ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་དེ་རིང་བར་མགོ་ལོག་ཨ་རྐྱོང་ཇོ་ནང་དགོན་པའི་དགེ་འདུན་པ་དང་པདྨ་རྫོང་གི་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་མཚམས་འཇོག་བྱས་མི་འདུག
ངྷ་སར་གནས་བཞུགས་ཚངས་དབྱངས་རྒྱ་མཚོ་ལགས་སུ་བོད་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་གསལ་ལ། དེ་རིང་ཉིན་གུང་མགོ་ལོག་པདྨ་རྫོང་ངྷི་མདའ་ཡུལ་འཚོ་རུ་བོད་མི་ཚོས་ཞི་རྒོལ་བྱས་ཏེ། པདྨ་རྫོང་གི་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་འབྱོར་ཡོད་འདུག་ཀྱང་། ད་སྔ་ཞི་རྒོལ་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་པ་མ་ཟད། ཞི་རྒོལ་བ་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར།
ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡།༣༠ ཙམ་ནས་མགོ་ལོག་ཨ་སྐྱོང་ཇོ་ནང་དགོན་པའི་གྲྭ་ཉི་ཤུས་རྫོང་ཐོག་ཏུ་ཞི་རྒོལ་བྱས་ཡོད་ལ། སྐབས་དེར་ཁོང་ཚོའི་ལག་ཏུ་གོང་ས་མཆོག་གི་སྐུ་པར་དང་ནང་པའི་ཆོས་དར། དེ་བཞིན་འཕྲེད་དར་ཆེན་པོ་གསུམ་བཅས་བཟུང་ཡོད་པ་ལས་འཕྲེད་དར་གཅིག་གི་སྟེང་དུ་ “ ང་ཚོར་རང་དབང་དགོས ” ཞེས་དང་། ཡང་གཅིག་གི་སྟེང་དུ་ “ ཞི་བདེའི་དེད་དཔོན་བོད་ལ་ཕེབས་པར་རང་དབང་དགོས ”ཞེས་དང་། གཞན་ཞིག་གི་སྟེང་དུ་ “ པཎ་ཆེན་རིན་པོ་ཆེའི་གཙོས་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས ” ཞེས་བཀོད་ཡོད་འདུག
ཁོང་ཅག་གིས་རྫོང་གི་སྲང་སྨད་ནས་ཞི་རྒོལ་མགོ་བཙུགས་ཏེ་རྫོང་སྲིད་གཞུང་གི་སྒོ་མདུན་དུ་བསླེབས་སྐབས། དེར་ཡང་པདྨ་རྫོང་ལྕགས་རི་ཡུལ་ཚོ་འབྲུས་སྒང་དགོན་པའི་གྲྭ་བ་དྲུག་གིས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་བཟུང་ཞིང་། མགོར་རས་དཀྲིས་ཡོད་པའི་སྟེང་དུ་ “ བོད་རང་བཙན་ཡིན ” ཞེས་འཁོད་ཡོད་ཡོད་འདུག ཁོང་ཚོས་མཉམ་དུ་སྐད་འབོད་བྱས་ཏེ་སྲང་བར་དུ་སྐོར་བ་གསུམ་བྱས་རྗེས། སྲང་དཀྱིལ་དུ་ཨར་འདམ་ལས་བཟོས་པའི་མེ་ཏོག་པདྨ་འདབ་བརྒྱད་ཆེན་པོ་ཞིག་ཡོད་པ་དེའི་སྟེང་དུ་སྐུ་པར་དང་ཆོས་དར། འཕྲེད་དར་བཅས་ཕྱར་ཏེ་ལས་འགུལ་མཚམས་འཇོག་བྱས་འདུག ཉིན་དེར་དམག་དང་ཉེན་རྟོགས་པས་འདྲ་པར་རེ་བླངས་པ་ཙམ་ལས་འཛིན་བཟུང་བྱས་མི་འདུག
ཕྱི་ཚེས་ ༡༩ ཉིན་རྫོང་གི་ལས་བྱེད་པ་ཨ་སྐྱོང་ཇོ་ནང་དགོན་དུ་ཡོང་སྟེ་ཁ་སང་སྐད་འབོད་བྱེད་མཁན་གྱི་གྲྭ་བ་དག་རྩིས་སྤྲོད་དང་མགོ་བཏགས་བྱས་ན་གུ་ཡངས་གཏོང་ཚུལ་དང་། དེ་མིན་ན་དགོན་པའི་ཆོས་སྒོ་རྒྱག་རྒྱུ་ཡིན་པ་མ་ཟད། གྲྭ་བ་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་ཚུལ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་ཀྱང་། དགོན་པས་གྲྭ་བ་དག་རྩིས་སྤྲོད་མ་བྱས་པར་མ་ཟད། གྲྭ་བ་དག་གིས་ཀྱང་མགོ་བཏགས་བྱས་མི་འདུག
ཕྱི་ཚེས་ ༢༠ ཉིན་ཨ་སྐྱོང་ཇོ་ནང་དགོན་ནང་དུ་རྫོང་ཉེན་རྟོག་པ་དང་། དམག་མི་ཕོན་ཆེན་འབྱོར་ཏེ་གྲྭ་བ་དག་འཛིན་བཟུང་དང་ཆོས་སྒོ་རྒྱག་རྩིས་བྱས་སྐབས། ཨ་སྐྱོང་སྡེ་བའི་སྡེ་མི་ ༧༠༠ ལྷག་དགོན་པར་འཛོམས་ཏེ། སྐོར་བ་བྱས་པའི་ཁུལ་གྱིས་དགོན་པའི་གྲྭ་མང་སྲུང་སྐྱོབ་བྱས་ཡོད་སྟབས། ཉེན་རྟོག་པ་དང་དམག་མི་ཚོས་དགོན་པ་སྒོ་རྒྱག་ཐུབ་མེད་པ་མ་ཟད་གྲྭ་བ་དག་ཀྱང་འཛིན་བཟུང་བྱེད་ཐུབ་མེད།
ཕྱི་ཚེས་ ༢༡ ཉིན་འབྲུས་སྒང་དགོན་དང་ཨ་སྐྱོང་ཇོ་ནང་དགོན་གཉིས་སུ་རྫོང་སྲིད་གཞུང་གི་ལས་ཁུངས་བཙུགས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས་སྤེལ་མགོ་བརྩམས་ཡོད་ཀྱང་། ཨ་སྐྱོང་ཇོ་ནང་དགོན་པའི་ནང་ད་སྐབས་གྲྭ་བ་གཅིག་ཀྱང་མེད་པས་ཁོ་ཚོས་སློབ་གསོ་གཏོང་ས་རག་མེད་ཀྱང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། ཚེས་ ༡༨ ཉིན་ཞི་རྒོལ་བྱེད་མཁན་གྱི་གྲྭ་བ་དག་ད་སྐབས་རིའི་སྒང་དུ་བྲོས་བྱོལ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་ ༢༤ མགོ་ལོག་པདྨ་རྫོང་དབང་རུས་ཡུལ་ཚོའི་མི་སྐྱ་དྲུག་གིས་པདྨ་རྫོང་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་སྐད་འབོད་བྱས་ཡོད་འདུག་ལ། སྐབས་དེར་རྫོང་ཉེན་རྟོག་པ་དང་། དམག་མི་ཕོན་ཆེན་འབྱོར་ནས་ཁོང་ཚོ་འཛིན་བཟུང་བྱས་ཡོད་པར་མ་ཟད། སྐབས་དེར་ཁོང་ཚོར་གཅར་རྡུང་ཚད་ལས་བརྒལ་བ་བཏང་བར་བརྟེན་ཉེ་འཁོར་གྱི་བོད་པ་དག་གི་སེམས་ཀྱིས་མ་བཟོད་པར་གྲྭ་བ་དེ་དག་ཉེན་རྟོག་པའི་ལག་ནས་འཕྲོག་རྩིས་བྱས་ཀྱང་། ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་བའི་དབང་གིས་འཕྲོག་ཐུབ་མེད་པ་མ་ཟད། མང་ཚོགས་ལ་རྡུང་རྡེག་ཚབས་ཆེན་ཐེབས་ཏེ་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། སླར་ཡང་མི་དྲུག་འཛིན་བཟུས་བྱས་ཡོད་ཀྱང་། ཁོང་ཅག་ཕྱི་ཚེས་ ༢༥ ཉིན་ཀློད་གྲོལ་བཏང་ཡོད་པའི་གནས་ཚུལ་འདུག
ཕྱི་ཚེས་ ༢༥ ཉིན་མགོ་ལོག་པདྨ་རྫོང་སྟག་མཁར་ཡུལ་ཚོ་རུ་ཞི་རྒོལ་བྱས་ཡོད་པ་དང་། དེ་བཞིན་དུ་མགོ་ལོག་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོ་ནས་ཞི་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་ཁ་གསལ་ཤེས་རྟོགས་མ་བྱུང་ཞེས་ངོ་སྤྲོད་གནང་བྱུང་།
༼བོད་ཀྱི་དུས་བབ་དྲ་ངོས་ནས་འདིར་འདྲེན་བཀོད་ཞུས་པ་ལགས།༽
xxxxxxxxxxxxxxxxxxxxx
དེ་རིང་ནས་ཁ་བརྡའི་མགྲོན་པོ་ཟེར་བའི་མཆན་ཞབས་པ་དེ་བཀག་ཡོད་། ཁ་བརྡའི་མགྲོན་པོ་ལགས་ནས་སྨྱུག་མིང་གཞན་བེད་སྤྱོད་གནང་རོགས།
ཁ་བརྡའི་མིང་བེད་མ་སྤྱོད་རོགས། དེ་ཙམ་ཞུ།
ཁ་བརྡའི་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
རྩོམ་སྒྲིག་པ་ལགས། དགོངས་དག ཁ་བརྡ་རྩོམ་སྒྲིག་པ་ལགས། ཁ་བརྡ་འཁོད་ན་འགལ་བ་དང་ནོར་བ་ག་རེ་ཡོད་རེད། སྒང་ལ་ཁ་བརྡ་ཟེར་བའི་ཚིགས་དེ་བེད་སྤྱོད་བཏང་ན་བཀག་གི་ཡིན་གསུང་མི་འདུག་ག མ་ཤེས་པ་རང་ཡིན་། རྒྱུ་མཚན་ཡོད་ན་གསུང་དང། ང་རང་མཁས་པོ་མེད་པར་། དཀའ་ལས་རྒྱབ་བསམ་བློ་བཏང་ནས་འབྲིས་པ་ཚང་མ་སུབ་དུས་དཔེ་བློ་འཕམ་བྱུང།
ངས་བཤད་སའི་ཕྱོགས་སུ་མ་རེད་བ། ཨ་ཙི་ཀུ་རེ་ཡིན།