རེབ་གོང་བཀྲ་ཤིས།
གཅིག༽
མི་རིགས་ཆེན་པོའི་འདུ་ཤེས་ཀྱིས་གཡས་གཡོན་གཉིས་ནས་བརྙས་ཤིང་གཙེ་ལ། དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ངེས་ཅན་ཡོད་པའི་སྲིད་གཞུང་གིས་ཀྱང་གནམ་ས་གཉིས་ནས་གནོན་བཙིར་དང་དྲག་ཤུགས་འབའ་ཞིག་གིས་ཡོད་ཚད་སྒེར་གཅོད་བྱེད་ཀྱིན་པ་ནི་ཇི་འདྲའི་ཆེས་མི་བཟོད་པའི་སྡུག་བསྔལ་ཞིག་ཡིན་ཨང་། འ་ཆད་འུ་ཐུག་གི་སྡུག་བསྔལ་དེས་གཞི་དྲངས་ཏེ་མཇུག་འབྲས་སུ་སླེབས་པ་ནི་བོད་ཀྱི་ད་ལྟའི་མེ་ལྕེའི་སྙིང་སྟོབས་འདི་དག་ཡིན། བོད་ལ་སྡུག་བསྔལ་དེ་འདྲེན་མཁན་རྒྱ་ཕྱོགས་ཁོ་ན་ཡིན་ལ། བོད་ཀྱི་མེ་ལྕེའི་སྙིང་སྟོབས་འདི་དག་ངམ་གྱིས་འཕྱུར་དུ་འཇུག་མཁན་ཡང་རྒྱ་ཕྱོགས་ཁོ་ན་ཡིན། དེ་གཉོམ་ཆུང་བཙན་པོ་ལས་རྒྱལ་བའི་གནད་འགག་ཏུ་འགྱུར་བར་སུས་ཀྱང་རེ་བ་བྱས་མེད་ཚོད་ཀྱང་། སྙིང་སྟོབས་དེ་དག་གིས་ཏག་ཏག་གོ་བརྡ་ངེས་ཅན་ཞིག་སྤྲོད་ཀྱིན་ཡོད།
གཉིས།༽
ནམ་ཡང་གཉའ་གནོན་བཤུ་གཞོག་གཏོང་མཁན་གྱི་འོག་ནས་འུ་ཐུག་རེ་ཆད་འབྱུང་བ་ནི་ཆོས་ཉིད་ཅིག་ཡིན། གནས་ལུགས་དེ་རྒྱ་ཕྱོགས་ཀྱིས་ཇི་བཞིན་རྟོགས་མོད་ཀྱང་། རང་གི་ཁེ་ཕན་ཁོ་ནའི་ཆེད་ཀྱིས་དེར་སྣང་མེད་མཐོང་ཆུང་གཏོང་གིན་ཡོད། ཐ་ན་བོད་མི་ཚོར་རྒྱ་རིགས་དང་གཅིག་མཚུངས་ཀྱི་ཚེ་སྲོག་ཡོད་པར་ངོས་འཛིན་ཙམ་ཡང་བྱེད་ཀྱི་མེད། བློ་རིག་ཡོད་པའི་རྒྱ་ཕྱོགས་ཀྱིས་སྙིང་རྗེ་མ་རིག་པ་གཏན་ནས་མིན་པར། ཁོ་ཚོའི་ཆེས་གཏིང་ཟབ་པའི་ལྐོག་ཇུས་དེའི་སྟོབས་ཀྱིས་སྙིང་རྗེ་སྦྱིན་མ་འདོད་པ་རེད། དེ་ལ་བརྟེན་ནས་བྱུང་བའི་བོད་ཀྱི་མེ་ལྕེའི་སྙིང་སྟོབས་དེ་དག་འཚེ་བ་གཏན་ནས་མིན། འཚེ་བ་ནི་གཞན་གནོད་ཀྱི་བསམ་པ་གཞིར་བཅས་ཤིག་ལ་བརྟེན་དགོས་པར་འདོད། འགྲེལ་ཚུལ་དེར་མོས་མཐུན་ཡོད་མེད་གང་ལྟར་ཡང་། མིག་སྔར་གྱི་བོད་དེ་དཀའ་ངལ་གྱི་ཁྲོད་དུ་ལྷུང་ངེས་པར་ཡོད་ཙམ་ཞིག་མ་ཡིན་པར། སྔར་བས་ཀྱང་ཆེས་མི་བཟོད་པའི་དཀའ་ངལ་གྱི་འོབས་དོང་རིང་མོར་ལྷུངས་ཚར་ནས་དུས་ཡུན་རིང་པོ་འདས་ཡོད།
གསུམ།༽
མངོན་འགྱུར་དང་གྲུབ་འབྲས་མ་ཐོན་པ་མ་གཏོགས། ཁ་ཕྱོགས་ནི་ཧ་ཅང་གསལ་བོ་ཡིན། ཡོད་ཚད་དེང་རབས་ཀྱི་མཚོན་ཆའི་འོག་ནས་ཐག་གཅོད་བྱེད་པའི་རྒྱ་ཕྱོགས་ཀྱིས་ད་དུང་བོད་ཀྱི་ཁ་ཕྱོགས་གང་དུ་ཡོད་མེད་མ་ཤེས་ཁུལ་བྱེད་ཀྱིན་པ་ནི་ཇི་འདྲའི་གཡོ་ཁྲམ་གོང་ན་མེད་པ་ཞིག་རེད་ཨང་། གལ་སྲིད་རྒྱ་ཕྱོགས་ཀྱིས་དེ་མ་ཤེས་ན་་་་་ཁོང་ཚོ་སྲུང་སྐྱོབ་དང་འགན་ལེན་བྱེད་དགོས་རྒྱུའི་ཚབ་ཏུ། དེ་ལས་ལྡོག་སྟེ་བཟོད་དཀའི་རྨ་ཁའི་ཐོག་ཏུ་རྨ་ཁ་ཚབས་ཆེན་གསར་སྣོན་བྱེད་དགོས་དོན་ག་རེ་ཡོད་དམ། སྤྱིར་ན་བློ་རིག་ཟེར་བ་དེ་ལ་ཕྱོགས་གཉིས་ནས་བརྗོད་དགོས་ཚོད་འདུག་མོད་ཀྱང་། བོད་ཀྱི་མེ་ལྕེའི་སྙིང་སྟོབས་ཅན་ཚོ་ལ་ནི་བློ་རིག་ཡོད་པས་མ་ཚད། སུ་ཡིས་ཀྱང་དོ་ཟླ་མི་ཡོང་བའི་བློ་སྟོབས་ཀྱི་རྩལ་ཡང་ཡོངས་སུ་རྫོགས་འདུག བློ་རིག་མེད་ན་མི་རིགས་དང་སྤུན་ཟླ་ཚོའི་ཆེད་དུ་བློས་གཏོང་ཆེན་པོ་དེ་འདྲ་ཞིག་གདམ་གསེས་ཀྱིས་ཡོང་ཐབས་མེད། ཆབ་སྲིད་པ་ཕལ་ཆེ་བ་ནི་མགོ་གཉིས་ཅན་ཡིན་སྟབས། བོད་དཀའ་ངལ་གྱི་ར་བ་ལས་ཕྱི་ལ་ཁྲིད་པའི་མིག་རྒྱང་རིང་བོའམ་བློ་རིག་ཡོད་མེད་དེ་གནས་ཚུལ་གཞན་ཞིག་ཡིན། གཙོ་བོ་སྐབས་ཐོག་གི་ལས་ཀྱི་སྣེ་མོ་བ་ཚོས་མི་དམངས་ཀྱི་དགོས་འདུན་ཁག་ལ་ཉན་ཞིབ་སྒོས་དོན་དངོས་ཀྱི་ལས་དོན་འཁྱུག་མེད་ངང་རྒྱུན་འཁྱོངས་བྱ་རྒྱུ་དེ་བློ་རིག་གི་ཡང་རྩེར་བརྗོད་ཆོག
བཞི།༽
དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་མགོ་སྟོད་ནང་རྒྱ་ཕྱོགས་ནས་བཙན་དབང་གིས་བོད་(ད་ལྟའི་བོད་རང་སྐྱོང་ལྗོངས་ལ་གོ )ལ་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་བཅུག་པ་ནི་དཔེར་མཚོན་དང་དཔང་རྟགས་གསལ་བོ་ཞིག་ཡིན། གྲོས་མཐུན་དེའི་གྲོས་ཆོད་རྣམས་རྡོག་རོལ་གཏོང་མཁན་ནི་རྒྱ་ཕྱོགས་ཡིན་པ་ལས་བོད་མིན། གྲོས་ཆོད་དེའི་ནང་ཏཱ་ལའི་བླ་མས་ཐུགས་གཏན་འཁེལ་བའི་མདོ་དབུས་ཁམས་གསུམ་གཅིག་བསྡུས་ཀྱི་བོད་ཆ་ཚང་ཚུད་མེད། གྲོས་ཆོད་དེའི་ནང་གི་མདོ་དོན་དག་ནི་མི་རིགས་ས་ཁུལ་རང་སྐྱོང་གི་དགོས་འདུན་དང་གཅིག་མཚུངས་ལྟ་བུ་ཡིན་ན་ཡང་། རྒྱ་ཕྱོགས་ནས་དེ་ལ་སྙིང་རྗེ་བསྒོམ་རྒྱུའི་ཚབ་ཏུ་ལྡོག་ཕྱོགས་ཀྱི་དྲག་གནོན་ཚབས་ཆེན་བྱས་ཡོད། དེ་དུས་ནས་རྒྱ་ཕྱོགས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་ཁག་ཚུལ་བཞིན་ལག་བསྟར་བྱས་ཡོད་ཚེ། ད་ལྟ་བོད་ནི་ཆེས་མི་བཟོད་པའི་དཀའ་ངལ་ཆེན་པོ་འདི་འདྲ་ཞིག་གི་ཁྲོད་དུ་ལྷུངས་དགོས་དོན་ཡེ་ནས་མེད་བསམ། རྒྱ་ཕྱོགས་ཀྱིས་དེ་སྔ་ནས་རྒྱ་ནག་གཅིག་སྡུད་ཀྱི་ལས་དོན་གཅིག་བུར་ཧ་ཅང་གཞོལ་དྲགས་པས་བོད་ཀྱི་ཡོད་ཚད་རྙིང་རུལ་དང་། མཐོང་ཚད་ཆོས་ལུགས་ཀྱི་དུག་རྩར་བརྩིས་ཏེ་བོད་རྩ་མེད་བཟོ་རྩིས་ཀྱི་བྱ་ངན་སྣ་ཚོགས་རབས་དང་རིམ་པ་ཞིག་སྤེལ་དང་སྤེལ་གྱིན་ཡོད། དེ་འདྲའི་དུས་སྐབས་འཇིགས་སྐྲག་ཅན་གྱི་སྐབས་སུ་བོད་ཀྱིས་སྡེ་གྲོང་རང་སྐྱོང་དང་། སྡེ་དམངས་རང་སྐྱོང་སོགས་དམའ་རིམ་རང་སྐྱོང་ནས་མགོ་འཛུགས་ཇི་ལྟར་བྱ་ཐུབ་བམ། དེ་ནི་ཤ་རྔམས་ཟ་བྱེད་ཀྱིན་པའི་སྤྱང་ཀི་ཞིག་གི་ཁ་ནང་ནས་ཤ་དུམ་ཞིག་ཚུར་ལེན་པ་དང་གཅིག་མཚུངས་ཡིན། དེ་བས་ན་མཐོ་རིམ་གྱི་གཞི་རྩའི་རྒྱ་མ་དེ་དྲང་བདེན་མ་བྱུང་བ་ཁོ་ན་རེད་མ་གཏོགས། བོད་ཀྱིས་བསམ་བཞིན་དུ་རྒྱ་ཕྱོགས་ལ་རྒྱ་རྡོ་ཁ་སྣོན་བརྒྱབ་པ་ཞིག་གཏན་ནས་མ་རེད། ཇི་སྲིད་འཇལ་བྱེད་ཀྱི་སྲང་ཡོན་པོར་འཁྱོག་ན། དེ་སྲིད་དུ་རྒྱ་རྡོ་སྣོན་དགོས་པ་ནི་དངོས་གཤིས་ལ་གྲུབ་པ་ཞིག་རེད།
ལྔ།༽
གལ་སྲིད་སྡེ་དམངས་རང་སྐྱོང་ནས་མགོ་འཛུགས་དགོས་པའི་དབང་དུ་བྱས་ན། དེ་ཇི་ལྟར་མགོ་འཛུགས་བྱ་རྒྱུ་ཡིན་ནམ། རྒྱ་དང་མཉམ་འབྲེལ་གྱིས་མགོ་འཛུགས་བྱས་ན་ནི་མི་རིགས་རང་སྐྱོང་དུ་མི་འགྲོ་ལ། བོད་གཅིག་བུས་མགོ་འཛུགས་བྱས་ན་ནི་མི་རིགས་ཀྱི་གནད་དོན་དུ་བརྩི་ངེས། བོད་ཀྱི་ཐོག་རྒྱ་ཕྱོགས་ཀྱི་བདག་དབང་ཆེས་ཆེར་ཐལ་དྲགས་པས། དེའི་དབང་སྲུང་གི་ལས་འགུལ་བོད་ཀྱིས་མི་ཡོང་བ་ད་བར་དུ་གསལ་སྟོན་ཡང་ཡང་བྱས་ཡོད་པ་རེད། གནས་ལུགས་འདི་ཐད་བོད་ཀྱི་གནད་དོན་བཤད་ཁུལ་བྱེད་ཀྱིན་ཡོད་པའི་ཝང་ལི་ཞོན་གྱིས་ཀྱང་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། བོད་ཀྱིས་རྒྱ་ནག་དམངས་ཁྲོད་ཀྱི་དབང་སྲུང་ལས་འགུལ་དང་མཉམ་འབྲེལ་ཅིའི་ཕྱིར་བྱེད་དགོས་སམ། རྒྱ་ཕྱོགས་དང་མི་རིགས་ཆེན་པོའི་ཁེ་ཕན་ཆེད་དུ་བོད་ཀྱིས་སྡུག་བསྔལ་ཅིའི་ཕྱིར་མྱང་དགོས་སམ། རྒྱ་རིགས་ཀྱིས་བོད་ཀྱི་ཡུལ་ཆུ་ངོམས་མེད་དུ་འཐུང་ཞོར་ཡུལ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པ་དེ་ནི་ཇི་འདྲའི་སྙིང་ལ་གཟན་པའི་སེམས་ནད་ཅིག་མིན་ནམ། དེ་ཐད་ནས་རྒྱ་ནག་གི་སྡེ་དམངས་དང་བོད་ཀྱི་སྡེ་དམངས་གཉིས་མཚུངས་དཔེར་སྦྱོར་ས་ནམ་ཡང་མེད། དེ་ནི་དབང་འཛིན་མཁན་དང་དབང་སྲུང་མཁན་གཉིས་ཀ་མི་རིགས་ཆེན་པོ་ཡིན་པས་རེད། གླེན་རྟགས་ཚ་བོ་ཅན་ཞིག་མིན་ན། སུ་ཡིས་ཀྱང་རང་མགོ་རང་གིས་བརྡུང་བར་མི་བྱེད་པ་ཡིན། འོ་ན་་་་ཅི་ཞིག་བྱས་ན་བོད་ཀྱི་དཀའ་ངལ་འདི་སེལ་ཐུབ་པ་ཡིན་ཟེར་ན། རྒྱ་ཕྱོགས་ནས་མི་རིགས་ཆེན་པོ་དེ་མིའི་རིགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་པ་དེ་ལྟར། བོད་རིགས་ལ་ཡང་རྒྱ་རིགས་ཆེན་པོ་དང་གཅིག་མཚུངས་ཀྱི་ངོས་འཛིན་གསལ་བོ་བྱས་ནས་བོད་ལ་དོན་དམ་གྱི་ཁེ་ཕན་བསྐྲུན་དགོས་པ་དེ་ཡིན། དོན་དངོས་སུ་རྒྱ་ཕྱོགས་ཀྱིས་བྱས་ཆོག་པ་དེ་ལྟར་བོད་ཀྱིས་བྱས་ཆོག་གི་མེད་ཅིང་། དུས་མཚུངས་བོད་ཀྱི་མེ་ལྕེའི་སྙིང་སྟོབས་དེ་དག་ཀྱང་བཟོད་པའི་མཐར་ཐུག་གམ་འ་ཆད་འུ་ཐུག་གི་རེ་ཆད་ཁོ་ན་ལ་བརྟེན་ནས་འབྱུང་གིན་ཡོད།