མགོ་བོ་ཡར་ལ་དགྱེ་ན་གནམ་ལ་མ་རེག་དབུ་མའི་ལམ།།
རྐང་པ་མར་ལ་བརྐྱངས་ན་ས་ལ་མ་རེག་དབུ་མའི་ལམ།།
བར་སྣང་ཡངས་པོར་བར་ལྡིང་ལྷག་པ་དབུ་མའི་ལམ།།
བར་མ་དོ་རུ་བདག་པོ་མེད་པ་དབུ་མའི་ལམ།།
དབུ་མའི་ལམ་ཞེས་པ་འདི་མཐོ་མཁས་པའི་ཁ་ན་ལྷང་ལྷང་། ཆུང་བྱིས་པའི་ཁ་ནའང་འུ་རུ་རུ། བླ་སྤྲུལ་དགེ་བཤེས་ཚོས་དབུ་མའི་ལམ་གྱི་དགེ་མཚན་བརྗོད་ཅིང་བོད་མི་དད་ལྡན་ཚོས་དབུ་མའི་ལམ་གཙུག་ཏུ་བཀུར། ངས། ཨོ། དབུ་མའི་ལམ་ཟེར་བ་འདི། མ་ཎི་ཡིག་དྲུག་དང་བཛྲ་གུ་རུ་ནང་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁ་འདོན་ཞིག་མིན་ནམ་སྙམ་བྱུང་། ངས་ཀྱང་ཁ་འདོན་འདི་བཏོན་ན་བྱིན་རླབས་ཆེ་རྒྱུ་རེད་བསམ་ནས་བོད་ཕྱི་ནང་གཉིས་སུ་པར་སྐྲུན་བྱས་པའི་ཞལ་འདོན་ཕྱོགས་སྒྲིག་གི་དེབ་རྒན་ལྗིད་ཁོག་ཅན་རེ་རེའི་ནང་བཙལ་ཡང་རྙེད་མ་བྱུང་། འདི་ནི་འདོན་པ་ཞིག་དང་འདྲ་ནའང་འདོན་པ་ཞིག་མིན་པ་འདྲ།
དབུ་མའི་ལམ་ཟེར་བ་འདི་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ཟེར། ཟམ་གདོང་རིན་པོ་ཆེས་འདི་ལ་འགྲེལ་བཤད་རྒྱ་ཆེན་པོ་གནང་བ་རེད་ཟེར། མགོ་བཀའ་ཤག་ནས་སྐུ་སྒེར་ཡིག་ཚང་། ཆོས་དོན་ལས་ཁུངས། ཆོས་པ་དང་མཁས་པ་གང་མང་ཞིག་གིས་འདི་ལ་འགྲེལ་བཤད་དང་གསལ་བཤད་གནང་བ་རྫོགས་མཐའ་ཡོད་པ་མ་རེད་ཟེར། བོད་མི་ཕལ་ཆེ་བའི་བསམ་པ་འདིས་བཅངས་བསྡད་ཡོད་པ་རེད་ཟེར། ངས་འདི་འགྲེལ་བཤད་ཀྱི་ཐོག་ལ་འགྲེལ་བཤད་དང་གསལ་བཤད་བྱེད་པ་ལ་བལྟས་ན། ཕལ་ཆེར་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལྟ་བུའི་ནང་ཆོས་ཀྱི་གཞུང་མཁྲེགས་པོ་ཞིག་ཡིན་ས་རེད་བསམ་སོང་ཡང་དེ་ཡང་རེད་མི་འདུག
དབུ་མའི་ལམ་ལ་བརྒྱུད་འཛིན་དང་རྗེས་འཇུག་པ། རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་པ་རེད། དྷ་ས་ན་ད་རུང་ཚོགས་པའང་བཙུགས་ཡོད་པ་རེད་ཟེར། ངས། ཨོ། ད་དེས་ན། འདི་ཕལ་ཆེར་བཀའ་དགེ་ས་རྙིང་ལྟ་བུའི་ཆོས་ལུགས་ཀྱི་གྲུབ་མཐའ་གསར་བ་འཛིན་མཁན་གྱི་སྡེ་ཞིག་ཡིན་རྒྱུ་རེད་བསམ་སོང་ཡང་དེ་ཡང་རེད་མི་འདུག དེས་ན་འདི་ག་རེ་རེད། རང་ལ་གང་ཡོད་པ་དེ་གཞན་ལ་སྦྱིན་པ་བཏང་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་མཁན་གྱི་བྱང་ཆུབ་སེམས་དཔའི་ཚོགས་སྡེ་ཞིག་མ་ཡིན་ནམ་བསམ་བྱུང་ཡང་དེ་ཡང་རེད་མི་འདུག ང་ནོར་འདུག འདི་ཆོས་དང་འབྲེལ་བ་ཡོད་པ་ཞིག་མ་རེད་ཟེར།
ངས་མུ་མཐུད་དུ་དབུ་མའི་ལམ་ཟེར་བ་དེ་ག་རེ་ཡིན་མིན་དྲིས་པ་ཡིན། དེ་ནི་ཆབ་སྲིད་དང་འབྲེལ་བའི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་ཤིག་རེད་ཟེར། ཐབས་བྱུས་འདི་བཏོན་ནས་གནའ་ཟིག་ཡིན་མོད་འདི་ལ་ད་བར་དུ་ལག་ཡོང་གང་ཡང་བྱུང་མེད་པའི་ཐབས་བྱུས་ཤིག་རེད། དབུ་མའི་ལམ་པ་བས་ཆབ་སྲིད་ཀྱི་ཚོང་ཞིག་རྒྱག་མྱོང་འདུག རང་བཙན་ཕར་སྤྲད་ནས་རང་སྐྱོང་ཚུར་ལེན་རྒྱུ་བྱས་པས་ཕར་རང་བཙན་ཤོར་བའི་ཐོག་ཚུར་རང་སྐྱོང་གི་མིང་ཙམ་ཡང་མ་རེག་པར་ཚོང་གི་མ་རྩ་རྦད་དེ་རྡིབ་འདུག ད་ལྟ་ཚོང་ཤག་དེས་ཡ་ཁོ་རང་བྱེད་ཀྱི་ཡོད་མ་རེད་ཟེར།
ཚོང་ག་ཚོད་རྡིབ་ནའང་བོད་མི་ཚོ་འདི་ལ་དགའ་གི་རེད་ཟེར། རྒྱུ་མཚན་ནི་འདི་ནི་སངས་རྒྱས་ཀྱི་དགོངས་གཞི་ཡིན་པ་མ་ཟད་། བོད་གཞུང་གིས་སྲིད་བྱུས་འདི་ཁོ་ན་ཡང་བཤད་སྐྱར་བཤད། འདི་ཁོ་ན་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བཏང་། བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་གཉིས་ཀ་ལོགས། གཞུང་ཞབས་གྲགས་ཅན་ཚང་མ་ལོགས་ནས་དབུས་མཐའ་ཀུན་ཏུ་བསྐྱོད་ནས་ཚོགས་སྡེ་དང་མི་སྒེར་རེ་རེ་བཞིན་ཀླད་པ་གྲོད་པུའི་ནང་ལོགས་བཀྲུ་བཀྲུ་བྱས་ཏེ་གཙང་མ་གཙང་རྐྱང་བཟོས་ཡོད་པ་རེད་ཟེར།
གཞུང་གིས་མི་མང་ནང་རང་གི་སྲིད་བྱུས་ཡང་དག་པ་ཡིན་ཚུལ་དྲིལ་བསྒྲགས་རྒྱ་ཆེར་བྱེད་མཁན་དམར་པོའི་གཞུང་དང་བོད་གཞུང་མ་གཏོགས་མང་པོ་མཐོང་རྒྱུ་ཡོད་པ་མ་རེད་ཟེར། བོད་མིའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་དག་ནི། གཞུང་ཞབས་ཚོ། གྲྭ་པ་དང་གྲྭ་ལོག་ཕལ་ཆེ་བ། བོད་ཀྱི་རིག་གཞུང་ཁོ་ན་མ་གཏོགས་སྐད་གཞན་སྦྱོངས་མ་མྱོང་མཁན། མི་མང་ཡིག་རྨོངས་དག་ནི་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་ཤོས་རེད། གཞན་ཡང་མང་པོ་ཞིག་ཡོད་པ་རེད་ཟེར། དམངས་གཙོའི་རྣམ་པ་སྟོན་ཆེད། ཐེངས་གཉིས་ལ་ཚོགས་འདུ་བསྡུས་ནས་མ་འོངས་པའི་ཁ་ཕྱོགས་གང་འདེམས་ལ་བགྲོ་གླེང་གནང་བ་རེད། ཡིན་ནའང་། དེའི་ནང་གཞུང་ཞབས་པ་དང་གཞུང་ཞབས་ཟུར་པས་བརྒྱ་ཆ་མང་པོ་བཟུང་ཡོད་པ་རེད་ཟེར།
རྒྱ་ནག་ལ་མཚོན་ན། བོད་གཞུང་གིས་དབུ་མའི་ལམ་བཟུང་བསྡད་ན་རྒྱ་མིའི་གཞུང་སྒེར་གཉིས་ཀ་དགའ་བོ་ཞེ་དྲག་ཡོད་པ་རེད་ཟེར། རྒྱུ་མཚན་ནི། བོད་མི་རྣམས་རང་བཙན་ནམ་ཁ་བྲལ་གྱི་ལམ་དུ་འགྲོ་བར་དབུ་མའི་ལམ་གྱིས་ངང་འཐེན་བྱེད་ཐུབ་པས་རེད་ཟེར། ཡང་རྒྱ་གཞུང་གིས་དབུ་མའི་ལམ་ལ་ཡ་བྱེད་གི་མ་རེད། དེའི་རྒྱབ་ལོགས་སུ་ཁོང་ཚོས་རང་བཙན་གྱི་ཉེན་ཁ་མཐོང་གི་ཡོད་པ་རེད་ཟེར། གལ་སྲིད། ཉིན་ཞིག་བཙན་བྱོལ་བོད་ཀྱི་སྲིད་བྱུས་རང་བཙན་ལ་ཁ་ཕྱོགས་པའི་ཉིན་དཀར། རྒྱ་གཞུང་གིས་མི་སྣ་འབོར་ཆེན་རྒྱ་གར་ལ་བཏང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་དབུ་མའི་ལམ་གྱི་ཚོགས་པ་འཛུགས་འཇུག་གི་རེད་ཟེར། ད་ཆ་རྒྱ་མི་འགའ་རེས་ཤི་མ་ཤི་བྱས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པའང་གནད་འདི་ལ་ཐུག་པ་རེད་ཟེར།
རྒྱལ་སྤྱིའི་ཐོག་ཀྱང་། བོད་གཞུང་གིས་དབུ་མའི་ལམ་བཟུང་བསྡད་ན་དགའ་བོ་ཡོད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་གཞན་རྒྱལ་ཁབ་ཡོད་པ་རེད་ཟེར། རྒྱུ་མཚན་ནི། དབུ་མའི་ལམ་བཟུང་བསྡད་ན་རྒྱ་ནག་ནང་ཁུལ་གྱི་དོན་དག་ཅིག་ཡིན་པས། སྐབས་དང་སྐབས་སུ། རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཟེར་བ་ཙམ་དང་། རྒྱ་གཞུང་ལ་འབོད་སྐུལ་གསལ་བསྒྲགས་རེ་བྱས་ནས་སྡོད་ཆོག་པས་ཁོང་ཚོའི་ཕྲག་པ་ལ་འགན་ཞེ་དྲག་ཡོང་མི་དགོས་པས་རེད། རྒྱ་ནག་ལ་ཚོང་འབྲེལ་སོགས་བྱེད་ནའང་སྟབས་བདེ་ཡོད་པས་རེད་ཟེར།
དབུ་མའི་ལམ་ཟེར་བ། རང་སྐྱོང་ཟེར་བ། རང་བཙན་ཟེར་བ་འདི་ཚོ་ཚང་མ་གང་ཟག་སྒེར་བ་རེ་རེའི་རང་འདོད་ཀྱི་བསམ་ཚུལ་རེད་ཟེར། རྒྱལ་སྤྱིའི་ཁྲིམས་ཐོག་མི་རིགས་ཤིག་གི་མདུན་ལམ་ཐག་གཅོད་བྱེད་པའི་ཐོབ་ཐང་ནི་མི་རིགས་དེའི་རིགས་སུ་གྱུར་པ་ཚང་མ་ལ་ཡོད་པ་རེད། བོད་མི་མང་གི་མདུན་ལམ་ཐག་གཅོད་བྱེད་རྒྱུའི་དབང་ཚད་རྒྱ་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་ཀ་ལ་ཡོད་པ་མ་རེད། དེས་ན་ཁྱེད་ཚོས་ག་རེ་བྱས་ནས་ ་་རང་ཐག་རང་གཅོད་་ ཟེར་བའི་ཁྲིམས་མཐུན་གྱི་སྐད་ཆ། རྒྱལ་ཁབ་གང་ཞིག་ཡིན་ནའང་ཁས་མི་ལེན་ས་མི་འགྲོ་བ། ནུས་པ་དང་ཤུགས་རྐྱེན་ཡང་གཞན་གང་ལས་ལྷག་པ། རྒྱ་ནག་ལ་མཚོན་ནའང་ལན་འདེབས་དཀའ་བའི་བརྗོད་ཚིག་འདི་འདྲ་ཁྱེར་ནས་རང་དབང་རྩོད་ལེན་བྱེད་ཀྱི་མེད་ཟེར།
རྒྱ་གཞུང་གིས་ཡ་ཙམ་ཡང་བྱེད་ཀྱི་མེད་ནའང་ད་རུང་ཁ་གདངས་ནས་རྒྱ་གཞུང་ལ་བལྟས་སྡོད་རྒྱུ་ཡིན་ནམ། རྒྱ་གཞུང་ལ་བལྟས་སྡོད་རྒྱུ་ཙམ་ཡིན་ན་ཁྱེད་ཚོར་ཆབ་སྲིད་དང་འབྲེལ་བའི་ལས་ཀ་གང་ཡང་ཡོད་པ་མ་རེད། རྒྱ་གཞུང་གིས་ཁྱེད་ཚོ་ཁ་གདངས་གདངས་ལ་ཤི་འཇུག་གི་རེད། མི་རློམ་ན་ལྟོས་སྡོད་ཨ་ཟེར་ནས་ངས་དྲི་བ་འདྲི་སའི་ལྷ་དེ་འོད་ཀྱི་གོང་བུ་ཞིག་ཏུ་གྱུར་ནས་ནམ་མཁའི་དབྱིངས་སུ་གློག་ཞགས་འཁྱུག་པ་བཞིན་ཡལ་ནས་ཕྱིན་སོང་། ང་ནི་གང་ཡང་མི་ཤེས་པའི་བྱིས་པ་ཞིག་བཞིན་ཁོང་གི་རྗེས་སུ་ཅེར་ནས་དར་ཅིག་ཧད་དེ་ལུས་སོང་།
རང་བཙན་དགོས་ཞེས་ཡར་ལ་མ་འཁྱེར་རོགས།།
རང་སྐྱོང་དགོས་ཞེས་མར་ལ་མ་འཐེན་རོགས།།
རང་གི་ཐོབ་ཐང་རང་ཐག་རང་གཅོད་རེད།།
རང་གཞན་ཀུན་པོའི་ཁྲིམས་མཐུན་ཐོབ་ཐང་རེད།།
ང་ཡི་ཐོབ་ཐང་མ་རྐུ་བཙན་བྱོལ་གཞུང་།།
ང་ཡི་ཐོབ་ཐང་ཕྱིར་སྤྲོད་རྒྱ་ནག་གཞུང་།།
ང་ལ་རྒྱབ་སྐྱོར་གྱིས་ཤིག་རྒྱལ་སྤྱི་བ།།
ང་རང་རང་གི་ཕ་སར་འགྲོ་དགོས་ཡོད།།
མདའ་ཚན་པའི་ཚིག་སྦྱོར་གྱི་འབྲི་རྩལ་ལེགས་པོ་འདུག དེ་བཞིན་འཆར་སྣང་ཡང་མྱུར་མོ་འདུག མུ་མཐུད་དུ་ཕྲིས་ཤོག་རིགས་ཀྱི་བུ།
རང་བཙན་དགོས་ཞེས་ཡར་ལ་མ་འཁྱེར་རོགས།།
རང་སྐྱོང་དགོས་ཞེས་མར་ལ་མ་འཐེན་རོགས།།
རང་གི་ཐོབ་ཐང་རང་ཐག་རང་གཅོད་རེད།།
རང་གཞན་ཀུན་པོའི་ཁྲིམས་མཐུན་ཐོབ་ཐང་རེད།།
ང་ཡི་ཐོབ་ཐང་མ་རྐུ་བཙན་བྱོལ་གཞུང་།།
ང་ཡི་ཐོབ་ཐང་ཕྱིར་སྤྲོད་རྒྱ་ནག་གཞུང་།།
ང་ལ་རྒྱབ་སྐྱོར་གྱིས་ཤིག་རྒྱལ་སྤྱི་བ།།
ང་རང་རང་གི་ཕ་སར་འགྲོ་དགོས་ཡོད།།
རྩིམ་ཡིག་གི་འབྲི་རྩལ་ལེགས་ཤིང། སྡེབ་སྦྱོར་གྱི་འགྲོས་ཀྱང་སྙན་། ཡིན་ནའང་བརྗོད་བྱ་ནང་དོན་གྱི་ཆ་ནས་ཅི་ཡང་མི་འདུག ངས་ཁྱེད་ག་འདྲ་ཞིག་ཡིན་པར་ཚོད་དཔག་ཐུབ་ཀྱི་འདུག ཁྱེད་ནི་བོད་ཡིག་དང་དབྱིན་ཡིག་ཏོག་ཙམ་ཤེས་ཤིང་། འཛམ་གླིང་ཡོངས་རྫོགས་མགོ་བོ་ཚོད་མདོག་བྱེད་མཁན་ཞིག་རེད་འདུག ཁག་མེད། གཉིད་ལས་ཡར་ལོངས་ཤིག འཛམ་གླིང་ནི་ཁྱེད་ཀྱི་རྒྱུན་དུ་བསམ་པ་ཞིག་མིན་པར། དེ་ལས་ཆེས་རྒྱ་ཆེ་བ་ཞིག་རེད།
དབུ་མ་སྟོང་ཉིད་དུ་འདོད་ལ་དབུ་མའི་ལམ་ནི་ཉིན་མོའི་སྐར་མ་འདྲའོ་། དེ་ཡང་དགའ་ལྡན་ཕོ་བྲང་བསྡུ་དགོས་བྱུང་བའི་གཞི་གཅིག་ཡིན་པར་འདོད།
ང་ཡི་ཐོབ་ཐང་ཕྱིར་སྤྲོད་རྒྱ་ནག་གཞུང་ཞེས་པའི་ཐོབ་ཐང་འདིར་རང་བཙན་མ་གཏོགས་ག་རེ་ཡོད་དམ། ཕ་ས་རང་བདག་དགོས་ན་རང་བཙན་མ་གཏོགས་ག་རེ་ཡོད། རང་ཐག་རང་གཅོད་ཀྱི་སྒྲུབ་བྱ་རང་བཙན་མིན་ན་ག་རེ་ཡོད་དམ།
ཡག་པོ་གསུངས་འདུག
དགའ་ལྡན་ཕོ་བྲང་གི་སྲིད་དབང་མ་བསྡུས་བར་དུ་སྐུ་དྲག་དང་སྐུ་དྲག་གི་རྒྱུད་མགོ་བདེ་དེ་ཚོས་ལག་པ་ཕྱི་ས་༧གོང་ས་མཆོག་བྱས་པ་རེད། ད་ལྟ་༧གོང་ས་མཆོག་གིས་སྐུ་དབང་མི་དབང་ལ་གནང་སྟེ་ཁོང་གིས་སྐྱོང་བའི་ངགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་བསྡུས་ཚར་དུས། ཡང་མགོ་བདེ་དེ་ཚོས་ལག་ཕྱི་ས་གསར་བ་བཙལ་ཏེ་དབུ་མའི་ལམ་རྙེད་པ་རེད། དབུ་མའི་ལམ་ཁ་ལ་ཁྱེར་ཏེ་མི་མང་ལ་དྲིལ་སྒྲོག་བྱས། དྲིལ་སྒྲོག་དེ་ཡང་མགོ་བདེ་ཁྲབ་སྟེ་བྱེད་ཀྱིན་འདུག དྲིལ་སྒྲོག་དེའི་མགོ་མཇུག་བར་གསུམ་དུ་༧གོང་ས་མཆོག་གླེང་གི་ཡོད། ༧གོང་ས་མཆོག་གླེང་བ་དེ་ཡང་གཞན་མ་རེད་སོ་སོའི་ལག་པ་ཕྱི་སའི་ཆེད་དུ་རེད། ཁོང་ཚོས་དྲིལ་སྒྲོག་བྱེད་སྐབས་དང་པོར། དབུ་མའི་ལམ་འདི་༧གོང་ས་མཆོག་གི་དགོངས་གཞི་རེད་ཟེར་གྱིན་ཡོད། བྱས་ཙང་། མི་མང་གི་ངོ་ནས་དགག་གཞག་བྱ་རྒྱུའི་སྤོབས་པ་མེད་པ་ཆགས་ཀྱི་ཡོད། དེ་ནི་མི་མང་གིས་རང་གི་རྩ་བའི་བླ་མའི་བཀའ་དང་འགལ་ཐུབ་ཀྱི་མེད་ལ་བླ་མས་ཅི་གསུངས་ཆོས་སུ་ལྟ་བས་རེད། གནས་ལུགས་འདི་མགོ་བདེ་འདི་ཚོས་སྔར་ནས་རྟོགས་ཡོད་པ་རེད་ལ།
ཧཧ།སོག་རྒན་མདའ་ཚན་པས་དཔའ་བོའི་ཡ་ཐོད་དགྲར་ངོམ་རྒྱུའི་ཚབ་ཏུ་གླེན་པའི་ཁུ་ཚུར་ཨ་མ་ལ་ངོམ་འདུག
༧གོང་ས་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་བཞེས་དང་རླབས་ཆེན་གྱི་མཛད་འཕྲིན་མེད་ན་བོད་མིའི་འཐབ་རྩོད་ཀྱི་སྙིང་སྟོབས་ལྷག་མེད་གྱུར་པ་མཐོང་ཆོས་མྱོང་གྱུར་ཡིན།དེ་བས་༧གོང་ས་སྐྱབས་མགོན་ཆེན་པོར་གཞི་མེད་སྐྱོན་འཛུགས་ཀྱི་བཟོ་དང་ཁོང་གི་དབུ་མའི་ལམ་ལ་ཟུར་ཟ་སོགས་བྱས་ཏེ།ཧ་ལམ་བཙན་བྱོལ་བོད་གཞུང་དང་༧གོང་ས་ཆེན་པོས་བོད་ཀྱི་ཐོབ་དབང་ཡོད་ཚད་འཕྲོག་ཏེ་བོད་ནང་དམྱལ་བ་མི་ཡུལ་འཕོས་པ་ལྟ་བུ་ཞིག་བྱས་བཟོ་བསྟན་འདུག་པ་ནི།སོག་རྒན་ཁྱོད་དེ་སྔ་བཙན་བྱོལ་གཞུང་དང་༧སྐྱབས་མགོན་རིན་པ་ཆེས་སྔ་དྲོ་རྟ་ཕོ་གཟན་གྱིས་གསོས་པར།ཁྱོས་ཕྱི་དྲོ་དྲིན་ལན་འཁྲ་ཀིས་འཇལ་བཞིན་པ་ཨེ་ཡིན།
རང་བཙན་དང་རང་སྐྱོང་།རང་ཐག་རང་གཅོད་སོགས་གང་རྩོད་པར་ངོས་རང་སྒེར་ནས་ཁྱད་པར་གང་ཡང་མེད་པར་གང་སྔོན་ལ་འཐོབ་ན་དེ་ལེན་རྒྱུ་ཡིན།མི་འཐོབ་རྒྱུ་ནམ་མཁའི་མེ་ཏོག་ལྟ་བུ་དེ་སེམས་ཚོར་ཙམ་གྱི་རྗེས་སུ་མི་འབྲངས་པར་གཡུག་རྒྱུ་ཡིན།
འོན་ཀྱང་།དེང་བོད་ནང་གནས་ཚུལ་ཛ་དྲག་དང་བོད་མི་ཀུན་༧གོང་ས་མཆོག་ལ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱི་སྐབས་འདིར།སྤྱི་ཚོགས་ནང་དཀྲོག་རྐྱེན་སྣ་ཚོགས་བསླངས་ཏེ་༧གོང་ས་མཆོག་ལ་དད་ལོག་དང་རང་གཞུང་གི་སྲིད་ཇུས་ཐོག་ལོག་མཐོང་སླེབས་བཅུག་ན།རྒྱ་མི་གུང་བྲན་ལ་དགོས་པ་དེ་ཏག་ཏག་འགྲུབ་རེད།
གནས་སྐབས་དེ་ཙམ་ཡིན།
དབུ་མའི་ལམ་ཟེར་བ་དེ། ངོ་མ་བཤད་ན་ངོ་གཉིས་མའི་ལམ་རང་འདུག ལམ་འདི་དེད་ནས་ཡར་སོང་ན་རང་བཙན་ལ་སླེབས་ངེས་ལ་མར་སོང་ན་རྒྱ་ནག་ནང་དུ་ནུབ་སྲིད་པ་ཡིན། གང་ལྟར་ལམ་འདིའི་མཐར་ཐུག་ན་ཉེན་ཁ་ཆེན་པོ་གཉིས་འདུག དོན་དག་བཟང་ངན་གཉིས་ཡོད། ལམ་འདི་ལ་རྒྱ་ནག་གིས་ཁས་གང་ནས་ལེན། ངས་ཡང་ཁས་ལེན་ཁག་པོ་འདུག
དབུ་མའི་ལམ་ཟེར་བ་དེ་ཐར་པ་དོན་གཉེར་གྱི་ལམ་ཡང་དག་པ་ཞིག་ཡིན་ནི་རེད་ཟེར།
མདའ་ཚན་པའི་རྩོམ་དེ་གདིང་གི་གོ་རྒྱུ་ཆེན་པོ་འདུག་ཟེར།
ཚང་མས་བྲག་ཞོགས་སྤེན་ལ་གཟབ། ཁོ་ནི་རྒྱ་ནག་གི་གསང་མྱུལ་བ་རེད། གོང་ས་མཆོག་ལ་དད་གུས་ཡོད་ཁུལ་གྱིས་སོག་པོ་ཟེར་ནས་མདའ་མཚན་མི་མང་ལ་ཕོག་ཐུག་བཏང་། བོད་མི་ནང་ཁུལ་དུ་དཀྲུགས་ཤིང་བཟོས། མདའ་མཚན་པས་བོད་དོན་གྱི་རྩོམ་
ཡིག་འབྲི་ནི་བོད་མིའི་བླ་སྲོག་དང་ཁོང་གི་རྩོམ་ཡིག་ནི་བོད་མིས་མཛེས་རྒྱན་དང་། བོད་དོན་ལ་ལྷག་བསམ་བཅང་བ་ནི་དུང་ལས་དཀར། སྒེར་གྱི་ཞེ་འཁོན་ཡོད་ན་གཞུང་དོན་དང་ལུང་མཚན་ལ་འཁྱེར་ནས་སོག་རྒན་ཟེར་ནས་དམོད། མདའ་མཚན་མི་མང་གིས་བོད་དོན་ལ་ཕུལ་བའི་ལེགས་སྐྱེས་ནི་བོད་མང་པོ་ལས་མངོན་དུ་ཐོན་ཡོད། ལུང་ཚན་ཕྱོགས་རིས་ཀྱི་སྐད་ཆ་བཤད། མདའ་ཚན་ནི་བོད་ཀྱི་ཁ་ཤས་ཆེའ་གལ ཆེན་ཞིག་ཡིན།
ང་ཚོ་རང་དབང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཞིག་ཡིན་པས་ཆ་ནས། འཐབ་རྩོད་བྱེད་ཕྱོགས་ཀྱི་ཐབ་ལམ་འདྲ་མིན་དགོས་གི་རེད། དབུ་མའི་ལམ་གྱི་ལྟ་བ་དང་རང་བཙན་གྱི་ལྟ་བ་གཉིས་ཆ་དགོས་གི་རེད། སོ་སོས་རང་དབང་གི་ལྟ་བ་རེད་གང་འདམས་ཡང་འདོད་པ་རེད། གཅིག་འདེམས་ནས་གཅིག་ལ་སྐྱོན་བརྗོད་བྱེད་དགོས་དོན་མེད་ལ་དེ་མི་བྱེད་ཀྱི་ཡང་གལ་ཆེན་པོ་ཡིན། ང་ཚོས་འཐབ་རྩོད་བྱེད་སའི་བསམ་བློ་གཏོང་སྟངས་ལ་བལྟ་དགོ་བ་རེད། ང་ཚོས་ཕྱོགས་གཅིག་ལ་བསམ་བློ་བཏང་བསྡད་ན་རྒྱ་གཞུང་གིས་བཤད་སྡད་པ་བོད་པས་རེ་བ་རྒྱག་ས་དེ་་གོང་ས་མཆོག་རེད། ཁོང་གི་རྗེས་ནས་ཚར་འགྲོ་གི་རེད་ཟེར་བ་དེ་ཡང་བདེན་པ་ཆགས་་པ་འདྲ། ང་ཚོས་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་ཀྱི་རེད་བསམ་ཡོད།
ལུང་ཚན་ཕྱོགས་རིས་སྐད་ཆ་མ་བཤད། ཐུགས་རྗེ་ཆེ། དེ་ལྟར་གྱུར་ན་རྒྱ་མིའི་མངོད་འདོད་རེ་ལ། བོད་ལ་རེ་དཀའ། མདའ་ཚན་པ་བོད་པ་མ་རེད་སོག་པོ་རེད། མི་ཉག་པ་བོད་པ་མ་རེད་མི་ཉག་རེད། རེབ་གོང་དང་གཙང་ཁ་བོད་པ་མ་རེད་སུམ་པ་རེད། རྒྱ་རོང་པ་བོད་པ་མ་རེད་ཆང་རིགས་རེད། མངའ་རིས་པ་བོད་པ་མ་རེད་ཞང་ཞུང་པ་རེད། ཡོ་ནན་པ་བོད་རིགས་མ་རེད་འཇང་རིགས་རེད་སོགས་གླེང་ཚེ་བོད་ཅེས་བ་འདི་ཆུང་ནས་ཆུང་དུ་འགྲོ་ཞིང་། མཐའ་ཡར་ལུང་གཙང་བོའི་འགྲམ་གྱི་ལྷོ་ཁའམ། དེའི་ནང་ནས་བོད་ཁ་ཡག་དྲུག་ཙམ་ལ་གོ་བས་བོད་འདི་གཞི་འཛིན་ས་མེད་ཅིང་བརླགས་ངེས་རེད། བྲག་ཞོགས་སྤན་པ་ལགས། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་ཆེད་མིན་ན་དེ་ལྟར་ལུང་ཚན་གྱི་སྐད་ཆ་མ་གསུངས་རོགས།
མདའ་ཚན་པའི་རྩོམ་ཡིག་ལ་མི་མོས་ན་རིག་པས་རྩོམ་ཡིག་གི་ནང་དོན་ལ་དགག་དང་། དེ་ལྟར་བྱས་ན་ཨ་མིའི་བུ་རེད། དེ་ལྟར་བྱེད་མི་ཐུབ་པ་ཁ་སྣ་དང་ལུང་ཚན་ལ་དམོད་ན་་རྒན་རྒོན་གྱི་སྐད་ཆ་ལས་ཡིད་རྟོན་བྱེད་མཁན་ག་ལ་ཡོད། དོན་དངོས་ཀྱི་བོད་ནང་ཁུལ་ལ་དཀྲུགས་ཤིང་བཏང་བ་རེད།
ནོར་བཅོས།
བྲག་ཞོལ་སྤེན་པ་ལགས།
ལུང་ཚན་ཕྱོགས་རིས་སྐད་ཆ་མ་བཤད། ཐུགས་རྗེ་ཆེ། དེ་ལྟར་གྱུར་ན་རྒྱ་མིའི་མངོན་འདོད་རེ་དལ། བོད་ལ་རེ་བ་དཀའ། མདའ་ཚན་པ་བོད་པ་མ་རེད་སོག་པོ་རེད། མི་ཉག་པ་བོད་པ་མ་རེད་མི་ཉག་པ་རེད། རེབ་གོང་དང་གཙང་ཁ་བོད་པ་མ་རེད་སུམ་པ་རེད། རྒྱ་རོང་པ་བོད་པ་མ་རེད་ཆང་རིགས་རེད། མངའ་རིས་པ་བོད་པ་མ་རེད་ཞང་ཞུང་པ་རེད། ཡོ་ནན་པ་བོད་རིགས་མ་རེད་འཇང་རིགས་རེད་སོགས་གླེང་དགོས་ཆགས་ནས་བོད་ཅེས་བ་འདི་ཆུང་ནས་ཆུང་དུ་འགྲོ་ཞིང་། མཐའ་ཡར་ལུང་གཙང་བོའི་འགྲམ་གྱི་ལྷོ་ཁའམ། དེའི་ནང་ནས་བོད་ཁ་ཡག་དྲུག་ཙམ་ལ་གོ་བས་བོད་འདི་གཞི་འཛིན་ས་མེད་ཅིང་བརླགས་ངེས་རེད། བྲག་ཞོགས་སྤན་པ་ལགས། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་ཆེད་མིན་ན་དེ་ལྟར་ལུང་ཚན་གྱི་སྐད་ཆ་མ་གསུངས་རོགས། དེ་སྔོན་རྒྱ་བོད་སློབ་མའི་བར་དུ་འཁྲུག་འཛིང་བྱུང་སྐབས་ཉིད་ཀྱིས་དེ་ནི་རྒྱུན་ལྡན་ཞིག་ཡིན་ཞིང་དེ་སྔོན་མི་ཉུང་བ་ཞིག་བྱུང་ཟིན་པས་དོགས་སྣང་བྱེད་མི་དགོས་ཚུལ་གླེང་། ད་ལྟ་ལ་རྒྱལ་ཅན་གྱི་རིག་པའི་དཔའ་བོ་མདའ་ཚན་པ་ལ་དམོད་ནས་སོག་རྒན་ཟེར། དེ་ནི་དོགས་གཞི་ཅན་གྱི་སྐད་ཆ་རེད། སྐད་ཆ་དེའི་རྒྱབ་ལྗོངས་བཙལ་ན་རྙེད་རྒྱུ་ཡོད་པའི་དོགས་པ་ཟ་ཡང་དེ་ལྟར་མིན་པའི་སྨོན་ལམ་ཡོད། མདའ་ཚན་པ་ནི་བོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། ལ་རྒྱའི་འབྱུང་ཁུངས་ཀྱི་ཡུལ་གྲུ་གལ་ཆེན་ཞིག་ཡིན། བོད་དོན་ཆེད་མདའ་ཚན་པ་མི་ཉུང་བ་ཞིག་རྒྱ་མིའི་གཙོན་དུ་ཚུད་པ་ཀུན་གྱིས་ཤེས་གསལ་རེད། ལ་རྒྱ་ཅན་གྱི་གཙོན་ཟུར་གྲགས་ཅན་བོད་ཀྱི་བཀྲ་ཤིས་དོན་འགྲུབ་ཀྱང་ཡུལ་ལུང་དེ་ནས་རེད།
མདའ་ཚན་པའི་རྩོམ་ཡིག་ལ་མི་མོས་ན་རིག་པས་རྩོམ་ཡིག་གི་ནང་དོན་ལ་དགག་དང་། དེ་ལྟར་བྱས་ན་ཨ་མིའི་བུ་རེད། དེ་ལྟར་བྱེད་མི་ཐུབ་པ་ཁ་སྣ་དང་ལུང་ཚན་ལ་དམོད་ན་་རྒན་རྒོན་གྱི་སྐད་ཆ་ལས་ཡིད་རྟོན་བྱེད་མཁན་ག་ལ་ཡོད། དོན་དངོས་ཀྱི་བོད་ནང་ཁུལ་ལ་དཀྲུགས་ཤིང་བཏང་བ་རེད།
ཡ་བཀྲ་ཤིས་བདེ་ལེགས། འདིར་ཕེབས་ཀྱི་སྐུ་མགྲོན་རྣམ་པ། སྐུ་བདེ་བར་བཞུགས་ལ་གསུང་ལྷོད་ལྷོད་གནང་།
འབྲི་རྩལ་དང་སྡེབ་སྦྱོར་ལེགས་པར་བསྟོད་བསྔགས་གནང་བ་དགའ་ནི་ཡིན། ཡིན་ནའང་གཙོ་བོ་བརྗོད་བྱ་རེད། བརྗོད་བྱའི་སྟེང་བགྲོ་གླེང་བྱས་ན་དགེ་ཕན་ཆེ་བར་མཐོང་། ང་ཚོས་ད་བར་བོད་གྱི་རྩ་དོན་གང་འཛིན་གླེང་ཡོང་པ་རེད། ད་ཆ་ད་རུང་རྩ་དོན་མི་མཐུན་པ་ཞིག་གླེང་ཡོང་ན་ངོ་མ་མི་ཚང་མ་ཉོབ་དགོས་པའི་དུས་ཚོད་ལ་ཐུག་ཡོད་པ་རེད། ཡིན་ནའང་། རྩ་དོན་ཐོག་བགྲོ་གླེང་ག་ཚོད་མང་བ་གནང་ན་དེ་ལ་དགེ་མཚན་ཡོད་པར་མཐོང་།
ད་འདིར་སྐད་ཆ་ཉུང་ཉུང་ཞིག་བཤད། ༧རྒྱལ་བ་རིན་པོ་ཆེས། གྲོས་འཆར་དོན་ཚན་ལྔའི་མཇུག་མ་ཡིན་ནམ། དེར་མཐའ་མཇུག་གི་ཐག་གཅོད་མིང་མང་ལ་ཡོད་གསུངས་ཡོད་པ་རེད། དེ་ནི་ངོ་མ་མི་མང་གི་ཁྲིམས་མཐུན་ཐོབ་ཐང་དེ་རྩ་ཆེན་པོ་དང་སུ་གང་གིས་དེ་ལ་རྡོག་རོལ་གཏོང་མི་ཆོག་པ་བསྟན་ཡོད་པ་རེད། ངས་བལྟས་ན། ད་ཆ་ཕྱི་ནང་གི་གནས་ཚུལ་གང་ལ་བལྟས་ཀྱང་མཐའ་མཇུག་གི་ཐག་གཅོད་ཟེར་བ་དེའི་མགོ་རྩོམ་རན་འདུག
མཐའ་མཇུག་གི་ཐག་གཅོད་ཟེར་བ་དེ། བོད་མི་རྣམས་ཀྱིས་རང་གི་མདུན་ལམ་རང་གིས་ཐག་གཅོད་རྒྱུ་དེ་རེད། སྔོན་མ་བོད་མི་མང་གི་མདུན་ལམ་དེ་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་པའི་བོད་གཞུང་གིས་ཁུར་འགྲོ་གི་ཡོད་པ་རེད། ད་ད་ཆ་བོད་ཀྱི་དབུ་ཁྲིད་བཀའ་ཁྲི་སུ་འདེམས་མིན་མི་མང་གི་ལག་པར་བཞག་ནས་སྲིད་བྱུས་ཁ་གསལ་འགྲོ་བདེ་ཆགས་ཡོད་པ་བཞིན་བོད་ཀྱི་མདུན་ལམ་གང་འདེམས་རྒྱུ་དེའང་མི་མང་རང་གི་མདུན་དུ་བཞག་པ་ཡིན་ན་རྩ་དོན་གང་ཞིག་དགོས་མིན་རྩོད་གླེང་མི་དགོས་པར་མི་མང་གིས་ཐག་གཅོད་གི་རེད། རང་ཐག་རང་གཅོད་ཟེར་དུས། དེས་རང་བཙན་བློས་བཏང་ཡོད་པ་མ་རེད་ལ་ཚད་མཐོའི་རང་སྐྱོང་ཡང་བློས་བཏང་ཡོད་པ་མ་རེད། ད་རུང་གཞན་པའི་གདམ་ག་ཡང་ནང་དུ་འཇུག་ཆོག་གི་རེད། ང་ཚོས་ཕྱི་ལོགས་སུ་ཅིག་ཅིག་ཉིག་ཉིག་ཟེར་ནས་ལུགས་མང་པོ་ཞིག་བཟུང་བསྡད་པ་དེར་གཞི་འཛིན་ས་གང་ཡང་ཡོད་མ་རེད། ངས་དེ་ལྟར་བསམ་གི་འདུག ༧རྒྱལ་བ་རིན་པོ་ཆེ་ལ་མཚོན་ནའང་མཐར་ཐུག་གི་དགོངས་གཞི་ནི། མཐའ་མཇུག་གི་ཐག་གཅོད་ཐོབ་ཐང་མི་མང་ལ་ཡོད་པར་བསྟན་པ་ལྟར་རེད།
ཡ་ད་ལུང་ཚན་ཅིག་ཅིག་ཉིག་ཉིག་ཟེར་མཁན་ཚོར་སྐད་ཆ་མང་པོ་བཤད་རྒྱུ་ཡོད་མོད།གནས་སྐབས་བརྗོད་གཞི་དང་འབྲེལ་མེད་པས་བཏང་སྙོམས་སུ་བཞག་ཤོག།༧གོང་ས་མཆོག་ནས་བོད་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་མ་སྤྲད་པ་དེ་འདྲ་ཅི་གང་མ་རེད།༧གོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གསུངས་པ་ནས་བཙན་བྱོལ་ནང་མི་མང་ཁྲོད་འོས་འདེམས་སྐབས་བརྒྱ་ཆ་དྲུག་ཅུ་ལྷག་གིས་རྒྱབ་སྐྱོར་གནང་ཡོད་ཅིང་།བོད་མི་མང་སྤྱི་འཐུས་ལྷན་འཚོགས་ནས་སྤྱི་མོས་གཏན་འབེབས་གནང་ཡོད།དེ་རྗེས་ཡང་བོད་ཕྱི་ནང་གཉིས་ཀར་བསམ་ཚུལ་བསྡུ་ལེན་སྐབས་བོད་ནང་གི་བོད་མི་ཁྲི་བདུན་ཙམ་གྱི་བསམ་ཚུལ་བྱུང་སྟེ་དབུ་ལམ་ལ་ཚད་མཐོའི་རྒྱབ་སྐྱོར་བྱུང་ཡོད།
བར་ལམ་སྤྱི་ལོ་༢༠༠༨ལོར་བོད་ཁམས་ཡོངས་སུ་ཚབ་ཆེའི་ཞི་རྒོལ་བྱུང་སྐབས་༧གོང་ས་ཆེན་པོར་རྒྱ་གར་སོགས་འཛམ་གླིང་གི་གཞུང་མང་པོ་ཅིག་གིས་གལ་ཏེ་རང་བཙན་གྱི་ལམ་དུ་སོང་ན།རྒྱབ་སྐྱོར་བྱེད་མི་ཐུབ་པ་དང་ཧ་ལམ་རྒྱ་གར་ནང་བོད་མི་གནས་བཅུག་རྒྱུ་ལའང་དཀའ་ངལ་འཕྲད་རྒྱུ་ཡིན་པ་མངོན་གསལ་མིན་པའི་ཉེན་བརྡ་གནོན་ཤུགས་བྱུང་མིན་ལ་མ་ལྟོས་པར།བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་དམིགས་བསལ་འཚོགས་ཆེན་བསྐོང་དགོས་ཀྱི་བཀའ་ཕེབས་ཏེ་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མིའི་སྐུ་ཚབ་འཛོམས་པའི་ཐག་གཅོད་དབུ་ལམ་སྟེང་བབས་ཡོད།
དེ་འདྲ་ལ་མ་ལྟོས་པར་ད་དུང་ཡང་༧གོང་ས་ཆེན་པོས་ཉེ་ལམ་རང་NDTVགསར་ལམ་དུ་ང་ཚོ་ཕྱི་ན་ཡོད་མཁན་ཚོར་བོད་ནང་གི་བོད་མི་ཚོར་འདི་བྱོས་དང་དེ་མ་བྱེད་ཟེར་རྒྱུའི་ཐོབ་ཐང་མེད།བོད་ཀྱི་ཐག་གཅོད་ཆ་ཚང་གི་དབང་ཚད་བོད་ནང་གི་བོད་མི་ལ་ཡོད་ཅེས་གསུངས་ཡོད་པས།རང་ཐག་རང་གཅོད་གང་ནས་ནག་བསིབ་བཏང་འདུག
ལར་ད་ཆ་ང་ཚོས་བསམ་ཚུལ་གང་མང་དགོས་པ་སོགས་བཤད་བསྡད་ན་གཡག་རྭ་སྒྱེ་ནང་དུ་བླུགས་པ་ལྟ་བུ་ཛ་དྲག་གི་གནས་སྐབས་སུ་ནུས་པ་ཅི་གང་འདོན་ཐུབ་ཀི་མ་རེད།དེ་ལས་འཐབ་ཕྱོགས་གཅིག་གྱུར་དང་མང་མོས་ཐག་གཅོད་ཐོག་རྡོག་སྒྲིལ་རྒྱུ་གལ་ཆེན་རེད།
བཟང་གི རིག་པ་གསར་བ་རེད། ད་ནས་བཟུང་འུ་ཅག་གིས་ཁ་ནས་རང་ཐག་རང་གཅོད། ཅེས་ན་ཆོག་མོད། དབུ་མའི་ལམ་མིན་པའི་ལམ་ཞིག་དགོས་ཤིང། དེ་ནི་རང བཙན་ནམ། ཡང ན་་་་་་་
དབུ་མ་ཟེར་ན་དཀྱིལ་མར་ཟེར། །
ལམ་གྱི་དཀྱིལ་དུ་འགྲོ་བ་ལ། །
དབུས་མ་པ་ཞེས་བརྗོད་པ་ལྟར། །
རྒྱ་བོད་དབུ་མའི་ལམ་ལ་རྒྱུགས། །
མི་དམངས་ཀྱི་རེ་འདུན་ངོ་མ་དེ་བདེ་སྐྱིད་ཅེས་པ་ལས་གཞན་ཅི་ཡང་མིན། གཞན་ཅི་ཡང་མི་དགོས། མི་ཚང་མ་འདྲ་མཉམ་དང། མི་ཚང་མར་རང་དབང། དེ་བཞིན་མི་རིགས་ཚང་མ་འདྲ་མཉམ་དང་རང་དབང་གིས་བདེ་བར་འཚོ་གནས་ཐུབ་ན་དེ་གས་འཇིག་རྟེན་གྱི་བདེ་སྐྱིད་ཅེས་པ་ཚང་ཡོད་སྙམ། དེ་མི་ཡོང་བའི་རྒྱུ་མཚན་དང་དེ་ཡོང་བའི་ཐབས་ལམ་འདི་གཉིས་ནི་མིའི་རྣམ་དཔྱོད་ཀྱིས་འཚོལ་ཐུབ་ངེས་ཤིག་རེད། འོན་ཀྱང་སྒྲུབ་ཐུབ་པའི་ངེས་པ་མེད། དེས་ན་དབུ་མའི་ལམ་ཟེར་བ་དེ་རྣམ་དཔྱོད་དེས་བཙལ་བའི་ཐབས་ལམ་དེ་རེད།
སྤྱིར་ན་མི་དང་མི་རིགས་ལ་རང་དབང་གི་གདམ་ག་དེ་རྒྱ་ནག་ནང་ལ་གཏན་ནས་སྤྲོད་ཀྱིན་མེད་པ་རེད། ཐ་ན་གཡུ་སྒང་རྫོང་ཁོ་ནར་མཚོན་ན་ཡང་མི་དམངས་ཀྱིས་རང་རྫོང་དཔོན་ཙམ་ཡང་འདེམས་ཐུབ་ཀྱིན་མེད། གལ་ཏེ་གདམ་གའི་རང་དབང་ཡོད་ན་དེ་སྔོན་ཞིག་ནས་རང་ཐག་རང་གིས་བཅད་ནས་རང་གི་ལམ་ལ་ཚང་མ་བུད་སོང་ཡོད་པ་རེད། དེ་མེད་པས་རང་སྲོག་གི་མཆོད་མེ་ཡང་སྦོར་བཞིན་པ་འདི་རེད།
ད་ལྟ་ང་ཚོས་རང་བཙན་དང་རང་དབང། རང་ཐག་རང་གཅོད་སོགས་གང་ཞིག་གླེང་ཡང་ང་ཚོས་སྒྲུབ་ཐུབ་པ་ནི་དྲིལ་བསྒྲགས་དང་སེམས་ཤུགས་སྤར་ནས་ངོ་རྒོལ་གྱི་ལས་འགུལ་འདི་མཚམས་འཆད་མི་འཇུག་པ་དེ་ཙམ་རེད། དེ་བས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་ན་དམངས་གཙོ་དགོས། དེ་དགོས་ན་རྒྱ་གཞུང་མགོ་རྟིང་སློག་དགོས། ཏང་ཚབ་དམངས་ཀྱིས་བྱེད་དགོས། ད་གཟོད་ཚང་མར་རེ་བ་ཞིག་ཡོད་པ་རེད། འོན་ཀྱང་མཇུག་འབྲས་དེ་སུས་ཀྱང་ཐག་གཅོད་མི་ཐུབ།
གལ་ཏེ་གནས་བབ་དེའདྲ་ཞིག་ལ་འགྱུར་ཉེན་དེ་རྒྱ་གཞུང་གིས་གསལ་བོར་མཐོང་དུས་ཁོ་ཚོས་ཀྱང་ཉེན་ཁ་ཆེན་པོ་ལས་སྐྱོབ་ཐབས་ཀྱི་སྟ་གོན་འཆར་གཞི་སྟེ། མི་རིགས་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུར་ཚོད་དཔག་བྱེད་ཆོག་པ་ཞིག་རེད། དེས་ན་དབུ་མའི་ལམ་གྱི་དམག་འཐབ་དངོས་གཞི་དེ་ཡང་དེ་དུས་ཡོང་རྒྱུ་ཞིག་རེད་མ་གཏོགས། རྒྱུ་རྐྱེན་ཕུན་ཚོགས་མ་ཚང་བར་ལས་སླ་བོར་རྒྱ་བོད་ཞི་མོལ་གྱིས་དབུ་མའི་ལམ་གྱི་འབྲས་བུ་སྨིན་པར་འདོད་པ་དག་ནི་བྱིས་པའི་རེ་འཆར་ཙམ་མོ།
དེ་བས་བདག་གིས་ཆོལ་གསུམ་ཆིག་སྒྲིལ་ལས་བརྒལ་ནས་གྲངས་ཉུང་མི་རིགས་ཚང་མ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡོད་ཚད་དང་ཁུ་ཚུར་གཅིག་བྱས་ཏེ་ཏང་སྲིད་འཇིག་པར་ནུས་པ་གང་ཐོན་བྱེད་རྒྱུ་གལ་ཆེར་མཐོང་གིན་ཡོད།
དགོད་བྲོ་བའི་གཏམ་དེ་དག་གིས་ང་ལ་བསུན་སྣང་སྟེར་ཀི ཆེས་དགོད་བྲོ་བ་ཞིག་ནི་རང་བཙན་གཞན་ལ་ཕུལ་དེ་རང་སྐྱོང་སློང་ཟེར་བ་དེ་ཡིན། ངས་བོད་ཀྱི་ལོ་རྒྱུས་མི་ཉུང་ཞིག་ཀློག་མྱོང་ལ་བོད་ཀྱི་གནས་སྟངས་ལ་དོ་སྣང་གང་ཐུབ་སྤྲད་མོད། འོན་ཀྱང་། བོད་གཞུང་དེ་འདྲའི་གཏོང་ཕོད་ཅིག་ཡིན་པ་ཡེ་ནས་མ་ཚོར། ང་ཇི་འདྲའི་གླེན་པ་ལ་ཨང་་་་
ད་དུང་ངས་ཤེས་གསལ་ལྟར་ན་དབུ་མའི་ལམ་ནི་མང་མོས་ཀྱིས་ཐག་གཅད་པ་ཞིག་ལས་གྲ་རྒན་བླ་རྒན་དང་ཞུང་ཞབས་དང་ཡིག་རྨོངས་པ་འགས་ཐག་བཅད་པ་དེ་རིང་མ་གཏོགས་མ་ཤེས།
ཁ་ཤས་ཞིག་གིས་རྩོམ་འདིའི་གཏིང་རིམ་ལ་འཛུལ་ཐུབ་ཀྱི་མེད་པ་འདྲ། ངས་གོ་བ་ལེན་སྟངས་ནི་རྒན་མདའ་ཚན་པ་ལགས་ཀྱིས་དབུ་མའི་ལམ་ལ་མི་མང་གིས་རྒྱབ་སྐྱོར་མི་འདུག་ཟེར་གི་མི་འདུག་བསམ། རང་ཚིགས་ཀྱིས་བསམ་བློ་མ་བཏངས་པའི་རྒྱབ་སྐྱོར་ཡོད་ད་ཡོད། ཡིན་ནའང། དབུ་མའི་ལམ་གྱི་སྐོར་ལ་གཞན་གྱི་ཟེར་སྒྲོས་ལ་མ་ཉན་པར་རང་ཉིད་ཀྱི་རྣམ་དཔྱོད་རང་གིས་བེད་སྤྱད་བྱས་ནས་ཞིབ་དཔྱོད་བྱེད་ཐུབ་ཡོད་དམ། མི་མང་ལ་རང་བཙན། རང་ཐག་རང་གཅོད། དབུ་མའི་ལམ་སོགས་ཀྱི་གདམ་ཀ་སྤྲད་ཡོད་པས་དབང་དུ་བཏང་ནའང་། ཁྱབ་བསྒྲགས་མང་པོ་གང་ལ་བྱས་འདུག གཞུང་དམངས་ཀྱི་འགྲོ་སོང་སྣ་ཚོགས་ད་བར་དུ་ཐབས་ལམ་གང་གི་ཆེད་དུ་བཏངས་འདུག
དམངས་གཙོའི་ལྟ་གྲུབ་དང་ལག་ལེན་ཁྲོད་འདྲ་མཉམ་ཞེས་རྩ་དོན་ཞིག་ཡོད་པ་དེ་མི་ཚང་མའི་ཐོབ་ཐང་འདྲ་མཉམ་ཡིན་པ་གཅིག་པོ་ལ་ཟེར་གྱི་མེད། མི་ལ་གོ་སྐབས་འདྲ་མཉམ་སྤྲོད་དགོས་པར་ཡང་གོ་གི་ཡོད། དེ་ནང་བཞིན་གཞུང་ཞིག་ཡིན་ན་མི་དང་ཚོགས་པ་འདྲ་མིན་གྱི་བསམ་བློ་དང་རེ་འདུན་སོགས་ལ་འདྲ་མཉམ་གྱི་ལྟ་སྟངས་ཞིག་བཟུང་ནས་གོ་སྐབས་དང་མཐུན་རྐྱེན་སོགས་འདྲ་མཉམ་སྤྲོད་དགོས། ཆབ་སྲིད་ལག་ལེན་ཁྲོད་རྩ་དོན་འདི་ཇི་མ་ཇི་བཞིན་ཡོང་བ་དཀའ་ཁག་བྱུང་གི་ཡོད། ཡིན་ནའང་དེ་ལ་ཤུགས་རྒྱག་གི་ཡོད། དེ་མ་ཡོང་ན་ཁྲིམས་དང་གསར་འགྱུར་བརྒྱུད་ལམ་སོགས་ནས་བསུན་གཙེར་བཟོས་ཡོང་། མི་མང་སྒེར་གྱི་ཚོགས་པ་འདྲ་མིན་དང་དཔྱད་ཞིབ་པ་འདྲ་མིན་གྱིས་བསུན་གཙེར་བཟོས་ཡོང་ནི་རེད། ཁང་གཙག་འབིག་གཙག་བྱས་ནས་སྡོད་མི་འཇུག
མདོར་ན་དམངས་གཙོའི་གཞུང་ཞིག་གིས་ཚོགས་པའམ་མི་སྒེར་གང་རུང་གི་བསམ་བློ་དང་རེ་འདོད་སོགས་ཁྱབ་བསྒྲགས་བྱེད་སྲོལ་མེད། མི་ལ་སྒེར་ཚིགས་ཀྱི་བསམ་བློ་གཏོང་ཐུབ་པ་དང་སྒེར་ཚིགས་ཀྱི་གདམ་ཀ་བྱེད་ཐུབ་པར་ཆ་རྐྱེན་བསྐྲུན་རྒྱུ། དོན་ཅི་ཞིག་ཡིན་ཀྱང་ཚང་མར་དེའི་སྐོར་ལ་གནས་ཚུལ་འདྲ་མིན་མཁོ་སྤྲོད་བྱས་ནས་འདྲ་མཉམ་ཀྱི་འཁོར་ཡུག་ཞིག་སྐྱེད་བསྲིང་བྱེད་རྒྱུ་ནི་དམངས་གཙོའི་གཞུང་ཞིག་གི་འོས་བབས་གཙོ་བོ་ཞིག་ཆགས་བསྡད་ཡོད།
གང་ལྟར་རྒན་མདའ་ཚན་པའི་ཚིག་གོ་བ་ཅན་ལ་གོ་རྒྱུ་དང་། བ་འོ་མ་ཅན་ལ་བཞོ་རྒྱུ་འདུག ནུབ་ཕྱོགས་པ་ཚོར་སྒམ་གྱི་ཕྱི་ལོག་ནས་བསམ་གཞིགས་བྱེད་པ་ཟེར་པའི་བཤད་སྲོལ་ཞིག་ཡོད། རྒན་ཁོང་གི་བྲིས་པ་ཐམས་ཅད་དེ་འདྲ་ཞིག་རེད་འདུག་སྙམ། ཁོང་གིས་བཤད་བཤད་ཐམས་ཅད་ལ་མོས་མཐུན་མེད། ཡིན་ནའང་། བཤད་སྲོལ་ཡག་གི། རིགས་ལམ་རྣོ་གི འཁོར་རྒྱ་ཡང་གི ཁྱོ་ཁ་དྲོ། ཚེ་རིང་།
ཆབ་བྲག་གི་འདོད་འདུན་ལ་མོས་མཐུན་ཡོད། ང་ཚོས་བོད་མི་ཙམ་གྱི་རང་དབང་གི་སྒོ་ཐེམ་ལས་བརྒལ་ཏེ་མི་མང་གི་རང་དབང་དང་ཐོབ་ཐང་ཟེར་ནས་འབོད་ཚིག་སྒྲོག་ཚེ་རྒྱ་ནག་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་ལྟ་ཚུལ་བེད་སྤྱོད་བཏང་ནས་བོད་མི་དྲག་གནོན་བྱེད་པའི་འགག་སྒོ་ལས་བརྒལ་ཐུབ་ལ། ཁ་བྲལ་གྱི་ཉེས་མིང་སུ་ཞིག་ལ་བཀལ་མི་ཐུབ། དེ་ནི་འཐབ་རྩོད་ཀྱི་རྒྱལ་ཁ་ཞིག་ཏུ་འདོད།
དེ་མ་གཏོགས་དབུ་མ་ལ་གྲུབ་འབྲས་མེད་པ་གསལ་པོ་རེད། གལ་སྲིད་བོད་ནང་གི་གནད་དོན་ཛ་དྲག་ཅིག་ཆགས་ཚེ་སྐུ་ཚབ་ཚོགས་པའམ་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་ཞུས་ནས་ལས་འགུལ་གྱི་ནུས་བ་ཡོད་ཚད་རྩ་མེད་བཏང་ངེས་རེད།
ང་ཚོས་རྒྱུན་ཤེས་ཀྱི་ཐོག་ནས་བསམ་བློ་ཐོངས་དང་ད་ཆ་ང་ཚོའི་རྩོད་གཞི་དམིགས་ཡུལ་དབུ་ལམ་ནོར་སོང་པ་དེ་འདྲ་གང་ཡང་མ་རེད།རང་བཙན་དང་ལམ་དབུ་མ་རང་ཐག་རང་གཅོད་སོགས་ཕར་བཞག་ད་ཆ་ང་ཚོར་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་ཐོབ་ཐུབ་ཀྱི་མེད་པ།
རང་བཙན་རྩོད་མཁན་སུ་ཡིན་ན་སོ་སོ་ལ་འཇོན་ཐང་ཡོད་ན་༧རྒྱལ་བ་རིན་པོ་ཆེས་གང་ན་ལམ་ཁ་བཀག་འདུག།རྣམ་དཔྱོད་དང་སྙིང་སྟོབས་ངོམས་ནས་ང་ཚོ་བོད་མི་ཚོར་མིག་དཔེ་དང་ལམ་ཁ་ཅིག་སྟོན་དང་ང་ཚོས་སྒུག་བསྡད་ཡོད།འོན་ཀྱང་།ཕྱི་རྒྱལ་གྱི་རང་བཙན་རྩོད་མཁན་མང་ཆེ་བར་བོད་མི་རྣམས་མ་ཡིས་བུ་བཞིན་སྐྱོང་མཁན་༧རྒྱལ་དབང་རིན་པོ་ཆེར་སྐྱོན་བརྗོད་ཟུར་ཟ་བྱས་ཏེ་རང་གི་སྙན་གྲགས་དོན་གཉེར་གྱི་གཡོ་སྒྱུ་ཙམ་ལས་ཅི་གང་མི་འདུག་ག
དངོས་གནས་བཙན་བྱོལ་ནང་རང་བཙན་གྱི་དར་ཆ་འཕྱར་ཏེ་བོད་མིའི་ཆིག་སྒྲིལ་གྱི་སྟོབས་ཤུགས་གཏོར་མཁན་ཚོར་གཟབ་ན་རབ་རེད།ད་ཆ་ང་ཚོར་སྟོབས་ཤུགས་གཅིག་དང་བོད་མིའི་ངོ་ཚབ་རྨ་མེད་ཅིག་ཡོད་པ་༧གོང་ས་ཆེན་པོ་རེད།དེ་བས་རྒྱ་ནག་གཞུང་གིས་༧ཁོང་རྒྱལ་ཁབ་གང་དུ་ཕེབས་རྒྱུར་བཀག་འགོག་དང་མཐའ་ན་༧ཁོང་གི་སྐུ་སྲོག་ཚུན་ཆད་འཕྲོག་ཐབས་བྱེད་ཀི་ཡོད་པས།རྒྱ་ནག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཇི་ཙམ་བྱས་ན་བོད་ནང་གི་བོད་མི་ཚོས་ངོ་རྒོལ་དེ་ཙམ་གནང་གི་ཡོད་ཅིང་།བོད་མི་མང་པོ་ཅིག་ནས་ལོ་ངོ་མང་པོར་བཙོན་དུ་འདུག་རྒྱུ་དང་སྲོག་གཏོང་རྒྱུ།ཡང་ན་༧གོང་ས་མཆོག་ན་ངོ་རྒོལ་བྱེད་རྒྱུ་ལས་སྔ་མ་གཉིས་གདམས་ཀྱི་ཡོད།བཙན་བྱོལ་དུ་བོད་མི་ཚོས་རང་ལུས་ནས་སེན་ཏོག་གི་ན་ཟུག་ཙམ་བློས་གཏོང་མི་ཐུབ་པར་༧གོང་ས་མཆོག་ལ་གང་བྱུང་གཞི་མེད་ཀྱི་སྐྱོན་འཛུགས་བྱས་ན་སུས་སྣང་བར་འགྲོ་ཀི་རེད།རྒྱ་ནག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག་ནའང་བཙན་བྱོལ་བོད་མི་ཚོས་ཟུར་ཟ་མཐོང་ཆུང་གང་ཐུབ་བྱས་ཆོག་གི་ཐོབ་ཐང་དེ་འདྲ་སུས་སྤྲད་རེད།དེ་འདྲ་བྱས་ན་བོད་མི་སྤྱིའི་སེམས་ནང་ཕོག་ཐུག་འགྲོ་རྒྱུ་མ་རེད་དམ།ད་དུང་རྒྱ་ནག་གཞུང་གིས་དགྲའི་དྭངས་མར་བརྩི་བཞིན་པ་ཏཱ་ལའི་བླ་མའི་དགོངས་དོན་ལ་རྒྱབ་ལངས་བྱས་ན་བཙན་བྱོལ་ནང་དུ་སྤྲེལ་ལད་འཁྲབ་མཁན་དང་རྒྱ་མིའི་སོ་པ་སོགས་ཟེར་པ་ནི་གད་མོ་ཤོར་གཞི་དང་སྙིང་རྗེ་སྐྱེ་གཞི་རེད།
དབུ་མའི་ལམ་ཟེར་ན་གདན་ས་ཆེན་པོ་ཁག་ཏུ་གཞུང་ལུགས་ཆེན་པོ་དབུ་མ་ལ་སློབ་གཉེར་བྱས་མྱོང་མཁན་ཚོས་གོ་ཚོད་རེད་བསམ། དེ་མིན་གཞན་དག་ཚོས་གོ་དོན་ལེན་ཁག་པོ་ཡོད་པ་རེད། ཁྲི་ཟུར་ཟམ་གདོང་ཚང་གིས་མི་དམངས་ལ་དབུ་མའི་ལམ་དེར་ཅི་ཟེར་འགྲེལ་བཤད་རྒྱག་སྐབས་མཐའ་བརྒྱད་དང་མཐའ་བཞིའི་སྒོ་ནས་དེ་དོན་བཀྲལ་ནས་བསྡད་པ་རེད། མི་དམངས་ཀྱིས་ཟམ་གདོང་ཚང་གིས་ཆོས་བཤད་ཅིག་གནང་གི་འདུག་བསམ་བཞིན་དབུ་མའི་ལམ་ལ་ཅི་ཟེར་གྱི་གོ་དོན་ཐད་རྒྱུས་ལོན་ཅི་ཡང་བྱས་མེད་པ་རེད། མཐར་སྲིད་དོན་ཚོགས་པ་ཁག་གིས་དབུ་མའི་ལམ་གྱི་གཞི་རྩའི་ཚད་ཐིག་དེ་གང་འདྲ་ཡིན་མིན་ཐད་འདྲི་ཞིབ་ཚ་ནན་བྱས་པ་བརྒྱུད་ནས། ད་གཟོད་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་གི་མི་རིགས་ས་གནས་རང་སྐྱོང་ཡིན་པ་ཤེས་རྟོགས་བྱུང་བ་རེད། ད་དུང་ཁ་གསལ་གྱིས་བརྗོད་ན། རྒྱ་ཁོངས་ཀྱི་བོད་ཀྱི་ས་གནས་རང་སྐྱོང་ཞེས་བརྗོད་ཆོག་པ་འདི་རེད་པ་་་། དེ་ཡང་བསྡུས་ན། རྒྱ་ནག་གི་བོད་རེད།
དབུ་མའི་ལམ་ཟེར་པ་མདོ་དེད་ན་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཆབ་སྲིད་ཐོག་རྒྱ་ནག་དང་འབྲེལ་མེད་གནས་མྱོང་བའི་བོད་ནུབ་ཕྱོགས་དང་ལོ་བརྒྱ་ཕྲག་མང་པོར་རྒྱ་ནག་གི་དབང་བསྒྱུར་འོག་གནས་པའི་བོད་ཤར་ཕྱོགས་གཉིས་གཅིག་གྱུར་བྱས་ཏེ།དེའི་ཆོས་རིག་འཁོར་ཡུག་མིའི་ཐོབ་དབང་དང་བཅས་པ་སྲུང་སྐྱོབ་ཆེད་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྐྱོང་ཅིག་རྩོད་ཀྱི་ཡོད་རེད།
གཅིག་གཅོད་ཟེར་བ་དང་གཉིས་མོས་ཟེར་བ་འདི་གཉིས་མཉམ་གཅིག་ཏུ་འགྲོ་ཐབས་རྩ་ནས་ཡོད་པ་མ་རེད། ང་ཚོས་ད་དུང་དོན་ཆེན་སྒྲུབ་པ་ལ་ངང་རིང་ཟེར་ནས་སྒུག་སྡོད་རྒྱུ་ཡིན་ནམ།
རྒྱ་ཕྱོགས་རྟག་པའི་མཐའ་ལ་མ་ལྷུང་བར།།
བོད་ཕྱོགས་ཆད་པའི་མཐའ་ལ་མི་གནས་པའི།།
རྒྱ་བོད་འདུམ་འགྲིག་དབུ་མའི་ལམ་བཟང་གིས།།
འགྲོ་བ་མི་ཡི་བསམ་ཤེས་གོ་རྟོགས་སད།།
རང་དོན་བརྩད་ནས་རང་དབང་ཡོངས་སུ་བརླགས།།
གཞན་དོན་གླེང་བས་མི་སེམས་རབ་ཏུ་འགུགས།།
རང་གཞན་གཉིས་ཀྱི་དོན་ལ་བསམ་རྒྱ་ཅན།།
རང་བཙན་སྒེར་དོན་རྩོད་པའི་དུས་མ་ཡིན།།
བོད་ཡུལ་གཞན་ལག་ཤོར་བའི་སྐལ་ངན་གྱི།།
སྡུག་གི་ཁུར་བོ་རྒྱ་མཚོའི་རླབས་ལྟར་འཕྱོ།།
རང་དབང་སྣོད་བཅུད་བརླགས་པའི་ཉིན་མོ་ནས།།
བོད་པའི་ཚེ་སྲོག་དུམ་བུར་ཆད་ལ་ཉེ།།
གོར་ཁའི་དམག་འཁྲུག་སྐབས་སུ་རྒྱ་ནག་ནས་དམག་རོགས་ལེན་བོད་ནུབ་ཕྱོགས་པ་རེད་མ་གཏོགས་བོད་ཤར་ཕྱོགས་པ་མ་རེད། ད་ལྟ་རྒྱ་གར་དང་བལ་ཡུལ་འོག་ཏུ་གནས་ཤིང་བོད་མིང་ཙམ་ཡང་བརླགས་མཁན་བོད་ནུབ་ཕྱོགས་པ་རེད་མ་གཏོགས་ཤར་ཕྱོགས་མ་རེད། རྒྱ་ནག་ཆོ་ལོ་མང་བླངས་མཁན་བོད་ནུབ་ཕྱོགས་པ་རེད་མ་གཏོགས་ཤར་ཕྱོགས་མ་རེད། ད་ལྟ་སྐུ་དུན་ལ་དགག་པ་རྒྱག་མཁན་གཙོ་བོ་བོད་ནུབ་ཕྱོགས་རེད་མ་གཏོགས་ཤར་ཕྱོགས་པ་མ་རེད། ངས་དེ་བསམ་ཚེ་བྲག་ཞོལ་སྤན་པ་ནི་རྒྱའི་རྒྱུགས་ཆུ་རེད། ད་ལྟ་བོད་ཤར་ནུབ་ཀྱི་ཕྱོགས་རིས་བཤད། དེ་སྔོན་ལུང་ཚན་གྱི་ཕྱོགས་རིས་བཤད། མི་འདི་ལ་གཟབ་དགོས། བོད་ཤར་ཕྱོགས་ས་ཁུལ་ཀ་ཤས་རྒྱ་ནག་གི་འོག་ཏུ་ཅུང་ཙམ་ཤོར་བ་ལས་ཡོད་ཚད་ཤོར་མེད།
མི་རིགས་གཅིག་ལ་རང་ཐག་རང་གཅོད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་རྒྱལ་སྤྱའི་ཁྲིམས་རེད། དེ་ནི་དེ་སྔ྄ོན་རང་བཙན་ཡོད་མེད་ཀྱ྄ི་སྐད་ཆ་མ་རེད། རང་གིས་འཇོན་ན་དེ་ལྟར་ཡོད་པ་རེད། མ་འཇོན་ན་རྒྱལ་ཁབ་ཡོད་ཀྱང་བརླགས་མཁན་བོད་མི་ལྟ་བུ་རེད། བོད་རིགས་ཡིན་ཡང་མིན་ཟེར་མཁན་ཧི་རྒྱབ་ཡང་སྟེང་གི་མི་མང་ལྟ་བུ་རེད།
བོད་ནུབ་ཕྱོགས་ཀྱི་མི་མང་ཏེ། ཧི་རྒྱབ་ཡང་སྟེང་གི་མི་མང་རེད།
བོད་ཤར་ཕྱོགས་ཤི་ཡང་བོད་པ་མིན་ཞེས་ལབ་མཁན་དཀོན། དེ་ནི་གཟི་བརྗིད་རེད། བོད་སྐད་མི་ཤེས་མཁན་གྱི་བོད་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་གྱི་མི་མང་ཁྲི་སྟོང་མང་པོས་བོད་པ་མིན་ཞེས་ལབ་མྱོང་མེད།
རང་བཙན་གྱི་ལྟ་བ་འཛིན་མཁན་སྒེར་བ་དང་ཚོགས་པ་དག་གིས་ཀྱང་ག་ས་གང་དུ་དྲིལ་བསྒྲགས་དང་ལས་འགུལ་སྤེལ་གྱིན་ཡོད། ཆབ་སྲིད་ལྟ་གྲུབ་ཀྱི་སློབ་སྦྱོང་གོ་སྐབས་དེ་བོད་གཞུང་གིས་སྤྲོད་མི་ཐུབ། དེ་མི་རྒྱལ་ཁབ་གཞན་དག་ནས་སློབ་དགོས། དེ་བཞིན་ཆབ་སྲིད་ཚོགས་པ་དང་ལངས་ཕྱོགས་གསར་བ་བཟོ་བར་ཡང་གཞུང་གིས་མཐུན་རྐྱེན་གནང་མི་ཐུབ། དེ་དག་ལ་ཁྲིམས་ཐོག་ནས་རང་དབང་སྤྲད་ཡོད་པས་བྱེད་དགོས་པ་དང་བྱེད་རྒྱུ་ཡོད་པ་ཞིག་ཡིན་ན་སྒེར་བ་སོ་སོ་དང་ཚོགས་པ་སོ་སོས་གོ་སྐབས་བླངས་ནས་སྤྲོད་དགོས་པ་ཞིག་རེད་སྙམ།
མ་གཞི་ནས་ད་ཅི་ཞིག་རྩོད་ན་ཡང་ཁ་ནས་རྩོད་ནས་ལས་འགུལ་ཆུང་ཚགས་རེ་སྤེལ་ནས་སྡོད་པ་ལས་གཞན་བྱ་རྒྱུ་བྱེད་རྒྱུ་ཅི་ཞིག་འདུག མི་འདུག་ག མི་ནུས་ག དེ་ལས་རྩོད་པའི་རྨང་གཞི་ཐུན་མོང་གི་མཐུན་སྒྲིལ་ཟེར་བ་དེ་ཅི་ཙམ་གྱིས་ཆེ་རུ་བསྐྱེད་ཐུབ་ན་དེ་ཙམ་གྱིས་རྒྱལ་ཁའི་ལམ་དུ་སྐྱོད་ཀྱིན་ཡོད།
གཞུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་ནས་དེ་ཁོ་ན་དྲིལ་བསྒྲགས་བྱེད་པ་དེ་འགྲིགས་ཀྱི་མི་འདུག དམར་པོའི་གཞུང་མ་གཏོགས་དེ་འདྲ་ཞེ་དྲག་མཐོང་རྒྱུ་ཡོད་པ་མ་རེད།
སྦྲ་ནག་གཡག་སྙིང་གི་མཆན་༢༠ དེ་ཡང་སྐྱར་ཀློག
གུང་ཁྲན་ཏང་གིས་གཅིག་གཅོད་ཀྱིས་དྲིལ་བསྒྲགས་བསྡད་ཡོད།་དེ་ལ་ཡིན་མིན་བཤད་ས་མེད། ང་ཚོས་དམངས་གཙོའི་ལམ་ནས་གཏན་ལ་ཕབ་ཡོད། མ་ཟད་ཐོག་མ་ནས་ད་བར་དུ་དབུ་མའི་ལམ་ལ་ངན་བཤད་དང་ངོ་རྒོལ་བྱས་ནས་ཡོང་བ་རེད། རང་བཙན་གྱི་ཚོགས་པ་དང་མི་སྒེར་བ་མང་པོ་ཡོད་པ་རེད། བཤད་ས་ཡོད། ངོ་རྒོལ་བྱས་ན་ཆོག རང་དབང་གི་ཚོགས་པ་ཅི་ཙམ་བཙུགས་ན་ཆོག གོ་སྐབས་ལེན་རོགས། དེ་གཅིག་ཡིན།
གཉིས་ནས། རྒྱ་ནག་རྒྱལ་ཁབ་ཅིག་ཡིན་པར་མ་ཟད་དམངས་གཙོ་ཡང་ཡོད་ཟེར་གྱིན་ཡོད་པས་ཏང་གི་སྲིད་ཇུས་ཁོ་ན་བསྒྲགས་ན་ངོ་མ་མི་འོས་པ་ཞིག་རེད། ང་ཚོས་གཞི་ནས་རང་དབང་རང་བཙན་གང་རུང་ཞིག་རྩོད་དགོས་ལེན་དགོས་པས་དེ་ལ་སྲིད་ཇུས་ཤིག་ངེས་པར་གཏན་ལ་ཕབ་ནས་དེ་དོན་ཚང་མས་མ་གོ་མ་ཤེས་པ་མེད་པ་བྱས་ནས་ནུས་པ་འདོན་ཐབས་ལ་འབད་དགོས་དུས་གཞུང་གིས་འགན་དེ་ངེས་པར་འཁུར་ནས་དྲིལ་བསྒྲགས་དགོས། འདི་གཉིས་རྩ་བ་ནས་གནས་སྟངས་ཁ་ཁ་ཡིན་པས་རིགས་མཚུངས་བྱས་པ་རྦད་དེ་ནོར་བ་རེད།
གོ་སྐབས་ཆེ་ས་གཙང་བོའི་གཞུང་འདྲ་བ་དེ་གཞུང་གི་དབུ་མའི་ལམ་དྲིལ་བསྒྲགས་བྱེད་ས་རེད། སྒེར་བ་ཉམ་ཆུང་རེ་ཟུང་ལ་ཡར་རྐ་ཆུང་ཆུང་རེ་བཟོ་ས་སྤྲད་པ་དེ་འདྲ་མཉམ་གྱི་གོ་སྐབས་མ་རེད།
ངས་ཁ་བརྡའི་མཆན་ལ་ཞིབ་མོ་བལྟས་མེད། གྲོགས་མདའ་ཚན་པ་ལ་རྩལ་དྲུག་རྒྱས་ནས་བསྡད་འདུག །སེམས་ཁྲལ་དགོས་ས་མ་རེད། སྐུ་ཁམས་བདེ་བར་སྨོན། དབུ་མའི་ལམ་ངའི་བློ་ཡུལ་ཅང་མིན་པས་རྩོད་པ་དང་། འགྲེལ་བཤད་གཉིས་ཀ་ཤེས་ས་མ་རེད། །ཧ་གོ་མཁན་ཚོས་ཞིབ་འཇུག་གྱིས། བཀྲ་ཤིས།
ཀ་ཡེ། མཆན་སྔུན་མ་འཇོག་ས་ནོར་ཤག བྱས་ཙང་འདི་རུ་ཡང་བསྐྱར་བཀོད་པ་ཡིན།
ཆོ་ག་ཉམས་པའི་གནས་རྣམས་སུ།
ཆོ་ག་ཚང་བར་བྱེད་ལ་བརྙེས།
ཙི་ཏའི་ཡུལ་ལ་ཐོན་པ་ན།
རྐང་གཉིས་པ་ལ་མིར་མི་བརྩི།
འོ་སྐོལ་གྱི་སྨྲ་དགའ་ལག་ལེན་དབེན་པ་་གྲས་ཀྱིས་བོད་མིར་བདེ་སྐྱིད་འདྲེན་པའི་ཐབས་ལམ་དེ་ཚོའི་ཕུ་ཐུང་ནང་ན་ཡོད་མདོག་སྟོན་པ་ནི་ཙི་ཏ་རྐང་གཅིག་གི་གཟུགས་ཙམ་ལས་མ་འདས། ཆེ་བཙན་སྟོབས་ཀྱི་རྒྱལ་མཚན་ནུབ་པ་མེད་པར་སྒྲེང་བའི་བོད་གཞུང་དང་དེའི་ལས་སྣེ་རྣམས་རྒྱལ་གྱུར་ཅིག ཕྲ་མེན་འདྲ་བའི་ཅོལ་ཆུང་རྣམས་ལ་ས་མ་ཡ།
གྲོགས་པོ་ལགས། སྒེར་བ་ཉམ་ཆུང་རེ་འགའ་ལས་མེད་སོང་ན་མེད་སོང་བ་རེད། འོན་ཀྱང་གཞོན་ནུ་ཚོགས་པ་ནི་ཚོགས་མི་ཆེས་མང་ཤོས་ཀྱི་ཚོགས་པ་རེད། ད་དུང་དགུ་བཅུ་གསུམ་དང་དམངས་གཙོ་ཚོགས་པ་སོགས་ཀྱང་ཡོད། གཞུང་ངོས་ནས་ཚོགས་པ་དེ་དག་ལས་གང་ཞིག་ལ་ཡང་ཕྱོགས་ལྷུང་དང་འདྲ་མཉམ་མིན་པའི་བཀའབཀོད་གནང་བ་མེད། དེ་བས་མི་སྒེར་རེ་ཟུང་ཞིག་མ་རེད། མཆན་འདེབས་པ་ལ་ལས་ཟེར་ན་བརྒྱ་ཆའི་གོ་དགུ་རང་བཙན་འདོད་མཁན་ཡིན་རབས་བཤད་སོང་ང། ཁྱོད་ཀྱིས་བརྒྱ་ཆའི་གོ་དགུ་དབུ་མ་ལ་རྒྱབ་སྐྱོར་བ་རེད། དེ་ཡང་ཁ་ཙམ་མིན་པར་ཀླད་པ་སྦྱངས་རྡུང་བྱས་ཟིན་པ་རྐྱང་ཡིན་ཚུལ་བཤད་སོང་ང། ད་ཐོག་མར་ཁྱེད་ཅག་ཚོས་ནང་ཁུལ་གྱི་འགལ་འདུ་གཙང་་མ་ཞིག་གནང་རོགས་ཞུ།
བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་ཤིང་ཡིན་པའི་བོད་གཞུང་གིས་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་བ་རེད། མི་མང་འཛོམས་སའི་གྲོང་ཁྱེར་ཆེ་ཁག་དང་གཞུང་ལམ་ཆེ་ཁག་དག་དབུ་མའི་ལམ་གདན་འདྲེན་ཞུ་ས་དང་དྲིལ་བསྒྲགས་ཞུ་ས་ཆགས་པ་རེད།
ཚོགས་པ་སྒེར་བ་ཉམ་ཆུང་རེ་ཡོད་པ་དེ་ཚོ་སྟོབས་ཤུགས་ཆུང་བའི་ཐོག་སྤྱི་ཚོགས་ནང་ཁོང་ཚོ་དབུ་མའི་ལམ་ལ་ངོ་རྒོལ་བྱེད་མཁན་དང་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་ཆགས་པ་རེད། སྟབས་ཡག་པ་ཞིག་ལ་ཁོང་ཚོ་དཀའ་ངལ་གྱི་འགག་ལ་འཕྲད་སྐབས་སྐྱོབས་མཁན་ཞིག་བྱུང་བ་རེད། དེ་ནི་རྒྱལ་དབང་རིན་པོ་ཆེ་ཁོང་ཚོའི་ཚོགས་འདུ་ལ་ལན་རེར་ཕེབས་པ་དང་གསུང་བཤད་རེ་གནང་བའི་གོ་སྐབས་རེ་བྱུང་བའི་བཀའ་དྲིན་གྱིས་སྤྱི་ཚོགས་ནང་ནས་ཟུར་འབུད་བྱེད་མ་དགོས་པ་ཙམ་བྱུང་བ་རེད།
སུ་ཞིག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ན། རྒྱ་ནག་ནས་ཡོང་མཁན་ཚོའི་ནང་ལམ་སང་གཞུང་གི་རྒྱབ་རྩར་ལངས་མཁན་མང་པོར་ཐུག་མྱོང་བ་དེར་ཧ་ལས་ཀྱི་མི་འདུག་ཀྱང་། བོད་གཞུང་ལ་སྐྱོན་བརྗོད་བྱས་ནའང་བོད་མི་ཕལ་བའི་ནང་ལམ་སང་གཞུང་གི་རྒྱབ་རྩར་ལངས་མཁན་སྐོར་ཞིག་འདུག་པ་འདི་ཅི་ཡིས་ལན་པ་རེད།
རྒྱལ་ཁབ་གཞན་དང་གཞན་པ་ཚོའི་ནང་གཞུང་ལ་སྐྱོན་བརྗོད་ག་ཚོད་བྱས་ཀྱང་། སྐྱོན་བརྗོད་དེ་དོན་ལ་འབབ་མིན་ཇི་ལྟར་ཡང་གཞུང་གི་རྒྱབ་རྩར་ལངས་མཁན་དེ་འདྲ་མཐོང་མ་མྱོང་།
མདའ་ཚན་པ་ལགས་སུ། བོད་ནི་དགྲ་གཉིས་བྱུང་ན་དགྲ་གཅིག་གྲོགས་སུ་ལོངས་ཞེས་པའི་ཉམ་ཐག་པའི་གནས་ལ་ལྷུང་ཡོད་པས་རྒྱལ་ཁབ་ཀྱི་མ་ལག་ཡོངས་སུ་ཚང་བའི་སྲིད་གཞུང་གཞན་གྱི་བྱེད་སྟེང་དང་བསྡུར་ཐུབ་མེད། གལ་ཏེ་བསྡུར་ན་སྟག་མཆོང་ས་ལྦ་མོ་མཆོངས་པའི་གནས་སུ་འགྲོ་བས་དེའི་ཁེ་ཉེན་ལ་སོམས། ང་ཚོའི་བཙན་བྱོལ་གྱི་གཞུང་ལྟར་སྣང་འདི་ནི་༧རྒྱལ་བའི་བཀའ་དང་བོད་མི་མང་གི་རེ་བདང་རྨི་ལམ་’འཁུར་ཡོད་པའི་ཚོགས་པ་ཞིག་ཡིན་ཕྱིན་ང་ཚོས་དེ་ལ་རྒྱབ་བསྐྱོར་ངེས་པར་དུ་བྱེད་དགོས་པ་རེད། དེ་མིན་ཁྱེད་རང་དང་སྐུ་ཞབས་དགེ་འདུན་རབ་གསལ་སོགས་བོད་ཀྱི་སྲིད་སྐྱོང་ལ་འདུག་འདོད་པ་རྣམས་ཀྱིས་བོད་གཞུང་ལ་རྒྱབ་བསྐྱོར་དེ་ལས་ལྷག་པ་ཞིག་བྱེད་དགོས་ད་དགོས།
དབུ་མའི་ལམ་དང་རང་བཙན་ག་རེ་བརྩད་ནའང་དམིགས་ཡུལ་ནི་གནས་སྐབས་བོད་དང་བོད་མི་རིགས་ཆག་འཇིག་ལས་སྐྱོབས་ཐབས་བྱེད་རྒྱུ་དང། མཐར་བོད་མི་མང་ལ་རང་དབང་དང་བདེ་སྐྱིད་ཅིག་བསྐྲུན་རྒྱུ་དེ་ཡིན་པས་ང་ལ་མཚོན་ན་དབུ་རང་གཉིས་ལ་ཁྱད་པར་ཆེར་མཐོང་གི་མི་འདུག གཙོ་བོ་དམིགས་ཡུལ་དེ་གང་འགྱོག་འགྱོག་འགྲུབ་དགོེས་ཀྱི་འདུག
གཞིས་ལུས་མི་དམངས་ཀྱི་དད་པ་དང་རེ་ལྟོས། སྤོབས་པ་ཚང་མ་ཡིད་བཞིན་ནོར་བུར་བཅོལ་ཡོད། དེ་བས་ད་བར་དུ་བོད་གཞུང་དང་༸གོངས་ས་མཆོག་གཉིས་ཐ་དད་དུ་མེད། སྐྱོན་བརྗོད་ན་ལོས་ཆོག་མོད། སྐྱོན་ཡིན་མིན་ཚང་མ་བརྗོད་ན་བོད་རྒྱ་ཆེའི་མི་དམངས་ཀྱི་སེམས་ཁམས་ལ་ཅི་འབྱུང་བར་བསམ་ཤེས་བྱེད་ཐུབ་དགོས། ད་ཡིན་ན་ད་བར་གྱི་བོད་ཀྱི་ཕམ་ཁ་ཚང་མ་སུའི་མགོ་ལ་འདེད་ཀྱིན་ཡོད་དམ།
མགོ་བོ་སྟེགས་རྒྱུ་བྱུང་བ་དབུ་མའི་ལམ།
རྐང་པ་བཙུགས་ས་བྱུང་བ་དབུ་མའི་ལམ།
ཆོས་རིག་རྒྱུན་འཛིན་བྱུང་བ་དབུ་མའི་ལམ།
བླ་ན་མེད་པའི་དབུ་ཁྲིད་དབུ་མའི་ལམ།
གང་གིས་བདེན་དང་བདེ་སྐྱིད་དག
དབུ་མའི་ལམ་འདིར་གནད་གཅིག་པར།
ལམ་སྟོན་ཡང་དག་བསྟན་མཛད་པའི།
བླ་མེད་དབུ་ཁྲིད་རྒྱལ་གྱུར་ཅིག
མགོན་ཁྱོད་བླ་མ་ཕ་མ་ཉི་མ་ཡིན།
རྩ་བའི་བླ་མའི་སྐུ་ཚེ་བརྟན་པར་ཤོག
དྲིན་ཆེན་ཕ་མའི་དྲིན་ལན་གསབ་པར་ཤོག
ཀུན་གྱི་ཉི་མས་འཇིག་རྟེན་གསལ་བར་ཤོག
སངས་རྒྱས་གྲངས་མེད་འཚེ་མེད་བྱམས་པའི་གསུང་།།
འོན་ཀྱང་ད་དུང་འཇིག་རྟེན་འཚེ་བ་རབ་མངས་ན།།
རྒྱ་དམར་དྲན་འཁྲུལ་མགོ་མཁྲེགས་གདུག་རྩུབ་ལ།།
རེ་ཞིག་དབུ་མའི་ལམ་གྱིས་གཡོ་མེད་ལུས།།
ཁོང་ཁྲོའི་གཉེན་པོ་བྱམས་བརྩེ་ཞེས།།
བདེན་པ་གསུང་བའི་ཞལ་གྱི་རྩི།།
ནགས་ལ་མེ་མཆེད་བུད་ཤིང་འདེབས།།
མ་ཡིན་ཆུ་མོ་འཐོར་བ་དགའ།།
ནགས་ལ་མེ་འབར་ཆུ་མ་རེམ།།
སྔོན་གྱི་གནས་སྐབས་བཅད་པ་བླུན།།
ནགས་ཚལ་མེ་མ་མུར་གྱུར་དུས།།
སུ་ལའང་བསྙོན་འདིང་བྱ་ས་མེད།།
འ
གནས་ཚུལ་གཞན་ཡོད་ན་མ་གཏོགས་དེ་མིན། རྒྱ་དམར་གུན་བྲན་གྱིས་བོད་བཙན་བཟུང་བྱས་ཀྱང་ང་ཚོའི་དབུ་ཁྲིད་བཙན་བཟུང་བྱས་མ་ཐུབ་པར། སྐབས་དེ་དུས་ཧམ་སེམས་ཅན་ཚོས། ཏཱ་ལའི་བླ་མ་བྲོས་ཚར་འདུག ད་ང་ཚོའི་དམག་དེ་ཤོར་བ་རེད་ཅེས་སྡུག་སྐད་ཤོར་དགོས་ག་པར་ཐུག་པ་རེད། ཕ་ཡུལ་འཕྲོག་ཀྱང་དབུ་ཁྲིད་ཡོད། ལུས་པོ་བཅད་ཀྱད་སེམས་གསོད་མ་ཐུབ་པར་ལུས་ཡོད། ཁ་འབོར་ག་ཚོད་བཤད་ཀྱང་གུན་བྲན་སླེབས་དུས་བྲོས་དགོས་བྱུང་ཡོད། དེ་ནས་སྐྱབས་བཅོལ་དང་པོར་སླེབས་ནས་ས་དང་གནམ་མ་གཏོགས་ངོ་ཤེས་རྒྱུས་ཡོད་སུ་ཡོད། སཁབས་དེ་དུས། ག་པར་འགྲོ་གས་འདྲི་ན། ཏཱ་ལའི་བླ་མ། གང་ནས་ཡིན་འདྲི་ན། ཏཱ་ལའི་བླ་མ་ཞེས་དང་། ཕྱི་རྒྱལ་གང་སར་བོད་དང་བོད་དོན་ཐོག་ཁོང་གི་མཚན་བྱང་འཁྲས་ནས་འགྲོ་དགོས་པ་དཔེར་ན། (dalailama of Tibet) ཞེས་ཟེར་དགོས་དོན་ག་པར་ཐུག་པ་ཤེས་དགོས་རྒྱུའི་གཞི་རྩ་ཡིན། ཆོས་ལུགས་རིས་མེད། ཆོལ་ཁ་དབྱེར་མེད། ཕོ་མོ་འདྲ་མཉམ། མང་གཙོའི་སྲོལ་འབྱེད། འཇིག་རྟེན་མི་ཆོས་རིང་ལུགས་དང་། འགྲོ་བ་ཡོངས་དང་འཛམ་གླིང་ཡོངས་ཀྱི་འགན་བཞེས། གཞི་རྩ་འི་འགྲོ་བ་ཡོངས་ཀྱི་རིན་ཐང་གསལ་སྟོན། གླིང་འདིའི་ཆོས་ལུགས་མཐུན་ལམ་སོགས་གནང་བའི་བཀའ་དྲིན་ཁྱབ་པར་མཛད་དེ་དགའ་གུས་ཆེ་བསྟོད་བརྙེས་པར་མཛད་ཡོད། ཅེས་དྲན་སྐུལ་ཞུས།