སེང་སྙིང་རྗེ།
བློ་ཆོས་ཀྱི་ཁ་དབང་ཡོད་ལ་གཏམ་བདག་མེད་ཀྱི་དཔེ་ལྟར། བོད་མི་རིགས་ཀྱི་བྱུང་རིམ་དང་རྒྱབ་ལྗོངས། བོད་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་། བོད་མི་རིགས་ཀྱི་གནད་དོན་དང་འགག་རྩ། བོད་མི་རིགས་ཀྱི་གནས་སྟངས་དང་འཕེལ་འགྲིབ། བོད་མི་རིགས་ཀྱི་རྩ་དོན་དང་སྒྲུབ་བྱ་སོགས་ལ། རྣམ་པ་ཀུན་ཏུ་རང་འདོད་ཀྱིས་དཔྱད་གཏམ་སྤེལ་ཁུལ་བྱས་ཀྱང་། དགོད་བྲོ་ཡག་དང་ཤ་ཚ་ཡག་ལས་མ་འདས། རང་ཉིད་ལྟོ་དང་མུ་གེའི་དོན་དུ་བོད་ཀྱི་རྩ་དོན་སྡོག་རོལ་དུ་བཏང་སྟེ་མིག་སྔར་རྡ་སའི་དབུས་བོད་མིའི་གཞུང་ལ་ཁ་གཏག་དང་མ་རུང་འཆལ་གཏམ་རིགས་ག་ཚོད་སྤེལ་ཡོད་མིན་མགོ་ནག་བོད་པ་ཡོངས་ཀྱི་སེམས་ནང་དུ་དམ་པ་རིགས་བརྒྱའི་པར་བཏབ་པ་ལྟ་བུ་ཁྲ་ཐེང་ངེར་གསལ་ཡོད། ད་དུང་ཁོ་པས་མི་རིགས་ཀྱི་རིན་ཐང་ཡིན་མདོག་གིས་བོད་མི་རིགས་ཀྱི་ལ་རྒྱའི་དཔའ་བོ་དང་དཔའ་མོ་དག་གི་རྗེས་འབྲངས་པ་དག་ལ་བློ་ཁ་གཏིང་ནས་བསྒྱུར་ཡག་གིས་ངན་པའི་གཡོ་གཏམ་དང་རྣམ་པ་མི་གསལ་བའི་ཆབ་སྲིད་ཀྱི་ཟློས་གར་འདི་ཚོར་བསམ་བཞིན་བསམ་བཞིན་གད་མོ་དབང་མེད་དུ་ཤོར་གྱིན།
ཁ་སང་མཆན་བུ་གཅིག་ནང་ལ་ཤར་ཕྱོགས་ཁུག་རྟའི་མིང་ཅན་ཞིག་ཕྱི་ཟླ་གསུམ་པའི་ཚེས་བཅུ་ལ་རང་ལུས་མེར་བསྲེག་གཏོང་གཏན་འཁེལ་ནས་ད་མ་འཆི་གོང་ལ་ཁ་ཆེམས་ཀྱི་ཚུལ་དུ་བྲིས་པ་ཡིན་ནམ། ཡང་ན་་་་་་
གླེང་ཕྱོགས་འདིའི་ཁ་གཏད་དུ་འབུད་ཐུབ་ཀྱི་མེད་ན་མེད་ལབ་ན་དཀའ་ངལ་ག་རེ་འདུག་གམ། ངོ་ཚ་དགོས་པས་སྐད་ཆ་ཅང་མ་རེད། ཡིན་གཅིག་མིན་གཉིས་ཁ་གཏད་དུ་ལང་དགོས་དོན་མེད། ཡོད་ཟེར་བ་ཙམ་གྱི་ཡོད་པར་མི་འགྱུར་ལ་མེད་ཟེར་བ་ཙམ་གྱི་མེད་པར་ག་ལ་འགྱུར། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཡོད་ན་ཡོད་པའི་ཁྱབ། དངོས་སྟོབས་རིག་པས་སྒྲུབ་ན་གྲུབ་པའི་ཁྱབ་བོ།། དེ་མིན་ཁུངས་ལུང་མེད་པའི་སྐད་ཆ་མང་ན་དྲ་ངོས་བཀག་རོགས་རེད།
ཀུ་ནས་ལགས་་་དེ་ལས་ཐབས་ཤེས་དང་དགག་སྒྲུབ་མེད་པས་་་་མེད་ན་ཕམ་པ་རེད་ད།
ཁྱེད་རྣམ་པས་ཤར་ཕྱོགས་ཁུག་རྟའི་འབྲེལ་ཡོད་དེ་ཚོ་རེ་རེ་བཞིན་ཐེར་འདོན་བྱེད་ཐུབ་ན་ཡག་པོ་རེད། ལྷག་པར་དུ་ཁོ་རང་ཇུས་བཀོད་བྱེད་མཁན་དེ་དངོས་གནས་ལབ་ན་ཡག་པོ་འདུག། གཞན་པ་ཁོང་ལ་གང་བྱུང་མང་བྱུང་ལབ་ན་ཤ་ཚ།
དྲ་བདག་ལགས།
གོང་གི་མཆན་འདེབས་པ་ཤར་ཕྱོགས་ཁུག་རྟ་ཟེར་བའི་ཕྲ་མ་མཁན་འདི་སུ་ཡིན་རྩད་གཅོད་ཅིག་བྱེད་ཐུབ་བམ། དེ་བློ་བཟང་ཆོས་འབྱོར་ལགས་ཀྱི་སྐད་ཆ་ཞིག་མ་རེད།
ད་ཡིན་ན་ཁམས་ཕྱོགས་ཀྱི་དེང་དུས་རིག་པའི་དཔའ་རྒོད། ཚ་བ་མདའ་སྨྱུག་ལགས་ཀྱི་ཆོལ་ཁ གསུམ་ཞེས་པའི་དཔྱད་བརྗོད་དེ་མི་ལ་ལ་ཞིག་གིས་ངེས་པར་ཀློག་རྒྱུ་གལ་ཆེའོ།
ཁ་བརྡ་དྲ་བདག་ལགས་་་་ཐུགས་རྗེ་གཟིགས་་་ང་ཅོ་རིས་མིང་ཐོག་ནས་མཆན་བུ་འདི་འདྲ་མང་པོ་བཏབ་འདུག་པས་སུ་ཡིན་ཤེས་ན་་གསལ་བཤད་ཤིག་གནང་རོགས་་་་མཆན་བུ་༢༡་པའི་མར་བཟུང་ཚང་མ་རྫུན་མ་རེད།
ངའི་སྐད་ཆ་མ་རེད་ད་་་་དཀོན་མཆོག་གསུམ་་པོར་དཔང་བཙུགས།།།
ཁུག་རྟ་ལགས།
ངས་བལྟས་ན་སྐུ་ཉིད་གནས་སྐབས་རིང་དྲ་ཐོག་ཏུ་མ་ཕེབས་ན་ལེགས་ཤིང་དེ་ནི་ཉིད་ཀྱི་སེམས་ཁམས་བདེ་ཐང་ལ་ཕན་ངེས་རེད། ཡང་མིན་ན་མིང་བརྗེ་སྤོ་བརྒྱབ་ནས་ཡོང་ན་ཡག་ས་རེད།
བོད་མི་རྣམས་ཀྱི་རྣོ་རང་ལྡན་པའི་ལས་འགུལ་མཚམས་འཇོག་བྱེད་རྒྱུ་ནི་རྒྱ་ནག་གཞུང་མང་གཉིས་ཀྱི་འདོད་འདུན་ཡིན། ཁོང་ཚོས་སེམས་ཤུགས་གཅོད་ཆེད་དེ་དོན་གྱི་ལས་འགུལ་ཡི་མཐའ་མི་ཆོད་ཚུལ་བརྗོད་བཞིན་ཡོད། རྒྱུ་མཚན་ནི་རྣོ་རང་ལྡན་པའི་ལས་འདི་རིགས་ཀྱི་འཇིག་རྟེན་གྱི་མི་རྣམས་རྨོངས་གཉིད་ལས་དཀྲོལ་ཐུབ་པའི་ནུས་པ་ལྡན་པ་མ་ཟད། མི་རིགས་ཤིག་ལྕགས་རྡོ་ལྟར་གཅིག་ཏུ་སྒྲིལ་བྱེད་ཀྱི་རྨང་གཞི་ཡིན་ལ། མི་རིགས་ཤིག་ནང་མི་བཞིན་སྤྲུན་ཟླ་བཟོས་བའི་རྒྱུ་རྐྱེན་ཡིན། དེ་ནི་སྒེར་གཅོད་པ་མཚོན་ན་ཆེས་འཇིགས་རུང་བའི་གནད་དོན་ཞིག་མ་ཡིན། ཡིན་ཏེ། ཁོང་ཚོའི་ཚེ་སྲོག་འཕྲོག་མཁན་གྱི་རྨང་གཞི་ཡིན་ལ། དེ་ལྟར་འཚོར་བས་ཏང་གིས་དེ་ལྟར་བརྗོད་ལོས་ཡིན། རང་ལུས་མེ་སྲེགས་ཀྱི་ལས་འགུལ་ལ་རྒྱ་ནག་གཞུང་མང་གཉིས་སྨྲ་མེད་ལྐུག་པ་བཟོས་བ་མ་ཟད། འཐབ་ཕྱོགས་གཅིག་གྱུར་གྱི་གྲོས་ཡོན་ཆོན་གྱིས་ཀྱང་ན་གཞོན་དེ་དག་གི་ཚེ་སྲོག་བརླགས་པ་ཕང་སེམས་ཡོད་ཚུལ་གླེང་། ཧ་ཧ། དེ་ནི་འུ་ཐུག་པའི་སྐད་ཆ་ཤིག་མ་ཡིན་ནམ། དེ་ནི་བོད་མི་རྣམས་ལ་མཚོན་ན་རླབས་ཆེན་གྱི་རྒྱལ་ཁ་ཞིག་རེད། ཅེས་ཕྱིར་མིན་ཏེ། ༢༠༠༨གསར་རྗེས་ཀྱི་ལས་འགུལ་ལ་རྒྱ་གམར་གྱིས་རྡུག་གཅོད་འཕྲོག་གསུམ་གྱི་ལས་འགུལ་ཟེར་ནས་ཅི་ཐུབ་ཀྱིས་དྲག་གནོན་བྱས་ཀྱང་། ད་ལྟ་་་་ དམར་ཕྱོགས་ཀྱི་འགོ་ཁྲིད་ཚོས་ཕྱི་ལོགས་ཀྱི་རྒྱུད་སྐུལ་ལམ། ཚེ་སྲོག་ཤོར་མཁན་གྱི་དཔའ་རྒོད་རྣམས་ལ་ཕང་སེམས་སྐྱེས་ཚུལ་བཤད་པ་ལས་གཞན་ཅི་བཤད། ཅི་འདྲའི་བྱམས་སེམས་ལྡན་པ་ལ། བྱམས་སེམས་ཅན་གྱི་དམར་ཕྱོགས་ཀྱི་གནད་ཁྲིད་ཚོད། དེ་ནི་དགྲ་བོའི་བྱམས་སེམས་སླེབས་པའི་ལས་འགུལ་ཡིན་པས་ཞི་བའི་ལས་འགུལ་གྱི་ཡང་རྩེ་ཅིས་ཕྱིར་མིན།
གང་ལྟར་དེ་ནི་ད་ལྟའི་འདི་དམར་ཕྱོགས་ཀྱི་ཁོར་ཡུག་གིས་བཟོས་བ་གསལ་པོ་རེད། དེ་སྔོན་ཨི་རི་སུའི་དམར་ཕྱོགས་འོག་ཏུ་ཚུད་པའི་ཆེ་ཁི་སློབ་མ་གཉིས་ཀྱིས་༡༩༨༠ནང་རང་ལུས་མེ་བསྲེགས་བཏང་ཞིང་། ད་ལྟ་ཁོང་གཉིས་ཆེ་ཁི་རྒྱབ་ཡོངས་ཀྱི་དཔའ་རྒོད་ཡིན་ལ། མི་མང་གཅིག་སྒྲིལ་བྱེད་ཀྱི་ཉག་ཐག་ཡིན་པ་མ་ཟད། ཆེ་ཁི་ས་ཡ་མང་བོའི་བློ་སྤོབས་ཀྱི་འབྱུང་རྐྱེན་རེད།
ངས་བཤད་རྒྱུ་གནས་སྐབས་རིང་ཁུག་རྟའི་མིང་བརྗེ་ན་ལེགས་སྨྲས་བ་ལས་དུས་ཀུན་བརྗེ་ཟེར་བ་མིན། གལ་སྲིད་དྲ་ཐོག་ཏུ་ངེས་བ་དུ་ཡོང་དགོས་ན། མི་གཞན་གྱིས་ཅི་ལྟར་བྱེད་ཀྱང་འཚོར་བ་མེད་ཚེ་མིང་བརྗེ་དགོས་དོན་མི་འདུག འོན་ཀྱང་ཉིད་ཀྱི་མཆན་ལ་ལྟོས་ན་གཞན་གྱི་བཤད་པ་སེམས་ལ་ཕོགས་པའི་སྣང་བ་སྟེར་བས་བསམ་འཆར་དེ་ལྟར་སྟོན་པ་ལས་གཞན་མིན། ཉིད་ཀྱི་བོད་ཡིག་སྟེང་དུ་གནས་ཚུལ་ཅི་ལྟར་བྲིས་བ་དེ་ལྟར་གྱིས་བོད་ཡིག་གི་ཁྱབ་ཁོངས་ཆེ་རུ་བཏང་པས་ཀློག་མཁན་རྣམས་ལ་ཕན་པས་རྩོམ་འབྲི་ལས་དོན་མི་འདོར་བའི་རེ་བ་ཡོད།
བཀུར་འོས་དྲ་བདག་ལགས། ང་ཅོ་རིས་ནི་བཤད་ཕོད་མཁན་ཞིག་དང་བསྒྲུབ་ཕོད་མཁན་ཞིག་ཡིན་པས་གོང་གི་མཆན་བུ་རྣམས་ལ་ཞིག་འཇུག་མ་བྱས་ཚེ་ངས་སུ་ཡིན་ཡང་ལས་སླ་བོ་འཇོག་གི་མིན།