དཔལ་རྡོར་ནས།
སྤྲུལ་སྐུ་རིན་པོ་ཆེ་ཐུབ་བསྟན་དཔལ་འབྱོར་རྒྱ་མཚོའམ་སྤྲུལ་སྐུ་བསོད་བྷ། མདོ་སྨད་མགོ་ལོག་ཨ་སྐྱོང་ཚོ་བ་བཅུའི་ནང་ཚན་མདོ་མཁར་སྨད་མ། རྒྱ་གཞུང་གི་ས་བཅད་ལྟར་ན་དགའ་སྡེ་རྫོང་ཧྲང་གོང་མ་ཤང་། ཡབ་ཉ་རྒས་བསོད་སྐྱབས་དང་། ཡུམ་འབྲོག་བཟའ་འབྲུག་སྡེ་གཉིས་ལ་༡༩༧༢་ལོར་སྐུ་འཁྲུངས། ཁྱིམ་དེར་བུ་བུ་མོ་དགུ་ཡོད་པའི་གྲས་ནས་ཁོང་གསུམ་པའམ་བཞི་བ་དེ་ཆགས་འདུག ༡༩༨༣་དང་༡༩༨༤་ལོར་དགོན་པར་ཞུགས། བླ་མ་ཟླ་བ་འོད་ཟེར་དགེ་རྒན་ལ་བསྟེན། སྟོང་སྐྱབས་དགོན་པ་དང་། བ་ཡན་དགོན། དར་གཉན་མོ་དགོན་སོགས་སུ་སློབ་གཉེར་གནང་། སྤྲུལ་སྐུ་བསོད་བྷ་ཁོང་དགུང་ལོ་༣༧་སྟེང་བཀྲ་ཤིས་མཁན་པོ་ཐུབ་རྒྱན་གྱི་ཡང་སྤྲུལ་དུ་ངོས་འཛིན་བྱས་ནས་སྟོང་སྐྱབས་དགོན་དུ་ཁྲི་སྟོན་མཛད།ཐུབ་བསྟན་སྦྱིན་པ་རྒྱ་མཚོ་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་བའི་མདུན་ནས་བཀའ་ཆོས་མང་དུ་གསན་མཁན་ཞིག་རེད། སྤྲུལ་སྐུ་ཁོང་གིས་༡༩༩༩་ལོ་ནས་བཟུང་དར་ལག་རྫོང་ཐོག་ཏུ་རྒན་གསོ་ཁང་བཙུགས་ནས་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་སོགས་མང་དུ་གནང། ལོ་ལྟར་སྒོ་ཕྱུགས་སོགས་ཚེ་ཐར་བཏང་ནས་རྒྱལ་བ་རིན་པོ་ཆེ་གཙོ་བྱས་པའི་བླ་ཆེན་ཁག་གི་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་རྒྱ་ཆེད་མཛད། ས་གནས་དམངས་ཚོགས་ཀྱིས་བསྟོད་བསྔགས་དང་གུས་བརྩི་བླ་མེད་ཞུ་བ་རེད།། སྤྲུལ་སྐུ་བསོད་བྷ་ལགས་རྒྱ་གར་ལ་ཐེངས་གཉིས་ཕེབས། གངས་ལྗོངས་སྐད་རིག་ཚོགས་པའི་ཚོགས་འདུ་བསྡུ་སྐོང་བྱས་སྐབས་རྒྱ་གཞུང་གིས་འགོག་རྐྱེན་བཟོས་ནས་དར་ལག་ནས་འཚོགས་མ་བཅུག འདས་པའི་ཕྱི་ཟླ་༡༡་ནང་སྟོང་སྐྱབས་དགོན་དུ་ཟུར་ནས་སློབ་གྲྭ་འཛུགས་གྲབས་བྱས་སྐབས་རྒྱ་གཞུང་གིས་འགོག་རྐྱེན་བཟོས་ནས་ཚུགས་མ་ཐུབ་པ་བྱུང་།། སྤྲུལ་སྐུ་བསོད་བྷ་ལགས་ཀྱི་ཞལ་ཆེམས་དྲོད་མོ་ཞིག་འདིར་འབུལ་ཡོད།། རྒྱ་མིར་ཚུར་རྒོལ་བྱེ་བ་གཅིག་ལྷག་བསད་པའི་རྗེས་དྲན་དང་། མ་འོངས་ས་ཡ་དྲུག་ལྷག་འཛམ་གླིང་ཞི་བདེ་ཐོན། ད་ླཏའི་དབུ་མའི་ལམ་གྱི་བདེན་དཔང་མྱུར་དུ་སེལ་བའི་ཕྱིར། སྔོན་བསགས་བསོད་ནམས་བསགས་པའི་མི་ལུས་རིན་ཆེན་འདི། འཛམ་གླིང་སྤྱི་དང་ཆོལ་གསུམ་བོད་མི་རྣམས། སྐད་དང་ཆོས་དང་རིག་གཞུང་ས་གནས་དང་། ཕྱི་ནང་འགྲོ་བསྐྱོད་རང་དབང་ཞི་བདེ་ཐོབ་པ་དང་། ཁྱད་པར་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག ཕོ་བྲང་པོ་ཏ་ལ་རུ་མྱུར་ཕེབས་ཏེ། ཡེ་ཤེས་མཉམ་འཛིན་ཆོས་ཀྱི་བདུད་རྩི་ལ།། རོལ་བའི་སྐལ་བཟང་མྱུར་དུ་ཡོང་བའི་ཕྱིར།། དེ་ཕྱིར་མཆོག་གསུམ་རྒྱ་མཚོའི་མཐུ་དཔུང་བསྐྱེད།
བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། ལུས་འདི་གོས་དཀར(ཀུན་ཟས)་ཡོངས་སུ་དྲག་འབར་ན། འཚེ་མེད་དབུ་མའི་ལམ་དང་ཞི་བདེའི་ཁྲོད། མྱུར་དུ་རྫོགས་ལྡན་ཞི་བདེའི་ཉི་མ་འཆར་བར་ཤོག བོད་མི་ཚོ། དབུ་མའི་ལམ་ཡ་མ་བྲལ་བའི་སྒོ་ནས་བོད་དོན་ལ་བརྩོན་དང་། བདེ་སྐྱིད་ཀྱི་ཉི་མ་འཆར་རན། མདོ་སྨད་མགོ་ལོག་སྤྲུལ་མིང་འཛིན་པ་བསོད་བྷ། ཡང་ན་ཐུབ་བསྟན་དཔལ་འབྱོར་རྒྱ་མཚོས་བོད་ཟླ་བཅུ་གཅིག་པའི་ཚེས་༨ ལ་བྲིས།
ང་ཡིས་ཚེ་འདིར་བལྟམས་པའི་མཐའ་མའོ།།
བཀྲ་ཤིས་བདེ་ལེགས།
གོང་གི་འདི་ནི་ད་ལྟ་ཨ་རིའི་ནང་བཞུགས་པའི་མགོ་ལོག་བླ་མ་བསྟན་འཛིན་གྲུབ་མཆོག་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་ཕ་ཡུལ་གླེང་སྟེགས་ལས་ཚན་ནང་དགུང་ལོ་༡༢་ཡས་མས་ནས་འདྲིས་པའི་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དེ་ཅི་བཞིན་ཡིག་ཐོག་ཏུ་ཕབ་པ་ལགས།
སྤྲུལ་བསོད་བྷའི་སྙིང་སྟོབས་དང་ཐུགས་བསྐྱེད་ལ་རྗེས་སུ་ཡིད་རངས་ཞུ།
སྤྲུ་སྐུ་རིན་པོ་ཆེ་བྱང་ཆུབ་སེམས་པ་སེམས་པ་ཆེན་པོ་ཐུབ་བསྟན་དཔལ་འབྱོར་རྒྱ་མཚོ་མཆོག་གི ཐུགས་དགོངས་ཡོངས་སུ་རྫོགས་ནས་སླར་ཡང་ཡང་སྲིད་འཁྲུལ་བྲལ་ངེས་ཤེས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་མཁྱེན་མཁྱེན་མཁྱེན།། །།
བོད་མི་ཚང་མས་ཁོང་གིས་ཞལ་ཆེམས་རྣམས་མ་བརྗེད་པ་བྱ་རྒྱུ་གལ་ཆེ་བའོ།། །།