བཛྲ་རཏྣ།
ལོ་གསར་བའི་རྗེས་ཉིན་རེའི་ལས་དོན་གྱི་ཞོར་ནས་བོད་ལ་ལྟ་བ་དང་རྒྱལ་སྤྱིར་ཉན་ཅི་ཐུབ་བྱེད་བཞིན་ཡོད། དེ་ཡང་བོད་ནང་གི་གནས་སྟངས་ཛ་ཇེ་དྲག་དང་སུམ་བཅུ་དུས་དྲན་ལ་ཉེ་བར་ཕྱོགས་པས་ཡིན། ཏག་ཏག་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་དེ་རིང་རྒྱ་ལོའི་ལོ་གསར་ཉིན་བོད་ མདོ་སྨད་རྔ་བ་རྨེའུ་རུ་མ་དང་རྔ་བ་ཁྲོམ་གཞུང་སོགས་ནས་ལོ་གསར་རྒྱུའི་དོད ་དུ་ཚོང་སྒོ་ཕྱེ་བ་དང་། སྟོད་གོས་ཕུད་ཅིང་རྩམ་སྐྱ་བགམ་སྟེ་རང་ལུས་མེར་བསྲེགས་གནང་བའི་དཔའ་བོ་དཔའ་མོར་ཚོར་མྱ་ངན་གུས་འདུད་ཀྱིས་རྗེས་དྲན་དང་། ལོ་རྒན་པ་རྣམས་ཀྱིས་མ་ཎི་དང་སྟོང་བཤགས་གྲང་གསོག མཆོད་མེ་བརྒྱ་མཆོད་དང་སྟོང་མཆོད་སོགས་རང་འགུལ་གྱིས་སྤར་ཏེ་ཆོས་ཕྱོགས་ཀྱི་ཡོ་ལང་གཞི་རྒྱ་ཆེ་བ་ཞིག་རྩོམ་བཞིན་པ་དང་དགོང་མོ་ཡང་མར་མེ་ཁྲོམ་སྐོར་བྱ་རྒྱུའི་རྣམ་འགྱུར་ཡོད་ཚུལ་བཤད་བྱུང་། འཇིགས་སྣང་ཅན་གྱི་གནས་ཚུལ་དེ་ཞིབ་ཕྲ་ཤེས་རྟོགས་ཆེད་བཙན་བྱོལ་བོད་མིའི་གཞུང་སྒེར་གཉིས་ཀྱི་གསར་ལམ་ཁག་ལ་ཉུལ་ཡང་གནས་ཚུལ་དེ་སྐོར་གང་ཡང་མཐོང་ཐོས་མི་འདུག
ཚང་མས་རྒྱུས་མངའ་བཞིན་བར་ལམ་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཛ་ཇེ་དྲག་ཏུ་འགྲོ་བཞིན་པ་དང་། དེའི་ཐད་ཨ་རི་གཞུང་དང་། ས་ཧྥ་རན་སི་གཞུང་། འཇར་མན་གཞུང་རྣམས་ཀྱིས་གཅིག་རྗེས་གཅིག་འཕྲོར་རྒྱ་ནག་ལ་སྐྱོན་བརྗོད་གནང་ཡོད་པ་མ་ཟད། པེ་ཅིང་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་དང་། མཉམ་འབྲེལ་རྒྱལ་ཚོགས་བཅས་ནས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད་གནང་ཡོད། དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་ཀྱང་ཉེ་ཆར་སྙན་ཐོ་འདོན་སྤེལ་བྱས་ཏེ་བོད་ཀྱི་གནད་དོན་གཙོ་བོར་ཚུད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད་བྱས་ཡོད་ལ། རང་མིན་ཨ་རིའི་ནང་བོད་ཀྱི་གནད་དོན་སྐོར་ལ་ཉམས་ཞིབ་ཚོགས་འདུ་ཞིག་བསྐྱང་འཆར་ཡོད་པ་སོགས་ནི་ཉེ་བའི་ཁྲོད་ཀྱི་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གྱི་གཡོ་འགུལ་ལམ་མཐོ་རླབས་ཤིག་ཡིན།
རེད་ཡ། སྟབས་ཡག་པའི་མཐོ་རླབས་དེ་དག་ནི་མེ་མདའི་རྩེ་གྲིའི་འོག་འཚོ་བཞིན་པའི་གཞིས་ལུས་བོད་མི་ཚོའི་སྙིང་སྟོབས་དང་། མངོན་འདོད། ཆོད་སེམས་བརྟན་པོ་བཅས་ལ་བརྟེན་ནས་བྱུང་ཡོད། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གྱི་འཕྲིན་ལས་རྒྱས་བཞིན་པའང་ཁོང་ཚོའི་བཀའ་དྲིན་ཡིན། བོད་མི་ཚོ་འ་ཆད་ཨུ་ཐུག་གིས་བློས་གཏོང་ཆེན་པོའི་དུས་འགྱུར་ཞིག་ལ་མངོན་དུ་ཕྱོགས་པའི་སྐབས་འདིར་ང་ཚོས་ངེས་པར་དུ་དུས་ཚོད་དང་གོ་སྐབས་དམ་འཛིན་བྱ་ཤེས་དགོས། ཁ་གསལ་བོར་བཤད་ན། རྒྱལ་སྤྱིའི་ཐོག་གི་བོད་ཀྱི་གནད་དོན་དེ་དག་ཁོར་ཡུག་གཉིས་པ་ཞིག་བརྒྱུད་ནས་རྒྱུས་ལོན་བྱེད་ཀྱི་ཡོད་པ་དང་། དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་ཡིག་ཆ་ཁག་ལ་གཙོ་བོར་བརྟེན་བཞིན་ཡོད། དེར་བརྟེན་རྩོམ་ཡིག་འདིའི་མགོ་བརྗོད་ཀྱི་ཁ་བྱང་སྟེ་‘‘བོད་ནས་མེ་འབར་ཐུབ་ན་བཙན་བྱོལ་ནས་དུ་བ་འཕྱུར་ཐུབ་དགོས་’’ཞེས་པ་དེ་ཡང་། བོད་ནས་གནས་ཚུལ་གང་ཞིག་བྱུང་མ་ཐག་གནས་ཚུལ་དེ་ཚོ་རྒྱལ་སྤྱིའི་གསར་ལམ་ཁག་ལ་ཁུང་འཕེར་བརྒྱུད་སྒྲོག་གིས་བོད་ནང་གི་ལས་འགུལ་དང་ཁྱབ་བསྒྲགས་གཉིས་དུས་ མཉམ་ཡོང་ཐུབ་པ་ཞིག་ལ་ང་ཚོས་འབད་བརྩོན་བྱ་དགོས། རང་དབང་གི་ཁོར་ཡུག་ན་འཚོ་བའི་བོད་མི་ཚོས་བྱེད་ཐུབ་པའི་ལས་དོན་ཡང་དེ་ཡིན་པར་བསམ་ལ། དེ་ལྟར་བྱས་ན་བོད་ ནང་གི་ལས་འགུལ་དག་དང་དཔུང་བ་མཉམ་གཤིབ་དང་གོམ་པ་མཉམ་སྤོས་བྱ་སྟངས་ཤིག་དང་། ལས་འགུལ་གྱི་ཐབས་བྱུས་འདིང་སྟངས་ཤིག་ཀྱང་ཅི་ལ་མིན།
ཡིན་ནའང་དེ་རིང་རྒྱ་ལོའི་ལོ་གསར་ཚེས་གཅིག་ཉིན་ཁམས་བྲག་མགོར་བོད་ཀྱི་རྒྱལ་དར་བསྒྲེངས་ཤིང་། མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ་བོད་མི་ཤི་རྨས་ཚབས་ཆེན་དང་། དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་གནས་ཚུལ་དེ་ཚོ་བོད་ཀྱི་དུས་བབ་དྲ་བར་ཁྱབ་སྤེལ་བྱས་ཏེ། དུས་ཚོད་གསུམ་ཙམ་གྱི་རྗེས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གནས་ཚུལ་སླེབས་ཡོད། དེ་དང་ཕྱོགས་མཚུངས་འདས་སོང་རྣམས་སུ་ཡང་གནས་ཚུལ་མང་པོ་ཞིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་རྣམས་སུ་སྒེར་གཉེར་གསར་ལམ་ཁག་ཏུ་ཐོན་པ་ཁག་ཅིག་བསྐྱར་བསྒྲིགས་བྱས་ཏེ་བཀོད་པའང་གང་འཚམས་བྱུང་ཡོད།
གནད་དོན་འདིས་ཇི་ཞིག་གསལ་བཤད་ཐུབ་དམ་ཞེ་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཐད་ཀར་བོད་ནང་གི་ལས་འགུལ་ཁག་ལ་སྙོབ་ཐུབ་ཀྱི་མེད་པ་དེ་མཚོན་ཞིང་། དེའི་རྐྱེན་ གྱིས་རྒྱལ་སྤྱིའི་བར་དང་བོད་ནང་གི་ཛ་དྲག་གི་ལས་འགུལ་གཉིས་དབར་ལ་འབྲེལ་མཐུད་བྱ་རྒྱུར་འཕྱི་དྲག་པ་སོགས་འཐུས་ཤོར་གནས་སྟངས་གང་འཚམས་ཤིག་འབྱུང་བཞིན་པ་ཤོད་ ཅི་ལ་དགོས། དེ་བཞིན་ཉེ་བའི་ཆར་སེ་ར་ཉེ་འཁྲིས་ཀྱི་གྲོང་ཚོ་ཞིག་ལ་རྒྱ་ནག་དྲག་ཆས་ཉེན་རྟོག་པ་དང་དམག་མི་ཟུང་འབྲེལ་གྱིས། བོད་མི་འཛིན་བཟུང་བྱེད་བཞིན་པའི་ཡ་ངའི་འོད་སྡེར་ཞིག་སླེབས་པ་དེ་ཡང་ཚད་མཐོ་བོའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་འགྲེམས་སྤེལ་མ་ཐུབ་པ་སོགས་ནི་དུས་ཚོད་དང་གོ་སྐབས་དམ་འཛིན་བྱེད་སྟངས་མ་ཤེས་པའམ་ཡང་ན་ལྷོད་གཡེང་དུ་ཕྱིན་པའི་སྐྱོན་ཆ་ཞིག་རེད་སྙམ།
རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གྱི་ཚ་རླབས་གང་འཚམ་ཞིག་རྒྱས་བཞིན་པའི་སྐབས་སུ་ང་ཚོ་གཞུང་དམངས་གཉིས་ཀ་སོས་དལ་ལྷོད་གཡེང་ངང་བཞུགས་པའི་དུས་མིན་པར། རྣ་བ་བོད་ལ་གཟེད་ཅིང་མིག་གིས་བོད་ལ་ལྟ་བར་ཐབས་བརྒྱ་ཇུས་གཏོང་གིས་དུས་ལྟར་གནས་ཚུལ་རྒྱུས་ལོན་དང་། རྒྱལ་སྤྱིའི་ཐོག་སྙན་སྒྲོན། སྐབས་བབས་བྱ་འགུལ་ཅི་ཞིག་རྩོམ་དགོས་མིན་ཐད་གྲ་སྒྲིག་ཨང་གསར་བྱས་ཏེ། ང་ཚོ་རྟག་པར་གཞིས་ལུས་བོད་མི་ཚོ་དང་མཉམ་དུ་འགྲེང་ཐུབ་དགོས།
ང་ཚོས་གྲ་སྒྲིག་ཚང་མ་ང་ཚོའི་ཁ་གཏད་ཕྱོགས་ཀྱི་སྔོན་དུ་འགྲོ་དགོས་པ་ལས་རྗེས་སུ་ལུས་མི་རུང་། ཟླ་གཉིས་པའི་འགོ་སྟོད་ནས་བཟུང་བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་གནས་ཚུལ་ཐོན་ཡོད་པ་མ་ཟད། རྒྱ་ནག་དབུས་དྲ་རྒྱ་སྟངས་འཛིན་སྤྱི་ཁྱབ་ཀྱིས་དྲ་ལམ་བེད་སྤྱོད་གནང་མཁན་རྣམས་སུ་ངོ་རྟགས་ཆོད་པའི་དཔང་ཡིག་དགོས་པའི་ལས་གཞི་ཞིག་ཀྱང་གསལ་བསྒྲགས་བྱས་ཡོད། དེ་བཞིན་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་དང་། རྒྱ་ནག་སྲིད་བློན་ཝུན་ཇ་པའོ་ཡིས་བལ་ཡུལ་ནང་གཟིགས་སྐོར་དང་ རོགས་སྐྱོར་ལས་གཞི། ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་འཚོགས་པའི་ཚོགས་ཆེན་གཉིས་དང་། རྒྱ་གར་མུམ་བྷེ་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གིས་རྩ་འཛུགས་ལྡན་པའི་གསང་ཉུལ་བ་མི་བདུན་ཆེད་གཏོང་གིས་བཙན་བྱོལ་ནང་གི་ལས་གཞི་ཁག་ལ་རྟོག་ཞིབ་བྱ་རྒྱུ་ཡིན་པའི་གནས་ཚུལ་རྣམས། བོད་ནང་གི་མིག་སྔར་གྱི་ཛ་དྲག་གནས་བབ་དང་། སླེབས་ལ་ཉེ་བའི་སུམ་བཅུའི་དུས་དྲན་ལ་དམིགས་ཡོད་པ་ཞིག་ཡིན་སྲིད་ལ། ལར་ནས་ཉེན་ཁ་ཆེ་ཤོས་ཏེ་མི་རིང་བར་རྒྱ་གཞུང་གིས་བོད་ཡོངས་ལ་སྒོ་རྒྱག་པའི་སྲིད་བྱུས་ཤིག་སྤེལ་ཉེན་ཡོད་པ་དེ་རེད། གལ་སྲིད་དེ་ལྟར་ བྱས་ན་ང་ཚོས་ཇི་ལྟར་བོད་ནས་མེ་འབར་ན་བཙན་བྱོལ་ནང་དུ་བ་འཕྱུར་ཐུབ་པའི་ལས་འཆར་འགོད་རྒྱུ་ཡིན་ནམ། གནད་དོན་འདིའི་ཐད་གཞུང་སྒེར་གཉིས་ནས་མ་འཕྱི་ཞིང་མ་འགྱོད་
པའི་གྲ་སྒྲིག་ཅིག་ལ་བརྩོན་དགོས་པར་འདོད་དོ།།
རྒྱུ་མཚན་འདུག
ཁྱེད་ཀྱིས་ཤོད་པ་ལྟར་ད་ང་ཚོས་གཟབ་གཟབ་དགོས་པའི་དུས་ཤིག་ལ་སླེབས་ཡོད་པ་འདྲ།
བཀའ་ཤག་གསུངས་བྱོན་རོགས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་མེ་མདའ་ལ་ཡང་ཞེ་སྣང་མེད་འདུག་གོ།། །།
ཡག་པོ་བྲིས་འདུག
ངོ་མ་སེམས་ལ་འབབ་པའི་ལམ་སྟོན་གནང་འདུག བཀའ་དྲིན་ཞུ། བཙན་བྱོལ་སྒྲིག་འཛུགས་ཀྱི་དྲ་རྒྱ་དེར་འགྲོ་སོང་ཧ་ལས་པ་གཏོང་གི་ཡོད་ཀྱང་གསར་གནས་ལ་༧གོང་ས་མཆོག་གི་ཆིབས་དང་གསུང་བཤད་ཁག་མ་གཏོགས་བོད་གནས་གསར་འགྱུར་ཧ་ཅང་ཉུང་ཉུང་རེད། མ་གཞི་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་དཔོན་རིག་དང་འབྲེལ་ཡོད་ཚོར་འཆར་གཞི་དང་སྔོན་དཔག་གི་གྲ་སྒྲིག་གང་ཡང་མེད་པ་མངོན་གསལ་དོད་པོོ་རེད། རྡོ་བ་བཙུར་ནས་སྣུམ་ཐོན་རྒྱུ་མེད་པ་རེད།
བོད་ནང་ནས་མེ་འབར་ཐུབ་ན་བཙན་བྱོལ་ནས་དུ་བ་འཕྱུར་དགོས་ཟེར་དེ་དངོས་གནས་ཟེར་ན་ཆུང་མེད་ན་འགྲིག་འདུག་སྙམ། གང་ཡིན་ཟེར་ན་འདིས་འཐབ་རྩོད་དེ་མི་རེ་གཉིས་ཞིག་གི་འཐབ་རྩོད་མ་ཡིན་པ་བོད་མི་རིགས་ཞིག་གི་འཐབ་རྩོད་ཡིན། ཟབ་ས་ནས་མེ་འབར་ནུས་དུས་མི་ཟབ་ས་ནས་དུ་བ་ལོས་ཕྱུར་དགོས། ཡིན་ནའང་བཙན་བྱོལ་ནང་གི་མི་འདི་མགོ་བདེ་རེ་མ་གཏོགས་བོད་དོན་ལ་སེམས་མཁན་ཉུང་ཉུང་རེད། ཁ་ནས་བོད་དོན་ཟེར་ཡང་དོན་ལ་རང་དོན་ཁོ་ན་བྱས་ནས་ལས་འགུལ་དཔེར་གྱི་རེད། བདག་ལྟ་བུ་ལ་མཚོན་ན་བོད་དོནཟེར་ནི་ལས་ཀ་མི་འཇོན་ཡང་བདག་དོན་བསྒྲུབས་པའི་མགོ་བདེ་དེ་ཚོ་རང་མ་ཡིན། གཞུངས་སྒེར་སུས་ལས་ཀ་ལས་ན་མགོ་བདེ་གཡོ་འཁྲུལ་མེད་པ་ངའི་རེ་བ་ཡིན། ལས་ཀ་ག་རེ་བསྒྲུབ་ན་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་མཁན་ལ་ངས་སྙིང་ཐག་པས་ནས་ཐུགས་རྗེ་ཆེ་ཞུ།།
སྐད་ཆ་འདི་ལ་ངོ་མ་གནས་ལུགས་ཡོད་ཀི
རྟ་དཀྱིས་ས་བོད་དང་རྟ་རྒྱུགས་ས་རྒྱ་གར་གྱི་ཚུལ་དུ་སོང་འདུག མེ་འབར་ས་གང་ཡིན་ན་དུ་བ་འཕྱུར་ས་དེ་ཡིན་དགོས་པ་ཞིག་ནི་ཆོས་ཉིད་ཡིན། རྒྱུ་འབྲས་ལ་རྨོངས་པའི་ལུང་ཡིག་དེ་ཚོ་འཕྱུར་གིན་མ་འདུག
རབ་ཡིན་ན་རྒྱ་གར་ནས་མེ་དེ་ལས་མི་ཚད་པ་ཞིག་འབར་དགོས་པ་དང་དུ་བ་ཡང་དེ་ལས་མི་ཚད་པ་ཞིག་འཕྱུར་དགོས།
ཅོག་རོང་གི་མྱི་ཞེས་པ་འདིས། རྩོམ་ཡིག་ཧྲིལ་བོ་མ་བཀླགས་པའམ། ཡང་ན་ནང་དོན་མ་རྟོགས་པར་ཁ་བྱང་གཅིག་པོ་མཐོང་སྟེ་ངར་ལང་གི་འདུག འདི་འདྲའི་རིགས་ལ་སྙིང་རྗེ་དགོས་པ་ཞིག་རེད།
རང་བཙན་གྱི་དུ་བ་འཕྱུར་དགོས་སམ། ཡང་ན། གཉིས་སྨན་དབུ་མའི་དུབས་སྒྲིག་འཐུས་ཡོད་དམ།