མ་དཔྱད་བདེན་བདེན་འདྲ་བ་མང་ཡང་།།
དཔྱད་ན་བདེན་རྒྱུ་ཆེ་བ་མི་འདུག།
མི་མཐུན་ཡིད་ཀྱི་འཆར་སྒོ་ཁ་ཤས།།
སྐུ་ཞབས་ཝང་ལ་གླེང་མོར་ཕུལ་ཡོད།།
མིག་གི་ལྟ་རྒྱ་མ་ཆུང་བ་ཞིག།
ཡིད་ཀྱི་དཔྱད་པ་མ་འཛིང་བ་ཞིག།
རྒྱུ་མཚན་དོན་གྱིས་མ་ཕོངས་པ་ཞིག།
རྩོམ་མཁན་རྣམས་ཀྱི་ཐུགས་ལ་ཉར་རོགས།།
༡
ཁྱོད་ཀྱིས་གསུངས་པ་ལྟར། ་་རང་ལུས་མེར་སྲེག་གཏོང་བ་ལ་སྙིང་སྟོབས་ཧ་ཅང་ཆེན་པོ་ཞིག་དགོས་པ་་ རེད་དམ། རང་ལུས་མེར་བསྲེག་གཏོང་བ་དང་སྙིང་སྟོབས་ཆེན་པོ་གཉིས་ཀྱི་བར་ན་ཁྱེད་རང་གིས་སྟོང་ཆ་ཞིག་ལུས་འདུག དེ་ནི་མནར་གཅོད་དང་སྡུག་བསྔལ་ཟེར་བ་དེ་རེད། རང་ལུས་མེར་བསྲེག་གཏོང་བ་ལ་མནར་གཅོད་དང་སྡུག་བསྔལ་ཧ་ཅང་ཆེན་པོ་ཞིག་དགོས་པ་རེད། དེ་ཡང་མནར་གདུང་དེ་འདྲས་མནར་ནས་བཟོད་པའི་སྙིང་སྟོབས་ཉམས་ནས་མཐའ་ལ་ཐུག་པའི་མཐུད་མཚམས་དེ་ནི་རང་ལུས་མེར་བསྲེག་གཏོང་བའི་སྙིང་སྟོབས་ཀྱི་འབྱུང་ཁུངས་རེད།
བར་འདི་ན་དྲི་བ་གཞན་ཞིག་ལྷག་ཡོད་པ་ནི། བཟོད་པའི་མཐའ་ལ་ཐུག་པ་ཡིན་ན་ཅིའི་ཕྱིར་གཞན་ལ་རྒོལ་བ་དང་གཞན་སྲོག་མི་གཅོད་པ་རེད་ཅེས་པ་འདི་རེད། དེའི་ལན་ནི། སྟོན་པ་ཐུགས་རྗེ་ཅན་ནས་མར་བརྒྱུད་ཡོང་ཞིང་ཐུགས་རྗེ་ཆེན་པོ་མི་གཟུགས་སུ་རོལ་མཁན་རྒྱལ་བ་བསྟན་འཛིན་རྒྱ་མཚོས་གཞན་རྣམས་ལ་ཡང་ཡང་གསལ་འདེབས་གནང་བཞིན་པའི་ཆོས་ཀྱི་གདམས་པ་ཟབ་མོ་དེ་གཅིག་པོས་ལན་དེ་མི་ཐེབས་པ་ཞིག་རེད། ད་དུང་བོད་མི་ཚོར་མཚོན་ན། གོང་གསལ་གྱི་རྩ་ཆེ་བའི་ཆོས་ཀྱི་གདམས་ངག་འདིའི་ཐོག ད་རུང་རྩ་ཆེ་ཞིང་རང་གཞན་སུས་ཀྱང་མྱོང་མི་འོས་པར་འདོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་གཞན་ཞིག་ཀྱང་ཡོད། དེ་ནི་མི་རབས་གསུམ་གྱི་རིང་ལ་གཞན་གྱི་མནར་གཅོད་དང་འཚེ་བ་རྐྱང་མྱོང་ཡོང་བ་ཡིན་པས་གཞན་ལ་འཚེ་བ་ཟེར་བ་འདི་ནི་ཆེས་འཇིགས་སུ་རུང་ཞིང་སྐྱི་གཡའ་བ་ཞིག་ཡིན་པ་ལག་ལེན་ཁྲོད་ནས་ངེས་ཤེས་གསལ་པོར་ཐོབ་ཡོད། ཁྱེད་ཀྱིས་གསུངས་པ་ལྟར། ཁོང་ཚོ་འཚེ་བ་མེད་པའི་རྩེར་སོན་ཡོད་པ་ཡིན་ན། དེ་ནི་ཁོང་ཚོས་གཞན་གྱི་འཚེ་བ་ཉམས་སུ་མྱོང་བའི་རྩེར་སོན་པས་ཀྱང་རེད། ཁོང་ཚོའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་དང་འཚེ་བ་མེད་པ་གླེང་དགོས་ན། དེའི་འབྱུང་རྩར་གྱུར་པའི་མི་བཟོད་པའི་མནར་གདུང་དང་དཀའ་ངལ་གྱི་ཉམས་མྱོང་དེ་ཚོ་ངེས་པར་གླེང་དགོས་པར་མཐོང་།
ཁྱེད་ཀྱིས་ལུང་དྲངས་པའི་གྷན་ཏིའི་གསུང་བཞིན། བོད་མི་ཚོས་ད་བར་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་ ་་རང་གི་ཟད་པ་མེད་པའི་དཀའ་སྡུག་བརྒྱུད་སྲིད་གཞུང་ལ་ཤུགས་རྐྱེན་སྤྲོད་ཐབས་་ ཕྱོགས་དུ་མ་ནས་བྱས་དང་བྱེད་བཞིན་པ་རེད། དེ་ལ་གྲུབ་འབྲས་གང་ཡང་མ་ཐོན་པས་མཐར་བཟོད་པའི་སྙིང་སྟོབས་ཉམས་ཏེ་ཨུ་ཐུག་གི་མཐའ་ལ་སླེབས་པ་རེད། དེ་ཡིན་ན། མར་ཊིན་ལུ་ཐར་གྱི་གསུང་ ་་ང་ཚོས་རང་ཉིད་ཀྱི་སྡུག་བསྔལ་བཟོད་པར་བྱེད་པའི་ནུས་པས་གཞན་གྱིས་སྡུག་བསྔལ་བཟོ་བའི་ནུས་པ་ལ་ཁ་གཏད་གཅོག་དགོས་་ ཟེར་བའི་ལུང་དེ་ནི། ཨུ་ཐུག་ནས་རང་ལུས་གསོན་པོ་ཞུགས་འབུལ་བྱེད་པའི་ཁོང་ཚོར་མཚོན་ན། ཤིན་ཏུ་ནས་ཀྱང་དྲངས་རིན་མེད་པ་དང་། ཁྱོན་ནས་འཚམས་པོ་མེད་པ་ཞིག་ཏུ་མཐོང་།
༢
ཁྱེད་ཀྱིས་གསུངས་པ་ལྟར། དཔའ་བོ་ཚོའི་སྐུལ་སློང་གི་སྙིང་སྟོབས་དེ། ངེས་པར་གྲུབ་འབྲས་ལྡན་ཞིང་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ན། དེ་ནི་སྔོན་གཤེགས་པ་ཡི་རེ་བ་དང་། ཁོང་ཚོའི་སྐུ་སྲོག་ཕུལ་བའི་རིན་ཐང་ཡང་དེ་ན་ཡོད་ཅེས་པ་འདི་ངེས་པར་ཀློག་སྤྲོ་ཞིང་མི་ལ་རེ་བ་སྟེར་བ་ཞིག་རེད། ཡིན་ན་ཡང་། དེ་དང་མཉམ་དུ། ཁོང་ཚོའི་ལས་འགུལ་འདི་རིགས་ཆུད་ཟོས་ཡིན་པ། མིག་སྔའི་བོད་དེ་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པ་ལྟ་བུ་ཞིག་བཤད་འདུག་པ་འདི་ནི་ཞི་བའི་རང་དབང་འཐབ་རྩོད་པ་དག་ལ་མཚོན་ན་སེམས་ཤུགས་འཆག་གཞི་ཞིག་ཡིན་པ་མ་ཟད་ཡོངས་སུ་བདེན་པའི་སྐད་ཆ་ཞིག་ཡིན་པ་ང་ལ་ཡིད་ཆེས་མེད།
ལྷག་པར་དུ། ་་མིག་སྔའི་་ བོད་དེ་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པ་ཟེར་བའི་སྐད་ཆ་དེ་ནི། ལོ་ངོ་དྲུག་ཅུ་ལྷག་གི་དཀའ་སྡུག་གི་ལོ་ཟླ་རིང་མོ་ཞིག་བརྒྱུད་ཡོང་བའི་བོད་ཀྱི་གདོང་རིས་ཆ་ཚང་དང་དཀའ་ངལ་ཆ་ཚང་ལ་རྒྱུས་ལོན་གྱིས་མ་འདང་བའི་སྐད་ཆ་ཞིག་ཏུ་མཐོང་། ང་ཚོའི་དཀའ་ངལ་དེ་ནི་མིག་སྔའི་དཀའ་ངལ་ཙམ་མིན། འདི་ནི་ཟ་ཞོར་འཐུང་ཞོར་དང་སྣང་བ་སྐྱིད་ལ་སྐུར་ཞོར་མིག་ཤེལ་ཟ་ཟི་ཞིག་གོན་ནས་ཕྱི་དངོས་པོར་ལྟ་སྟངས་ཀྱི་རིགས་ཤིག་ཏུ་མཐོང་སོང་།
ཁྱེད་ཀྱིས་ལས་འགུལ་འདི་རིགས་ལ་རེ་བ་མེད་པ་ལྟ་བུ་ཞིག་བཤད་པའི་སྒྲུབ་བྱེད་དུ། མཐའ་མཇུག་གི་ཐག་གཅོད་བྱེད་མཁན་དེ་སྲིད་གཞུང་ཡིན་པ་དང་། སྲིད་གཞུང་སྒེར་གཅོད་ཀྱི་འཕྲུལ་ཆས་དེ་རྣོ་ལྕགས་ཀྱིས་གྲུབ་ཅིང་གཏན་ཚིགས་སྐམ་པོ། དཔོན་ངན་གྱི་ཁེ་ཕན་ལས་གཞན་མེད་ཚུལ་བཤད་པ་དེ་རེད། ཐེན་ཨན་མོན་གྱི་སློབ་ཕྲུག་ཚོའི་ལས་འགུལ་དཔེ་མཚོན་དུ་དྲངས་འདུག རྒྱ་ནག་གུང་གཞུང་ལ་མཚོན་ན་འདི་ནི་བདེན་པའི་སྐད་ཆ་ཞིག་རེད། ཡིན་ནའང་། འདི་རུའང་ཁྱེད་ཀྱིས་ངེས་པར་བཤད་དགོས་པའི་སྐད་ཆ་ཞིག་བཤད་མི་འདུག གཅིག་གཅོད་སྲིད་གཞུང་གི་ངོ་གདོང་ཙམ་གླེང་ནས་མི་རྣམས་རེ་བ་མེད་པའི་ཕྱོགས་སུ་ཁྲིད་འདུག གཅིག་གཅོད་ཀྱི་སྲིད་གཞུང་འདི་འགྱུར་བའི་རང་བཞིན་ཅན་དང་རྟག་ཐུབ་ཡིན་མིན་གྱི་སྐོར་གླེང་སློང་ཙམ་ཡང་མ་བྱས་པ་དེ། ཁྱེད་ལ་དམིགས་ཡུལ་གཞན་ཞིག་ཡོད་པ་ལྟ་བུར་སྣང་ཡང་དེ་ལྟར་མིན་པའི་རེ་བ་ཡོད།
འཇིག་རྟེན་གྱི་བྱ་དངོས་ཐམས་ཅན་འགུལ་ཞིང་བསྐྱོད་ལ་འགྱུར་བའི་རང་བཞིན་ཅན་ཡིན་པའི་གནས་ལུགས་་དང་། ད་ལྟའི་དམངས་གཙོའི་རྒྱལ་ཁབ་ཚང་མ་གཅིག་གཅོད་ཀྱི་ལམ་ནས་གོམ་པ་སྤོས་ཡོང་བའི་ལོ་རྒྱུས་ཀྱི་དོན་དངོས་གསོན་པོ་འདི་ཚོ་ཆ་ཚང་བཤད་ཡོང་ན། མཐའ་མཇུག་གྱི་སྤྱི་སྡོམ་ནི་རེ་བ་ཟེར་བ་འདི་ཡིན་པ་ལས་རེ་བ་མེད་པ་དེ་རེད་མི་འདུག རེ་བ་འདིའང་རང་གྲུབ་ཤིག་མིན་པར་དེའི་ནང་། ཕམ་ཁ། གོད་ཆག དཀའ་སྡུག ཁྲག་དང་མིག་ཆུ་མང་པོ་ཞིག་འདུས་ཡོད་པ་དེ་བདེན་པའི་གནས་ཚུལ་ཞིག་ཡིན་པ་སུས་ཀྱང་ཁས་ལེན་དགོས་པ་ཞིག་རེད། ཁྱེད་ཀྱིས་རེ་བ་མེད་ས་ཙམ་བཤད་ནས་རྩོམ་གྱི་རྟ་ཁ་གཞན་དུ་དཀྱུས་པ་དེས་ངའི་འདོད་པ་ཁེངས་མ་སོང་། དྲི་བ་མང་པོ་ཀླད་པའི་ནང་འཁོར་སོང་།
༣
ཁྱེད་ཀྱི་དཀའ་ངལ་ལས་ཐོན་རྗེས་ཁ་ཕྱོགས་གང་དུ་ཡོད་ཅེས་པའི་དྲི་བ་འདི་མགོ་རྙོག་ལྡན་པའི་དྲི་བ་ཞིག་ཏུ་མཐོང་སོང་། ངས་དྲི་བ་འདི་ཁྱོན་ནས་མགོ་ཚོས་ཀྱི་མི་འདུག ངེད་ཚོ་ད་རུང་དཀའ་ངལ་ནང་ལྷུང་བསྡད་ཡོད་པས་དཀའ་ངལ་ལས་ཐར་རྒྱུ་དེ་ག་རང་ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་རེད། དཀའ་ངལ་ནང་ནས་ཐར་ཐབས་ལས་ལྷག་པའི་ཁ་ཕྱོགས་གཞན་ཞིག་ངེད་ཚོར་མཚོན་ན་མེད་པ་རེད། དྲི་བ་འདི་དྲི་བ་ཞིག་ཏུ་མཐོང་མ་སོང་། གལ་སྲིད་དྲི་བ་ཞིག་ཡིན་པའི་དབང་དུ་བཏང་ནའང་ད་རུང་རྒྱང་ཐག་རིང་བའི་དྲི་བ་ཞིག་རེད།
བོད་ནང་གི་བོད་མི་ཚོས་དཀའ་ངལ་ལས་ཐོན་ཐབས་སུ། ཨུ་ཐུག་ཐབས་ཟད་ངང་རང་ལུས་གསོན་པོ་མེ་མཆོད་ཕུལ་ནས་རང་གི་མངོན་འདོད་དང་དགོས་འདུན་བརྗོད་ཀྱི་ཡོད་པ་རེད། དེ་ནི་ཁོང་ཚོར་མཚོན་ན། དཀའ་ངལ་ལས་ཐར་ཐབས་ཀྱི་ལས་འགུལ་ཁ་ཕྱོགས་གསར་པ་ཞིག་རེད། ཕྱི་ལོགས་སུ་སྡོད་པའི་མི་རྣམས་ལ་ཁོང་ཚོའི་དེ་འགྲིག་མིན་དང་མཚམས་འཇོག་དགོས་མིན་བརྗོད་རྒྱུའི་ཐོབ་ཐང་མེད་པར་འདོད། ཁོང་ཚོའི་རླབས་ཆེ་བའི་ལས་འགུལ་དེ་མཚམས་འཇོག་མིན་ནི་གུང་ཁྲན་གྱིས་ཁོང་ཚོའི་མངོན་འདོད་དང་དགོས་འདུན་སྒྲུབ་མིན་ལ་ཐུག་ཡོད་པ་རེད།
ཕྱི་ལོགས་ཀྱི་བོད་མི་རྣམས་ལ་མཚོན་ནའང་། བོད་ནང་གི་བོད་མི་རྣམས་དཀའ་ངལ་ལས་ཐར་ཐབས་སུ་འབད་རྒྱུ་དེ་ཁོང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་རེད། བཙན་བྱོལ་བོད་མི་རྣམས་བོད་ནང་གི་བོད་མི་ཚོར་གཏམ་བརྗོད་ཀྱི་རང་དབང་མ་ཐོབ་པ་དེ་སྲིད་དུ་ཁོང་ཚོའི་མགྲིན་ཚབ་པ་ཡིན་པས། གཞིས་ལུས་བོད་མི་ཚོའི་མི་ཚེའི་ཆགས་འཇིག་གི་གནས་ཚུལ་སྐྱི་གཡའ་བ་དང་ཁོང་ཚོའི་རེ་འདུན་དེ་མངོན་འགྱུར་ཡོང་བར་རྒྱ་གཞུང་དང་རྒྱལ་སྤྱིའི་ཐོག་འབོད་སྐུལ་དང་ལས་འགུལ་འདྲ་མིན་སྤེལ་ཏེ་དོ་སྣང་སྤྲོད་རྒྱུ་དེ་རེད། གཞན་དེ་ལས་ལྷག་ཅིག་ག་རེ་བྱེད་དགོས་རེད། གཞིས་ལུས་བོད་མི་རྣམས་ལ་རང་དབང་གི་གོ་སྐབས་ཤིག་ཤར་བའི་ཉིན་ནས་ཁོང་ཚོའི་མདུན་ལམ་ཁོང་ཚོས་ཐག་གཅོད་ཀྱི་རེད། བཙན་བྱོལ་བ་ཚོར་དེ་ལ་བྱུས་གཏོགས་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད།
རེད། བཙན་བྱོལ་བོད་གཞུང་དེ་བོད་ནང་གི་དཀའ་སྡུག་ཕྱི་ལ་བརྗོད་མཁན་གྱི་མགྲིན་ཚབ་པའམ་འཐུས་ཚབ་རེད། ཡིན་ནའང་། བཙན་བྱོལ་བོད་གཞུང་དེ་བོད་ནང་གི་བོད་མི་ཚོར་འདི་བྱོས་དང་དེ་མ་བྱེད་ཟེར་ནས་བཀའ་བཀོད་གཏོང་མཁན་གྱི་དཔོན་པོ་མ་རེད། དེ་བས། ཁྱེད་ཀྱིས་བཙན་བྱོལ་བོད་གཞུང་ལ་བོད་ནང་གི་བོད་མི་ཚོས་ཅི་ཞིག་བྱེད་དགོས་མིན་བརྗོད་རོགས་བཤད་འདུག་པ་དེ་དེ་འདྲའི་ལན་པོ་ཞིག་ཏུ་མཐོང་མ་སོང་། གལ་སྲིད། བཙན་བྱོལ་བོད་གཞུང་དེ་གཅིག་གཅོད་ཀྱི་གཞུང་ཞིག་དང་། རྒྱ་ནག་གུང་གཞུང་གིས་བརྗོད་བཞིན་པ་ལྟར་བཙན་བྱོལ་བོད་གཞུང་དེ་བོད་ནང་གི་ལས་འགུལ་ཁག་བཀོད་སྒྲིག་བྱེད་མཁན་དང་ལས་འགུལ་ཁག་གི་རྒྱབ་ལོགས་སུ་ཡོད་པ་ཡིན་ན་ཁྱེད་ཀྱིས་དེ་ལྟར་བརྗོད་ཆོག་པ་རེད།
ཁྱོད་ཙམ་མིན་པར་བོད་མིའི་ནང་ཡང་འདི་ལྟར་བཤད་མཁན་འདུག དེ་ནི་ཕལ་ཆེར་སྲིད་དབང་སྒེར་གཅོད་འོག་ནས་འཚར་ཡོང་བ་རྣམས་ཀྱི་གཡའ་ཞིག་ཡིན་ནམ་ཅི། ང་ཚོའི་དམངས་གཙོའི་གཞུང་རྣམས་ལ་མཚོན་ན། སྲིད་གཞུང་དེ་མི་མང་གི་བཀའ་བཀོད་ལ་ཉན་མཁན་ཡིན་པ་ལས་མི་མང་རྣམས་སྲིད་གཞུང་གི་བཀའ་བཀོད་ལ་ཉན་མཁན་མ་རེད། སྲིད་གཞུང་གིས་མི་མང་ལ་བཀའ་གཏོང་ཆོག་པའི་དབང་ཚད་དེ་མི་མང་གིས་སྲིད་གཞུང་ལ་སྤྲད་མེད།
༤
ཁྱེད་ཀྱིས་ཆེ་ས་རང་སྐྱོང་ངོ་མ་དགོས་ན་ཆུང་ས་གྲོང་སྡེ་རང་སྐྱོང་ནས་མགོ་འཛུགས་དགོས་པ་ལྟ་བུ་ཞིག་བཤད་པ་དེ་བསམ་བློ་མ་བཏང་བར་བལྟས་པ་ཡིན་ན་བདེན་མདོག་ཁ་བ་ཞིག་ཏུ་མཐོང་ཡང་། ད་བར་གྱི་རྒྱ་གཞུང་གི་མི་རིགས་སྲིད་བྱུས་དང་དེ་ལག་ལེན་འདེབས་སྟངས་ལ་ཞིབ་ཙམ་བལྟས་ན། བོད་ཀྱི་གནད་དོན་ཐག་མ་ཆོད་པར་ད་བར་ལུས་པ་དེ་རང་སྐྱོང་ཆེ་ཆུང་གི་གནད་དོན་ལ་ཐུག་པའི་དོན་དག་ཅིག་མ་རེད། གཅིག་གི་འདོད་པ་དེ་རང་སྐྱོང་ཡིན་ནའང་། གཅིག་གི་བསམ་པ་དེ་རང་སྐྱོང་སྤྲད་ན་རང་བཙན་ལ་འགྲོ་གི་རེད་བསམ་པའི་ཞེད་སྣང་དང་རྣམ་རྟོག་ཡོད་པས་མ་ཚད། དངོས་སུ་ལག་པ་དམར་པོ་འགུལ་ནས་རང་སྐྱོང་ཟེར་བ་མིང་ཙམ་ལས་མེད་པར་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་ནས་མེད་པ་བཟོ་ཐབས་རྣམ་གྲངས་མང་པོ་ཞིག་ལག་ལེན་ལ་དངོས་སུ་བསྟར་བཞིན་པ་རེད། མདོར་དེད་ན། ཕྱོགས་གཉིས་ཀྱི་བསམ་ཚུལ་རྦད་དེ་ལྡོག་ཕྱོགས་དང་ག་ཕྱི་ལོག་འདུག་པས་རེད། གཅིག་གི་འདོད་པ་རང་གི་རིག་གཞུང་གཅེས་ཉར་བྱེད་རྒྱུ་དེ་ཡིན་ཡང་གཞན་དེའི་འདོད་པ་གཞན་གྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དེས་རེད། རྒྱ་གཞུང་གིས་གྲོང་སྡེ་ཆུང་ཆུང་ནས་བཟུང་སྟེ་རིག་གཞུང་རྩ་མེད་ཀྱི་མགོ་སྔོན་མ་ནས་བརྩམས་ཚར་ཡོད།
དེ་ཡིན་ན་ཡང་། གྲོང་སྡེ་རང་སྐྱོང་ནས་མགོ་འཛུགས་ཞེས་པ་དེ་ནི་བོད་ནང་གི་རང་དབང་འཐབ་རྩོད་པ་རྣམས་ལ་མཚོན་ན། རང་གི་མིག་མདུན་ལ་ཐུག་ཅིང་ལྷག་ཡོད་པའི་བསྒྲུབ་བྱ་དང་པོའི་གྲས་ཤིག་ཡིན་པ་དེ་བདེན་པ་ལྟ་བུར་མཐོང་། དེ་ནི་སྐས་རྐང་དང་པོ་ལ་སྤོ་ཐབས་ཙམ་རེད། དེ་ནི་རང་དབང་འཐབ་རྩོད་བྱེད་ཐབས་ཀྱི་རིམ་པ་དང་པོའི་གྲས་ཤིག་ཡིན་ན་ཡང་གཞི་རྒྱ་ཆེ་ཞིང་ཕུགས་རྒྱང་རིང་བའི་འཆར་འགོད་དང་ཕུགས་སེམས། བོད་ཀྱི་གཞི་རྩའི་རྩ་དོན་ངོ་མ་སོགས་གང་ཡང་མིན་པ་རེད། ང་ཚོ་རྒྱལ་སྤྱིའི་ཐོག་ལ་སྐས་རྐང་དང་པོར་སྤོ་ཐབས་ཙམ་ཁྱེར་ནས་འགྲོ་དགོས་པ་རེད་དམ། ཧ་ཧ་ཧ། ཁྱེད་ཀྱིས་རྒྱལ་སྤྱིའི་ཐོག་སྤེལ་བཞིན་པའི་བོད་དོན་ལས་འགུལ་དག་གི་ཁ་ཕྱོགས་དེ་རྒྱ་ནག་ནང་ཁུལ་ལ་ཁ་བསྒྱུར་འདོད་ཡོད་པ་མ་རེད་དམ། ཁྱོད་ཀྱི་དཀའ་ངལ་ལས་ཐར་རྗེས་ཀྱི་ཁ་ཕྱོགས་མ་ནོར་བ་ཟེར་བ་མཐར་དེད་ན་འདི་མ་རེད་དམ། དེ་ནི་བོད་མི་མང་གི་མངོན་འདོད་ངོ་མ་དེ་མ་རེད། ཐ་ན་དབུ་མའི་ལམ་ཡང་བོད་མིའི་མངོན་འདོད་ངོ་མ་དེ་མ་རེད།
༥
གྲོང་སྡེའི་རང་སྐྱོང་རྩོད་ན་རྒྱ་མིའི་མེ་མདའི་འོག་ལ་འགྲོ་མི་དགོས་པ་དང་རང་ལུས་མེར་བསྲེག་གཏོང་མི་དགོས་པ་ལྟ་བུ་ཞིག་བརྗོད་པ་དེ་ནི། ཁྱེད་ཀྱིས་རྒྱ་གཞུང་ཡག་པོ་ཡོད། གནས་ལུགས་བཤད་ས་ཡོད་ཅེས་དཀར་དག་བྱས་པ་ལྟ་བུ་ཞིག་ཏུ་འདུག རྒྱ་གཞུང་གིས་རང་ལུས་མེ་བསྲེག་མཚམས་འཇོག་ཏུ་འཇུག་པར་ཏྰ་ལའི་བླ་མ་དང་བཙན་བྱོལ་གཞུང་ལ་གོ་རྒྱུ་ཡོད་པའི་གོ་བརྡ་སྤྲད་པ་ལྟར་ཁྱེད་ཀྱིས་ཀྱང་རང་ལུས་མེ་བསྲེག་མཚམས་འཇོག་པར་མི་མངོན་པའི་བསླབ་བྱ་ཞིག་གནང་གི་ཡོད་པ་མ་ཡིན་ནམ། ཡང་མི་རིགས་ཀྱི་གནད་དོན་མིན་ལ་ཁ་བྲལ་ལའང་འབྲེལ་བ་མེད་པའི་རྒྱ་ནག་རང་གི་གྲོང་གསེབ་ཝུའུ་ཁང་གི་ལས་འགུལ་དེ། ་་ཁ་བྲལ་་ དང་ ་་ཆབ་སྲིད་ཀྱི་གནད་དོན་་ ཡོད་པའི་བོད་མིའི་རང་སྐྱོང་འཐབ་རྩོད་ལ་དཔེ་འགེབས་བྱས་པ་དེ་ནི་དཔེ་དོན་གཉིས་ཡ་འགལ་དུ་གྱུར་པ་ཞིག་ཡིན་ཡང་དེ་ན་ང་ཚོར་བླང་བྱ་ལེན་རྒྱུ་མེད་པ་དེ་འདྲའང་མ་རེད།
༦
རང་ལུས་མེར་མཆོད་འབུལ་རྒྱུར་མི་སྐྲག་ན་གཞན་ཅི་ལ་སྐྲག་དགོས་རེད་ཟེར་བའི་ཁྱེད་ཀྱི་དྲི་བ་དེ་ནི། རང་ལུས་མེར་མཆོད་འབུལ་མཁན་རྣམས་ཀྱིས་མཚོན་པའི་བོད་མི་རྣམས་ཀྱི་སེམས་ཁམས་དང་གནས་སྟངས་ལ་རྒྱུས་ལོན་མེད་པའི་སྣང་བ་སྐྱིད་པོའི་སྐད་ཆ་ཞིག་རེད། བོད་མི་རྣམས་ཀྱིས་ད་བར་གཞན་གྱི་མནར་གཅོད་གཅར་རྡུང་། ཉེས་མེད་བཙོན་འཇུག མཐོང་ཆུང་ཁྱད་གསོད་སོགས་བཟོད་པར་དཀའ་བ་མང་པོ་ཞིག་ལ་བཟོད་སྒོམ་བྱས་ཡོང་སྟེ་ད་ཆ་བཟོད་པའི་མཐར་ཐུག་པ་རེད། རང་ཉིད་ལ་རང་གི་ཆེ་མཐོང་དང་མཚན་མཐོང་། རང་ཉིད་ལ་རང་གི་དད་མོས་དང་དགའ་ཞེན་བྱེད་ས་གཞན་ལས་ལྷག་པ་ཡོད་པའི་མི་རིགས་ཐུན་མོང་མ་ཡིན་པ་ཞིག་ལ་མཚོན་ན། གཞན་གྱི་མི་རིགས་ཀྱི་བརྙས་བཅོས་དང་མཐོང་ཆུང་གཟེད་རྒྱུ་དེ་ཆེས་འཇིགས་སྐྲག་ལྡན་ས་དེ་རེད། དེ་ནི་རང་སྲོག་གཅོད་པ་ལས་ལྡབ་ཁ་ཤས་ཀྱིས་འཇིགས་སྐྲག་ཆེ་ཞིང་བཟོད་དུ་མི་ཐུབ་པ་ཡིན་པ་དེ། ཁྱེད་ལྟ་བུ་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་བཙན་གནོན་བརྙས་བཅོས་མ་མྱོང་བ་ཞིག་ནས་ཤེས་ཀྱི་མེད་པ་དེར་ཁག་མི་འདུག རྒྱལ་ཁབ་གང་རུང་གི་དམག་མི་དཀྱུས་མ་ཞིག་ལ་མཚོན་ནའང་། དགྲ་ལག་ཏུ་མ་ཤོར་སྔོན་རང་སྲོག་གཅོད་ཐབས་བྱེད་པའི་གནས་ཚུལ་ང་ཚོས་ཡང་ཡང་མཐོང་བཞིན་པ་དེ་ནི་ཁྱེད་ཀྱི་དྲི་བ་དེའི་ལན་འདེབས་གསལ་པོ་ཞིག་རེད།
མེ་ལྕེ་དམར་པོའི་ཁྲོད་མི་གསོན་པོའི་ཕྱིའི་ཤ་ཁྲག་སྐྱི་རུས་དང་ནང་གི་དོན་ལྔ་སྣོད་དྲུག་དང་བཅས་པ་ཚིར་སྒྲ་གསུར་སྒྲ་དང་བཅས་བསྲེག་བཅུག་འགྲོ་བ་དེ་གཞན་ཞིག་གིས་བལྟས་ན་འཇིགས་སུ་རུང་བ་ཞིག་ཏུ་མཐོང་གི་ཡོད་པ་ལྟར་འཇིགས་སུ་རུང་ཞིག་ལོས་ཀྱང་ཡིན། ཡིན་ནའང་། མི་རིགས་གཞན་གྱི་མནར་གཅོད་དང་བརྙས་བཅོས། ཉེས་པ་མེད་པར་བཙོན་ལས་སྣ་དགུ་ཁུར་ནས་ཤི་བ་དང་བསྡུར་ན། དེ་ནི་རང་དབང་ལྡན་ཞིང་གུ་ཡངས་པ། སྣང་བ་སྐྱིད་པ། རེ་བ་དང་སྤོབས་པ་ལྡན་པའི་འཆི་སྟངས་ཤིག་ཅི་ལ་མིན།
སྙིང་སྟོབས་ལྡན་པའི་དཔའ་བོ་འདི་དག་གིས་བཏོན་པའི་དགོས་འདུན་དེ་རང་ཉིད་ཀྱི་ཚེ་སྲོག་དང་དལ་འབྱོར་ལུས་རྟེན་ལས་རྩ་ཆེ་བར་བརྩིས་ནས་དེའི་ཆེད་དུ་སྲོག་བཏང་བ་ཡིན་པས། ང་ཚོར་མཚོན་ནའང་གལ་ཆེ་ཤོས་དེ་ཁོ་ཚོའི་དགོས་འདུན་དེ་བརྩི་དགོས་པ་རེད། ཁོང་ཚོས་རང་ལུས་མེ་མཆོད་འབུལ་སྐབས་ཉེ་སྐོར་གྱི་བོད་མི་སུ་གང་གིས་ཀྱང་མེ་གསོད་ཐབས་ལ་མ་འབད་པར་ཁོང་ཚོའི་དགོས་འདུན་བཏོན་པ་དེ་སྐད་གསེང་མཐོན་པོས་སྒྲོགས་བཞིན་པ་དེས་ཀྱང་ང་ཚོས་གང་ཞིག་ཨང་དང་པོར་འཛིན་དགོས་པར་གོ་བརྡ་ཞིག་སྤྲད་པ་རེད། ད་དུང་ཡིན་ནའང་ཤི་ཐུབ་མཁན་རྣམས་པང་བསྒྲིགས་ནས་འཆི་གི་རེད། ཤི་ནའང་འཆི་གོ་ཆོད་པ་རེད།
ཁོང་ཚོ་པང་བསྒྲིགས་ནས་འཆི་བ་དེ་མཚམས་འཇོག་མིན་ནི་ང་ཚོར་ཐུག་མེད་པར་གུང་གཞུང་ལ་ཐུག་པ་རེད། ང་ཚོས་གུང་གཞུང་གིས་ཐག་ག་འདྲ་ཞིག་གཅོད་མིན་བལྟས་བསྡད་ན་འགྲིགས།
རྒྱ་གཞུང་གིས་རྟག་པར་རྙོག་དྲ་ཐམས་ཅད་ཀྱི་འབྱུང་རྩ་རང་ཚོས་བཟོས་ནས་དཀའ་ངལ་དངོས་སུ་ཕྲད་སྐབས་དེ་སེལ་དགོས་པའི་གོ་བརྡ་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་སྤྲད་ཡོང་གི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་ཐུགས་འདུན་ཁག་ལ་ཁ་ཡ་ཁོ་རང་བྱེད་ཀྱི་ཡོད་པ་མ་རེད། དེ་ཡིན་ན། ད་རེས་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ནས་ཀྱང་རྒྱ་གཞུང་གིས་དོན་དག་འདི་ཐག་གཅོད་གང་མགྱོགས་ཡོང་བར་སྐུལ་བ་དང་ཡང་ན་ཐག་གཅོད་ཇི་ལྟར་བྱེད་མིན་ལ་བལྟས་སྡོད་རྒྱུ་ཙམ་ལས། རང་ལུས་མེར་བསྲེག་གཏོང་མཁན་ཚོར་མཚམས་ཞོག་ཟེར་ནས་བཤད་རྒྱུའི་འོས་བབ་མེད་པར་མཐོང་། ཡིན་ནའང་། རྒྱལ་སྤྱིར་རྒྱ་ནག་ལ་འགན་འཁྱེར་དགོས་པའི་འབོད་སྐུལ་བྱ་རྒྱུ་དེ་ང་ཚོའི་འོས་བབ་གཡོལ་དུ་མེད་པ་དེ་ཡིན།
ཤི་ན་འདོད་མཁན་སུ་ཞིག་མེད་ཀྱང་།།
མ་ཤི་ཐབས་མེད་གཞན་གྱིས་བཟོས་རེད།།
ཤི་ཡང་ལག་ཡོང་མེད་པ་འདྲ་ཡང་།།
ཤི་བའི་འཆི་གོ་ཆོད་ནས་འདུག་གོ།
ཡུམ། བྲིས་ནོ་ཡག་གི་ཡ། དགེ་བ་ཟིག་རེད།
རབ་ཡིན་ན་རྩོམ་ཡིག་འདི་སྐད་ཡིག་གཞན་དུ་བསྐྱུར་ནས་བརྒྱུད་འགོད་བྱེད་དགོས། དེ་མ་ཐུབ་ཀྱང་ཐད་ཀར་ལྦང་ལུ་ཞོང་ལ་ཐད་ཀར་འཕྲིན་ལམ་ནས་འབུལ་ཐུབ་པ་བྱེད་རོགས། ངོ་བཤུས་ཤིག་ཁོང་གི་ཆུང་མ་འོད་ཟེར་ལ་ཡང་གཅིག་གཏོང་རོགས།
ཐུགས་རྗེ་ཆེ། རྒན་ལགས། དངོས་གནས་གཏམ་ལ་སྙིང་བོ་འདུག དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་ལ་ཤི་འཐམ་རོ་འཐམ་བྱས་ནས་བྲིས་བའི་རྩོམ་ཞིག་རེད་འདུག ཝང་ལུས་ཞོང་གི་རྩོམ་གསང་དུ་སྦས་ཡོད་པ་དེ་ཚོའང་ཉིད་ཀྱིས་རྙེད་འདུག རྒྱ་བོད་ཀྱི་ཆབ་སྲིད་གནས་སྟངས་དང་སྲིད་ཇུས་ལག་ལེན་བསྟར་སྟངས། དམངས་གཙོ་ཉམས་ལེན་བྱེད་སྟངས་སོགས་གང་གི་ཐད་ནས་གནས་ལུགས་བཤད་ན་བཤད་རྒྱུ་འདུག རྩོམ་ཉམས་ཧ་ལས་པ་ཡིན་པ་སྨྲ་མི་དགོས་བ་དེ་རེད།
མེས་ཟོས་་ཟིན་པའི་དཔའ་བོ་དཔའ་མོ་དེ་ཚོར་འདི་འདྲ་ཞིག་གིས་བསྔོ་བ་ཕུལ་ཐུབ་པའང་ཡག་མོ་གདའ། ཐུགས་རྗེ་ཆེ། རིགས་ཀྱི་བུ། རིག་པའི་བུ། རིགས་པའི་བུ།
ཐུགས་རྗེ་ཆེ་དོན་སྙིང་ལྡན་པའི་རྩོམ་ཞིག་བྲིས་འདུག
ཁོང་ཚོས་རང་ལུས་མེ་མཆོད་འབུལ་སྐབས་ཉེ་སྐོར་གྱི་བོད་མི་སུ་གང་གིས་ཀྱང་མེ་གསོད་ཐབས་ལ་མ་འབད་པར་ཁོང་ཚོའི་དགོས་འདུན་བཏོན་པ་དེ་སྐད་གསེང་མཐོན་པོས་སྒྲོགས་བཞིན་པ་དེས་ཀྱང་ང་ཚོས་གང་ཞིག་ཨང་དང་པོར་འཛིན་དགོས་པར་གོ་བརྡ་ཞིག་སྤྲད་པ་རེད། ད་དུང་ཡིན་ནའང་ཤི་ཐུབ་མཁན་རྣམས་པང་བསྒྲིགས་ནས་འཆི་གི་རེད། ཤི་ནའང་འཆི་གོ་ཆོད་པ་རེད། ཟེར།
དངོས་གནས་རྩོམ་ཡིག་ཡག་པོ་ཞེ་དྲག་བྲིས་ཞག སོང་ཙང་རྩོམ་ཡིག་འདི་དབྱིན་རྒྱ་གང་རུང་ལ་ཕབ་བསྒྱུར་བྱས་ཏེ་དྲ་ཐོག་ཏུ་འཇོག་ཐུབ་ན་དགེ་མཚན་ཆེན་པོ་མཐོང་གི མ་ཟད། ཝང་ཁོ་རང་གིས་ཀྱང་བསམ་བློ་ཏོག་ཙམ་གཏོང་གི་རེད།
ལ་ལ་ལ། རྩོམ་ཡིག་འདིའི་མགོ་ནས་ཅུང་ཙམ་བཀླགས་རྗེས་སྐེ་རྩ་ནས་བཟུང་འདུག་བསམ་སོང་། བཀླགས་ཀྱིན་བཀླགས་ཀྱིན་སྙིང་རྩ་ནས་བཟུང་ཡོད་པ་མཐོང་སོང་། རྒྱ་རྒན་བོང་ལི་ཞོན་ལ་ལན་བཏབ་ནས་ཕན་མིན་མི་ཤེས་མོད། མེར་སྲེག་དོན་རྐྱེན་ལ་འགྲེལ་བཤད་ཕྱི་ཤུན་མེད་པ་ཞིག་བརྒྱབས་འདུག ཐུགས་རྗེ་ཆེ།
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
རྩོམ་ཡིག་འདི་ལ་རིན་ཐང་ཁྱོན་ནས་མི་འདུག ཀློག་གིན་ཀླིག་གིན་ཉོབ་སོང་།དགོངས་དག
ཨ་ལྕགས་འབྲུག་མོ་ཡིན་ན་ཇོ་འདྲེ་མོ་ཡིན་འདིའི་ནམ་ཡང་གཞན་ལ
ངན་བཤད་དག་དག་མིན་མི་ཤེས་གི་ལས་ངན་རེད་ཡ་ལས་ངན།
བཀུར་འོས་པའི་རྔ་བ་རྒྱལ་ཁམས་པས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག བཀའ་དྲིན་ཆེ་ཞུས་པ་དང་། ད་དུང་ཡང་དེ་བས་ཀྱང་རྣལ་དུ་འཁེལ་རྒྱུ་ཞིག་མི་འདུག་གམ། ཁྱོད་ཀྱི་རྩོམ་ཡིག་འདི་ནི་ཆེས་སྐོམ་དུས་ཀྱི་བཏུང་བ་ཞིག་དང་འདྲ་མོད། ད་དུང་སྐོམ་ཡོངས་སུ་སོད་མ་སོང་ཡ་བུ་དགའ་བོ།
གོང་གི་རྩོམ་ཡིག་དེ་བཀླགས་པའི་མྱོང་ཚོར་ཙམ་མཆན་གྱི་ཚུལ་དུ་འཇོག་པ་ཡིན་ལ། བསྟོད་པའི་མཐེ་བོ་མ་གཏོགས་སེམས་ཀྱི་དྲང་གཏམ་ཐད་ཀར་སྨྲས་པར་མི་དགའ་མཁན་དག་ལ་དགོངས་དག་ཞུ་རྒྱུ་ལས་མ་མཆིས།སྤྱིར་བསམ་ཚུལ་མི་འདྲ་བ་ཡོང་ཆོག་མོད།འོན་ཀྱང་།རྒྱ་རིགས་མཁས་པ་ཝང་གི་ལྟ་བར་ཧ་ཅང་ཟབ་བརླིང་ལྡན་པ་མ་ཟད་རྣམ་དཔྱོད་ལྡན་པའི་ཞིབ་འཇུག་གི་དཔྱད་གླེང་རིན་ཐང་ཅན་ཞིག་མཐོང་།མདའ་ཚན་པས་རྒྱུ་མཚན་མཐོང་ནས་དགག་པའམ་ཡང་ན་ཕྱོགས་གཅིག་ལ་གཟས་ནས་བྲིས་པ་ཡིན་མིན་མི་ཤེས།གང་ལྟར་ཁྱོད་ཀྱིས་རྩོམ་ཡིག་ལ་གཡམ་རྒྱུགས་མཁན་དག་དཀྲོགས་པའི་ནུས་པ་ཙམ་ལས་ཕར་ཕྱོགས་དོན་གྱི་དགག་པའི་ལན་དངོས་མ་ཞིག་གམ་དགོས་ངེས་ཤིག་ཆགས་མེད་པ་ནི་རྣམ་དཔྱོད་ལྡན་པ་དག་གིས་མཁྱེན་ངེས།
སྐུ་ཞབས་ཝང་རྡ་སར་ཕེབས་དུས། རྒྱ་དོགས་པས་འཕུང་ཟེར་བ་དེ་ད་ནི་བོད་དོགས་པས་འཕུང་ཞེས་བརྗེ་དགོས་པའི་ཚད་རེད་ཅེས་ཀུ་རེ་ཞིག་གནང་མྱོང།
འདིར་ཕེབས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། བསམ་ཚུལ་མི་མཐུན་པ་བརྗོད་མཁན་ཡོད་ན་ལྷག་ཏུའང་དགའ་བསུ་ཞུ། བསམ་ཚུལ་མི་མཐུན་པའི་ཕྱོགས་དེ་ཆུང་ཙག་ཡིན་ནའང་བགྲོ་གླེང་ལྷུག་པོར་བྱེད་ཐུབ་ན་བཟང་། དེ་ཡང་རྒྱུ་མཚན་མི་འདུག་ཟེར་ནས་སྤྱི་བཤད་ཙམ་མིན་པར་ཚིག་དོན་རེ་རེ་ནས་མི་མཐུན་ས་བགྲོ་གླེང་བྱེད་ཐུབ་ན་ལེགས་ཆ་ཆེ་བར་མཐོང་། ལྷག་པར་དུ། གསལ་བཤད་ཅིག་ལ། ཨ་ལྕགས་འབྲུ་མོས་བཤད་པ་ལྟར། ངས་རྒྱུ་མཚན་མཐོང་ནས་ཝང་ལ་དགག་པའང་མིན་ལ་ཕྱོགས་གཅིག་ལ་གཟས་ནས་བྲིས་པའང་མིན། ངས་ཁོང་དང་མི་མཐུན་སའི་བསམ་ཚུལ་གང་ཡོད་པ་མར་བྲིས་པ་ཙམ་རེད། ཁྱེད་ཀྱིས་དོན་གྱི་དགག་པ་ཟེར་བ་དེའི་དོན་ག་རེ་ཡིན་མིན་མགོ་ཚོས་མ་སོང་། ཁ་ཙམ་ནས་གླེང་བ་མིན་པར་ཁོང་གི་རྩོམ་གྱི་ནང་ལོགས་སུ་འཛུལ་ནས་གླེང་ཁུལ་བྱས་པ་ཡིན།
༡ཁོང་གིས་མེ་ལྕེ་ཞུགས་འབུལ་གྱི་སྙིང་སྟོབས་ནས་གླེང་ཡོད་ཀྱང་སྙིང་སྟོབས་ཀྱི་འབྱུང་ཁུངས་གླེང་མི་འདུག འཚེ་མེད་ཞི་བའང་དེ་བཞིན་རེད།
༢ གྷན་ཏི་དང་མར་ཁྲིན་ལུ་ཐར་གཉིས་ཀྱི་གསུང་གཉིས་ལུང་དྲངས་འདུག་ཀྱང་དོན་ལ་མི་འབྱོར་བ་དང་འབྲེལ་མེད་ཅིག་རེད།
༣ བོད་ནང་གི་མེ་མཆོད་ཀྱི་ལས་འགུལ་དེ་རིགས་རེ་བ་མེད་པ་དང་མིག་སྔའི་བོད་དེ་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པར་བཤད་པ་དེའང་ཡོངས་སུ་བདེན་པར་མཐོང་མ་སོང་།
༤ དེ་ནས་དཀའ་ངལ་ལས་ཐོན་རྗེས་ཀྱི་ཁ་ཕྱོགས་ཟེར་བ་དེའང་ཞིབ་ཙམ་བལྟས་ན་མགོ་རྙོག་ཆེ་བའི་དྲི་བ་ཞིག་རེད།
༥ གྲོང་སྡེ་རང་སྐྱོང་ཟེར་བ་དེ་བོད་ནང་གི་བོད་དོན་འཐབ་རྩོད་པ་ཚོར་མཚོན་ན་ལས་འགུལ་དང་པོའི་གྲས་ཤིག་རེད། དེ་ལས་ང་ཚོར་བླང་བྱའང་ལེན་རྒྱུ་ཡོད་རྒྱུ་རེད། ཡིན་ནའང་། དེ་ནི་ང་ཚོའི་རྩ་བའི་རྩ་དོན་མིན་པ་རེད།
༦ དེ་ནས་གྲོང་སྡེ་རང་སྐྱོང་རྩོད་ན་མེ་མདའི་འོག་འགྲོ་མི་དགོས་པ་དང་རང་སྲོག་གཏོང་མི་དགོས་པར་བཤད་པ་དེའང་བདེན་པ་ཞིག་ཏུ་མཐོང་མ་སོང་།
༧ རང་ལུས་མེར་མཆོད་འབུལ་རྒྱུར་མི་སྐྲག་ན་གཞན་ཅི་ལ་སྐྲག་དགོས་རེད་ཟེར་བ་དེའང་དེ་ལྟར་རེད། ཝང་ལ་མཚོན་ན་དེ་ལས་ལྷག་པའི་སྐྲག་སྣང་ཞིག་ཁོང་གིས་མ་མཐོང་བ་རེད། ངས་དེ་ལས་ཀྱང་ལྷག་པའི་སྐྲག་སྣང་ཞིག་མཐོང་བ་རེད།
ཉིན་འདི་འགའི་རིང་དྲ་ཚིགས་འདི་དང་གཞན་དང་གཞན་དུའང་ཝང་ལི་ཞུང་གི་ཉེ་ཆར་གྱི་རྩོམ་དེ་ལས་འཕྲོས་ཏེ། བརྗོད་དོན་མི་གཅིག་པ་དུ་མ་ཞིག་གླེང་སོང་། ཝང་ལི་ཞུང་། ཝང་ལི་ཞུང་གིས་ཅི་ཞིག་བྱས་པ། ཝང་གི་རྩོམ་དེ་ལ་མི་མཐུན་པའི་བསམ་ཚུལ་གང་ཡོད་བརྗོད་པ་དེ་དག་རེད། གོང་གསལ་གྱི་དོན་དག་འདི་གསུམ་རྦད་དེ་མི་འདྲ་བའི་དོན་དག་གསུམ་རེད།
ཝང་ནི་སྤྱིར་བཏང་རྒྱ་ནག་གི་མཁས་པ་མང་པོའི་ནང་གི་མཁས་པ་བྱེ་བྲག་པ་གཅིག་རེད། ཡིན་ནའང་། ཁོང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་དེ་དང་འབྲེལ་བའི་བོད་དོན་གྱི་ཕྱག་ལས་ཀྱང་གང་འཚམས་གནང་ཡོང་གི་ཡོད་པ་རེད། ལྷག་པར་དུ་བོད་དོན་གྱི་ཆེད་མ་སྐུལ་རང་མོས་ཀྱིས་དགོངས་ཚུལ་མང་པོ་ཞིག་བཏོན་ཡོང་གི་ཡོད་པ་རེད། དེ་ལ་ཤུགས་རྐྱེན་ཡང་གང་འཚམས་འདུག་པས་འདི་ནི་གནད་འགག་ཆེན་པོ་ཞིག་རེད། དེ་བས་མི་སྒེར་བ་འདིར་དཔྱད་ཞིབ་ཡག་པོ་ཞིག་བྱེད་ཐུབ་ན་བཟང་མ་གཏོགས་ངན་མེད་པར་འདོད། སྤྱིར་ཝང་ལ་ལྟ་ན་ཕྱོགས་མང་པོ་ཞིག་ནས་བལྟ་དགོས་ཀྱི་འདུག རྒྱ་ནག་ནང་། གུང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྡེ་དང་དེ་དང་ལྟ་བ་ལོགས་སུ་འཛིན་མཁན་གྱི་སྡེ་ལས་གང་ལ་གཏོགས། དམངས་གཙོ་དོན་གཉེར་བའི་ནང་ཡང་། རྒྱ་ནག་ཆེན་པོའི་གཡའ་དོར་ཡོད་པ་དང་མེད་པའི་སྡེ་གཉིས་ཡོད་པ་ལས་གང་ལ་གཏོགས། བོད་དོན་ལ་མཚོན་ནའང་། བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མཁན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་མཁན་གཉིས་ཡོད་པ་ལས་གང་ལ་གཏོགས། དབུ་མའི་ལམ་ལ་མཚོན་ནའང་། བོད་དེ་རྒྱ་ནག་ལས་ལོགས་སུ་འགྲོ་རྒྱུར་རང་ལུས་ཀྱི་ཆ་ཤས་ཤིག་བཅད་པ་ལྟ་བུའི་ཞེད་སྣང་སྐྱེས་ཏེ་དེ་ལྟར་མ་ཡོང་བའི་ཆེད་དབུ་མར་རྒྱབ་སྐྱོར་བྱེད་མཁན་གྱི་སྡེ་ཆེན་པོ་ཞིག་དང་ཡང་དབུ་མའི་ལམ་དེ་དངོས་ཡོད་ཀྱི་ཐོག་ནས་བོད་དོན་ཐག་གཅོད་པར་འཚམས་ཤོས་སུ་མཐོང་ནས་དབུ་མར་རྒྱབ་སྐྱོར་བྱེད་མཁན་གྱི་སྡེ་གཅིག་ཏེ་གཉིས་ཡོད་པ་ལས་གང་ལ་གཏོགས་པ་སོགས་སོ།
ང་ཚོར་མཚོན་ནའང་། རང་བཙན་གྱི་ལྟ་བ་འཛིན་མཁན་ཚོས་ཝང་ལ་ལྟ་སྟངས་ཤིག དབུ་ལམ་པ་ཚོས་ཁོང་ལ་ལྟ་སྟངས་ཤིག མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཤུགས་ཆེ་བ་ཚོས་ཁོང་ལ་ལྟ་སྟངས་ཤིག་འདྲ་མིན་སྣ་ཚོགས་ཤིག་འདུག
དོན་དུ་ཁོང་ག་འདྲ་ཞིག་དང་ཁོང་གི་ཆབ་སྲིད་ལངས་ཕྱོགས་ག་འདྲ་ཞིག་ཡིན་མིན་གསལ་བོར་ཤེས་དགོས་ན་ད་རུང་ཁོང་ལ་དྲི་བ་མང་ཙམ་དང་ཁོང་གི་རྩོམ་མང་ཙམ་ཀློག་དགོས་པར་འདུག
ཡང་ཁོང་དབུ་མར་རྒྱབ་སྐྱོར་མཁན་ཞིག་ཡིན་པ་གསལ་པོ་རེད། རྒྱུ་མཚན་ག་རེ་བྱས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད། བོད་དེ་ནམ་ཞི་སོགས་དབྱེ་ཞིབ་ཞིབ་ཙམ་བྱེད་ཐུབ་ན་བཟང་པར་མཐོང་།
དགོངས་དག གོང་གི་མཆན་ནང་། བོད་དེ་ནམ་ཞི་སོགས་ཟེར་ནས་ཚིག་ལྷག་འགའ་ཞིག་ཤོར་འདུག
དབུ་མའི་་ལམ་དང་རང་བཙན་མི་འགལ་་་་་་རང་སྐྱོང་དང་༧གོང་ས་མཆོག་གི་ཐུགས་ནས་འཁྲུངས་པའི་དབུ་མའི་ལམ་གཉིས་འགལ་བ་ཡིན། ཚིག་བེད་སྤྱོད་གཏོང་དུས་ཐུགས་བཞེས་དགོས་པ་འདོད།
གོང་གསལ་གྱི་རྩོམ་འདི་ཡིག་རིགས་གཞན་ལ་སྒྱུར་མཁན་དང་གཞན་དུ་འགོད་མཁན་ཡོད་ན་ཅི་དགའ་བར་མཛོད་ཅིག གང་ལས་དྲངས་པའི་དྲ་ཚིགས་ཀྱི་མིང་དང་རྩོམ་པ་པོའི་མིང་འགོད་རོགས་ཞུ་རྒྱུ་ཙམ་ཡིན།
མདའ་ཚན་པས་གསུངས་བ་བདེན་པ་རེད།
སྡེ་བ་རེ་ཡི་རང་གི་ཐོབ་ཐང་རྩོད་དབང་ག་ལ་ཡོད། ང་ཚོའི་ས་གནས་ཀྱི་སྒེར་གྱི་སློབ་གྲྭ་ཀུན་ཁ་བྲལ་གྱི་ཉེས་མིང་བཏགས་ནས་སྒོ་བརྒྱབས་ཟིན་ལ། དངུལ་སྒོར་ས་ཡ་དུ་མའི་མ་རྩ་འཕྲོག་བརླགས་བཏང་ཟིན། དེ་དག་ནི་བོད་མི་མི་མང་ཚོགས་ཀྱི་རྔུལ་ཁྲག་ལས་བསགས་པའི་དངུལ་དངོས་དེ་དག་ཉིན་ཞིག་ཆུ་ལ་བསྐུར་བ་རེད།