གཅིག བོད་པས་རྒྱ་ནག་ལ་ལྟ་སྟངས།
ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་པ་ཚོར་དཔལ་འབྱོར་གྱི་རོགས་རམ་བྱས་ནས་རྒྱལ་ཁབ་ལ་དགའ་ཞེན་ཉོ་རྒྱུའི་ཚོང་འཆར་ཞིག་བསྒྲགས་སོང་། ད་ཡང་མགོ་ཁྲིད་བཞིའི་པར་དང་། རྒྱལ་དར་སོགས་དགོན་སྡེ་ཁག་ནང་བཤམས་ནས་རྒྱལ་ཁབ་ལ་དགའ་ཞེན་ཉོ་རྒྱུའི་ཚོང་འཆར་ཞིག་གསལ་བསྒྲགས་བྱས་སོང་། ཚོང་འཆར་འདི་ཚང་མ་ས་གནས་ཀྱི་མགོ་ཁྲིད་དང་ལས་བྱེད་གནད་ཡོད་དེ་ཚོས། བོད་ནང་མ་བདེ་བ་བཟོས་ཏེ་མང་ཚོགས་ཡར་ལངས་བཅུག དེ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཐད་ལ་ཁ་གཡར་ནས་སོ་སོའི་གོ་གནས་དང་ཕོགས་ཐོབ་འཕར་ཐབས་ཀྱི་སྟེང་ལ་ཚུར་འཁོར་ཡོང་བ་ཞིག་བཟོ་བའི་འཁོར་སྐྱོད་ཅིག་རེད། འཁོར་བསྐྱོད་འདིས་ཉིས་སྟོང་བཅུ་གཉིས་ལོའི་གྱེན་ལངས་ཤིག་འཕྱུར་བའི་རྐྱེན་བྱེད་ཀྱི་རེད།
ཕྱི་ལོ་ ༡༩༥༡ ཟླ་ ༡༢ ཚེས་ ༡ ཉིན་ནི་རྒྱ་ནག་གི་དྲག་པོའི་དམག་དཔུང་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་པའི་དུས་ཚོད་རེད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་དབང་འོག་བསྡུས་པ་རེད། བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དམར་གསོད་དོན་རྐྱེན་ཆེ་ཤོས་དེ་ནི་དུས་སྐབས་དེའི་ནང་བྱུང་ཡོད། བོད་མི་འབུམ་བཅུ་གཉིས་རྐྱེན་འདས་གྱུར་པའང་དུས་སྐབས་དེའི་ནང་བྱུང་ཡོད།
རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དེ་ནས་བཟུང་། དམངས་གཙོའི་བཅོས་བསྒྱུར་ཟེར་བ་དང་། རིག་གསར་གྱི་ལས་འགུལ་སོགས་སྤེལ་ནས། དམར་ཤོག་གི་མགོ་ཁྲིད་ཚོའི་པར་མང་པོ་བཀྲམས་ཤིང་། སྒྲིག་གཞི་ལྡན་པའི་ཐོག་ནས་པར་དེ་ཚོ་བདག་གཅེས་བྱེད་པའི་སྟངས་འཛིན་བཟོས་པ་རེད། ཕལ་ཆེར་བོད་ཀྱི་རི་ལུང་གང་སར་མཐོང་རྒྱུ་ཡོད་པ་ཞིག་བྱས་པ་རེད། བྲང་གི་ཤ་ལ་ཨི་ཁུང་བརྟོལ་ནས་མའོ་ཙེ་ཏུང་གི་པར་འདོགས་པའི་བར་དུ་ལས་འགུལ་སྤེལ་ཡོད།
ཕྱི་ལོ་ ༡༩༧༦ ལོའི་ཟླ་ ༩ ཚེས་ ༩ ཉིན་མའོ་ཙེ་ཏུང་ཚེ་ལས་འདས་པ་རེད། བོད་རིགས་ཐེ་བའི་རྒྱ་ནག་གི་དབང་སྒྱུར་འོག་གི་མི་རིགས་ཚང་མས་འགྱུར་བ་གསར་པ་ཞིག་ལ་རེ་བ་བྱས་པ་རེད། རེ་བ་བྱས་པ་ནང་ལྟར་འགྱུར་བའང་གང་འཚམ་ཐེབས་པ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་མེད། ད་ལྟའི་ཆ་ལ་མཚོན་ན། རྒྱ་ནག་སྐམ་སའི་ཁྱོན་ན་མའོ་ཙེ་ཏུང་སོགས་དམར་ཤོག་མགོ་ཁྲིད་ཚོའི་པར་ཆེན་པོ་མཐོང་རྒྱུ་ཡོད་པ་ནི་ཕལ་ཆེར་བོད་ཙམ་རེད། ནང་སོག་དང་ཞིན་ཅང་ཁུལ་ན་རེ་ཤས་མཐོང་རྒྱུ་ཡོད། མའོ་ཙེ་ཏུང་གི་པར་དེ་དག་ནི་བོད་མི་ཚོས་བརྩི་ཆེས་ནས་བྱུང་བ་མ་རེད། དེ་ནི་རྒྱ་ནག་གཞུང་གིས་རིན་མེད་ཀྱིས་འགྲེམས་ཀྱི་ཡོད་པ་དང་། དེ་མ་བཤམས་ན་ཉེས་མིང་སྣ་ཚོགས་བཏགས་ནས་ཁྲིམས་སྒོར་འདེད་ཀྱི་ཡོད་པས་རེད།
མའོ་ཙེ་ཏུང་འདས་རྗེས། རིག་གནས་གསར་བརྗེའི་རླུང་འཚུབ་དེ་ཡང་རིམ་བཞིན་འཇགས་མགོ་ཚུགས་ཤིང༌། གཞུང་གི་ཆབ་སྲིད་དང་མང་ཚོགས་ཀྱི་བསམ་བློ་ཕྱོགས་གཉིས་ཀར་འགྱུར་བ་ཐེབས་མགོ་ཚུགས་ཡོད། འགྱུར་བ་དེ་བཅོས་སྒྱུར་སྒོ་འབྱེད་ནས་རིམ་བསྟུད་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་བར་སླེབས་མཚམས། འགྱུར་བ་དེ་དག་གིས་བོད་འདི་རྩ་མེད་བཟོ་བ་ཞིག་ལས། བོད་འདི་སྐྱོབ་པའི་མཐོང་སྣེ་གང་ཡང་མངོན་ཐུབ་མེད། ད་གཟོད། དར་ཆ་དམར་པོའི་འོག་ནས་འཚར་ལོངས་བྱུང་ཞིང་། དམར་ཕྱོགས་པའི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་བོད་ཀྱི་མི་རབས་གསུམ་པས་རྒྱ་ནག་གཞུང་གིས་ད་ལྟ་བར་སྤེལ་བའི་སྲིད་བྱུས་དང་བཅས་པར་ངོ་རྒོལ་བྱེད་པ་འདི་བྱུང་ཡོད། རྒྱ་ནག་གཞུང་གིས་ཞི་བའི་བཅིངས་འགྲོལ་བཏང་ཡོད་ཟེར་བའི་བོད་ས་ཡོངས་ལ་མཚོན་ན། རྒྱ་ནག་ནི་བཙན་འཛུལ་བ་ཞིག་ཏུ་བལྟ་བའི་ངོས་འཛིན་ཐད་ནས་གཅིག་གྱུར་ཆགས་ཡོད། འདི་ནི་སུ་གང་གིས་ཀྱང་བཤིག་མི་ཐུབ་པའི་བོད་མིའི་གོང་བུའི་ནུས་པ་དེ་ཡང་རེད།
གཉིས། བོད་རྒྱའི་བར་གྱི་འགལ་བ།
ལོ་ལྔ་བཅུ་ཕྱིན་ཚར་བ་རེད། དུས་རབས་ཕྱེད་ཀ་རྫོགས་པ་རེད། རྒྱ་ནག་གིས་ཞི་བའི་བཅིངས་འགྲོལ་ཟེར་བའི་ཐ་སྙད་ཅིག་ནས་མགོ་བཙུགས་ཏེ་བོད་གླེང་གིན་ཡོད། བོད་མི་རིགས་ཀྱིས་བཙན་འཛུལ་ཞེས་པའི་ཐ་སྙད་ཅིག་ལ་འཇུས་ནས་བོད་གླེང་གིན་ཡོད། གླེང་སྟངས་འདི་གཉིས་འགལ་བ་ཅན་གྱི་གླེང་སྟངས་གཉིས་ཆགས་ཡོད་ལ། བོད་རྒྱའི་དབར་གྱི་འཐབ་རྩོད་ཀྱང་འགལ་བ་འདིར་ཐུག་ཡོད།
འདས་དོན་ལ་ཕྱིར་མིག་རེ་འཕངས་པ་ཡིན་ན། བོད་མི་ཚོས་བདེན་དོན་འཐབ་རྩོད་འདིའི་ཆེད་བློས་གཏོང་མང་པོ་ཞིག་བྱས་ཡོད།
ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་གིས་སྐར་མ་ལྔ་བཀོད་པའི་རས་ཡུག་དམར་པོ་ཞིག་གནམ་ལ་འཕྱར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་པ་རེད། དེ་ནས་ལོ་བཅུ་ཡི་རྗེས་ལ་བོད་ས་ཡོངས་རྫོགས་དར་དམར་དེའི་འོག་ལ་ཤོར་བ་རེད། ཐོབ་ཤོར་གྱི་བགྲང་བྱ་བཅུ་དེའི་རིང་། མཐོ་བ་ཁྲི་ཐོག་གི་བླ་མ་ནས་དམའ་བ་མི་སེར་དཀྱུས་མ་མང་པོ་ཁྱུ་འདེད་བྱས་ནས་ལྔ་ལམ་དུ་བརྫངས་པ་རེད། མང་དག་ཅིག་གིས་རི་ཀླུང་མྱུལ་ནས་འཇབ་དམག་བརྒྱབ་སྟེ་རྒྱ་དམག་ལ་འཐབ་འཛིང་བྱས་པ་རེད། སྲོག་རྒྱ་ལག་ཏུ་འཇོག་པ་ལས། རང་གྲིས་རང་སྐེ་བཅད་ནས་དཔའ་རྟགས་བཞག་ནས་བཞུད་སོང་བའང་གང་མང་མང་བྱུང་ཡོད། འདི་ཚང་མས། བོད་ཁ་བ་གངས་ཅན་གྱི་སྤྱི་དོན་ཆེད་ཚེ་སྲོག་ཕུལ་བ་རེད། བོད་གཞུང་གི་གྲངས་འབོར་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་འབུམ་བཅུ་གཉིས་རྐྱེན་འདས་ཀྱི་ལམ་དུ་བརྫངས་ཡོད།
རྒྱ་ནག་གི་དབང་ཤུགས་བོད་ལ་སླེབས་པ་ནས་དུས་དེ་རིང་བར། དྲག་པོས་འགོག་རྒོལ་དང་། ཞི་བའི་ངོ་རྒོལ་གྱི་ལས་འགུལ་བ་ཟམ་མ་ཆད་པར་བྱོན་ཡོད། ཐ་ན་དུས་ཚོད་སྐར་ཆ་རེ་རེའི་ནང་ལའང་ཆད་མྱོང་མེད། བཙོན་དུ་ཡོད་པའི་བཙོན་མ་ཚོས་ངོ་རྒོལ་བྱས་ཡོད་ལ། དགོན་པའི་གྲྭ་པ་ཚོས་ངོ་རྒོལ་བྱས་ཡོད། སློབ་གྲྭའི་སློབ་མ་ཚོས་ངོ་རྒོལ་བྱས་ཡོད། མདོར་ན། བོད་མི་ཡིན་ནོ་ཅོག་མ་སྐུལ་སེམས་པ་གཅིག་སྒྲིལ་གྱིས་ཉིས་སྟོང་བརྒྱད་ལོར་ཞི་བའི་སྒོ་ནས་གྱེན་རྒོལ་བྱས་ཡོད། ཡོངས་གྲགས་ཀྱི་ངོ་རྒོལ་ལས་འགུལ་དང་ཐབས་ལམ་ཚང་མ་བེད་སྤྱོད་མ་བྱས་པ་གཅིག་ཀྱང་མེད་པའི་ཚོད་དུ་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་ད་དུང་ཡང་བོད་ཀྱི་གནས་སྟངས་ནི་དུས་བདེ་ཞོད་འཇགས་ཀྱི་སྤྱི་ཚོགས་ཤིག་ཡིན་ཚུལ་སྒྲོག་གིན་ཡོད། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་ཀྱི་གནས་སྟངས་དངོས་དེ་བརྒྱུད་སྒྲོག་བྱས་ཆོག་གི་མེད། རྒྱ་གཞུང་ལ་མཚོན་ན། འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་དོན་ཚན་བྱེ་བྲག་པ་གཅིག་ཆགས་ཡོད། རང་དབང་གིས་བོད་ལ་འགྲུལ་བཞུད་གནང་མཁན་ཞིག་ཡིན་ན། དེ་ནི་བློ་ཡུལ་དུ་ཤོངས་དཀའ་བའི་གནས་སྟངས་ཤིག་ཡིན། འོན་ཏེ། རྒྱ་ནག་གཞུང་ལ་མཚོན་ན། དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།
བོད་གཞུང་མང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་ཐོབ་ཐང་ཞིག་ལ་རེ་འབོད་བྱེད་ཀྱིན་ཡོད་པར་ཡང་། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད། ད་ནི་བོད་པ་ཚོར་ཨ་ཆད་ཨུ་ཐུག་གི་མཐའ་ལ་སླེབས་པའི་ཚོར་སྣང་ཡོང་གི་ཡོད་པ་དང་། ལྷག་དོན་དར་ཆ་དམར་པོའི་འོག་ནས་འཚར་ལོངས་བྱུང་བའི་མི་རབས་གསར་པའི་ཁྲོད་དུ་ཚོར་སྣང་འདི་འགོག་མེད་དུ་ཡོང་གི་ཡོད།
གསུམ། མེ་ལྕེ་དང་ཚེ་སྲོག
ད་ནི་ལུས་སྲོག་མེ་རུ་སྦར་ནས་ཞུ་འབོད་དང་གྱེན་རྒོལ་གྱི་ལམ་བུ་ཞིག་འདེད་ཀྱིན་ཡོད། ཚེ་སྲོག་འདི་དག་དང་། མེ་ལྕེ་འདི་དག ད་ཆར་བོད་མི་ས་ཡ་དྲུག་གི་སྙིང་ཁོང་ན་འབར་མགོ་ཚུགས་ཡོད། མེ་ལྕེ་འདི་སུ་གང་གིས་གསོད་ཐུབ་ཀྱི་མ་རེད། མེ་ལྕེ་འདི་བདེན་པར་རྒྱལ་ཁ་མ་ཐོབ་བར་དུ་འབར་གྱི་རེད། མེ་ལྕེ་འདིའི་མཐའ་མཇུག་གི་འབར་སྟངས་དེ་ནི། རང་དབང་གི་དཔལ་འབར་ཞིག་གི་ཚེ་སྲོག་དང་འབྲེལ་ཡོད།
ཚ་ཞིང་སྲེག་པའི་རང་བཞིན་བཤད་ཅི་དགོས། མེ་སྟག་ཕྲ་མོ་ཙམ་གྱི་ཚ་ཟུག་ཀྱང་བཟོད་པར་དཀའ་བ་ཞིག་ཆགས་ཡོད། ལུས་སྲོག་མེ་རུ་བསྒྲོན་པ་ནི་སེམས་ནང་འཁོར་མི་ཐུབ་པ་ཞིག་རེད། མི་ཐུབ་པ་ཞིག་འདི་ལྟར་ཐུབ་པར་གྱུར་སོང་། དེ་ཡང་ཆད་མེད་ཀྱི་མེ་ལྕེའི་ཕྲེང་བ་ཞིག་ཏུ་གྱུར་སོང་། མེ་ལྕེའི་ཀློང་གི་སྐད་འབོད་དང་། མེ་ལྕེའི་ཀློང་གི་གོམ་སྒྲ་དེ་དག་ནི་ཇི་འདྲའི་ཐག་ཉེ་ཞིག་ན་མི་འདུག་གམ།
བོད་པས་རང་ལུས་མེ་རུ་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པ་ནི། ཕྱི་ལོ་ ༡༩༩༨ ལོར་འཛམ་གླིང་ན་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་རྒྱ་གར་གྱི་རྒྱལ་ས་རྡི་ལི་རུ་བྱུང་ཞིང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཁོང་ནི་རང་དབང་ལུང་པ་ན་འཚོ་བ་རོལ་བཞིན་པ་ཞིག་གི་ངོས་ནས། རང་གི་ལུས་སྲོག་མེ་རུ་སྦར་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་རེད། མེ་ལྕེ་དང་པོ་དེ་དེ་དུས་འབར་མགོ་ཚུགས་ཡོད། དེ་ནས་རིམ་པས་དུས་དེ་རིང་བར་མེ་ལྕེ་འབར་ཐེངས་ཉེར་གཅིག་བྱུང་ཡོད། དེ་རིང་ནི། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༥ རེད། ཉེ་ཆར་གྱི་མེ་རླབས་འདི་ནི། དར་དམར་འོག་ནས་འཚར་ལོངས་བྱུང་བའི་མི་རབས་ཀྱིས་སྦར་སོང་། མེ་སྦར་མཁན་འདི་ཚང་མ་དར་དམར་འོག་གི་ཤེས་ཡོན་སློབ་གསོ་ཆ་ཚང་རག་མཁན་གྱི་གྲས་སུ་གཏོགས་པ་འདི་ནི་ངེས་པར་བསམ་ཞིབ་བྱེད་དགོས་པ་ཞིག་རེད། འདི་ཚང་མས། མེ་རླབས་ཁྲོད་ཀྱི་ཚ་གཟེར་གྱི་ཚོར་སྣང་ལ་བཟོད་སྒོམ་བྱས་ཏེ། བོད་སྤྱི་ལ་རང་དབང་དགོས་པ་དང་། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་ཕེབས་འཇུག་དགོས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་ཡོད། འབོད་སྐུལ་ཞུ་ཡུལ་གྱི་གཞུང་དེས། འབོད་སྐུལ་ལ་ཉན་འཇོག་བྱེད་པའི་ཚབ་ལ་གནས་ཚུལ་འདི་སྐོར་སྦ་ཐབས་དང་། འཁྱོག་བཤད་བྱས་དང་བྱེད་མུས་སུ་ཡོད། ད་དུང་ཞི་བའི་ངོ་རྒོལ་དང་ཞུ་སྐུལ་བ་ཚོའི་ཁྲོད་མེ་མདའ་གང་བྱུང་བརྒྱབ་ནས་བསད་རྨས་ཀྱི་འཁོར་ལོ་བསྐོར་གྱིན་ཡོད། མི་དམངས་བཅིངས་འགྲོལ་དམག་ཟེར་བའི་དཔུང་སྡེ་དེ་ཚོས། རང་གི་མི་དམངས་ནང་མེ་མདའ་རྒྱག་གིན་ཡོད། ད་ནི་བོད་མི་རིགས་ཀྱི་བཟོད་སྒོམ་དེས་ཨར་གཏན་གྱི་མེད། མུ་མཐུད་ནས་མེ་ལྕེ་དང་ཚེ་སྲོག་གིས་འབོད་སྐུལ་བྱེད་ཀྱིན་ཡོད། ལས་འགུལ་འདི་ལས་སླ་པོར་མཚམས་ཆོད་ཀྱི་མ་རེད། མཚམས་ཚོད་པའི་དུས་ཚོད་ཅིག་ཡོད་པ་ཡིན་ན། དེ་ནི་བོད་མི་རིགས་ལ་སོ་སོའི་མངོན་འདོད་བཞིན་གྱི་རང་དབང་ཐོབ་པའི་ཉིན་མོ་དེ་ཡིན་དགོས།
བཞི། མེ་ཤུགས་ཀྱི་གནས་སྟངས།
ས་བྱི་ལོའི་ཞི་རྒོལ་ཆེན་མོ་ནི་བོད་ཀྱི་ལོ་རྒྱུས་ནང་བྱུང་བ་དམིགས་བསལ་བ་ཞིག་ཆགས་ཡོད། ཞི་རྒོལ་འདིའི་རྗེས་འབྲེལ་དུ་བོད་མི་ཚོས་རེ་བའང་གང་འཚམ་བརྒྱབ་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་དྲག་གནོན་གྱི་མུ་ནས་བོད་པ་ཚོར་མགོ་བོ་འགྱོགས་པའི་ནམ་མཁའ་མེད་པར་བཟོས་དང་བཟོ་མུས་སུ་ཡོད།
ང་ཚོས་ཉེ་བའི་ཆར་མེ་ལྕེའི་ནང་ནས་བཞུད་སོང་བ་ཚོའི་ཕྱོགས་ལ་བལྟས་པ་ཡིན་ན། དགུང་ན་རྒན་ཤོས་དེ་དགུང་གྲངས་ ༤༢ དང་། གཞོན་ཤོས་དེ་དགུང་གྲངས་ ༡༨ ཡིན་པ་ཞིག་མཐོང་ཐུབ། འདི་ཚང་མ་རྒྱ་ནག་གིས་བོད་ལ་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་བའི་རྗེས་སུ་འཚར་ལོངས་བྱུང་བ་དང་། རྒྱ་ནག་གཞུང་ལྟར་ན། བདེ་སྐྱིད་ཀྱི་བོད་ཅེས་པའི་འོད་སྟོང་འབར་བའི་སྤྱི་ཚོགས་གསར་པའི་ནང་སྐྱེ་འཚར་བྱུང་ཡོད། རྒྱ་ནག་གཞུང་གིས་ཆེས་མུན་ནག། ཀླ་ཀློ། རྗེས་ལུས་བཅས་ཡིན་པར་བརྗོད་ཀྱིན་པའི་སྤྱི་ཚོགས་རྙིང་པ་ནི། བོད་མི་ཚོ་གཉའ་གནོན། བཤུ་གཞོག་འབའ་ཞིག་གི་ཀློང་ན་ཡོད་པ་ཞིག་ཏུ་སྒྲོག་གི་ཡོད་ནའང་། བཟོད་ཐབས་མེད་པའི་གཉའ་གནོན་གྱི་མུ་ནས་རང་ལུས་མེར་སྲེག་གིས་ངོ་རྒོལ་གྱི་རིགས་ནི་སྦྲང་སྐད་ཙམ་ཡང་གོ་རྒྱུ་བྱུང་མྱོང་མེད།
ད་ལྟའི་མེ་ཤུགས་འདི་ལས་མཐོང་ཐུབ་པ་ནི། ད་ནི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ངོ་མ་ངོས་འཛིན་གསལ་པོ་དང་། ཐག་གཅོད་ཡང་དག་ཅིག་མ་གནང་བར་དུ་འབར་མཚམས་ཆད་ཀྱི་མིན་པ་དེ་གཅིག་རེད། གཉིས་ཐད་ནས། ད་ནི་མི་རིང་བར་བོད་རིགས་ཡིན་ནོ་ཅོག་སྟེ། ལས་བྱེད། དགེ་རྒན། བཟོ་བ། སློབ་མ་སོགས་ཀྱི་དབྱེ་བ་མེད་པར་རྒྱ་ནག་གཞུང་དང་མཉམ་སྡོད་ཀྱི་ད་ལྟའི་གནས་སྟངས་ལས་ལོགས་སུ་བུད་དེ། རྒྱ་ནག་གཞུང་གི་ལས་ཁུངས་སུ་ལས་ཀ་བྱེད་པར་འགྲོ་བ་མཚམས་འཇོག་དང་། བཟོ་ལས་མཚམས་འཇོག སློབ་མཚམས་འཇོག་པ་བཅས་འཕྲོ་རིམ་འཕྲོར་ཡོང་གཏན་འཁེལ་བ་ཞིག་མཐོང་གི་འདུག གང་ལ་ཟེར་ན། ད་ནི་ཚེ་སྲོག་གི་ཕན་ནས་བློས་གཏོང་མི་ཕོད་པ་གང་ཡང་མེད་པའི་ཆོད་སེམས་ཤིག་གིས་བོད་པ་ཚོ་རྡོག་ཤུགས་གཅིག་ཏུ་འདྲིལ་གྱི་རེད།
མཇུག་ཏུ། ཉེ་བའི་ཆར་བོད་ནང་བཞུགས་པའི་གྲོགས་པོ་ཞིག་དང་གླེང་མོལ་ཚིག་དུམ་གཅིག་བཀོད་ནས་མཇུག་བསྡུ་ཞུ་བར་འདོད། ངའི་གྲོགས་པོ་དེར་བུ་གཅིག་ཡོད་པ་རྒྱ་མིའི་སློབ་གྲྭར་གཏོང་བཞིན་ཡོད། ཡིན་ནའང་། ཁོ་རང་བོད་ཀྱི་རིག་གཞུང་ལ་དང་དོད་ཡོད་མཁན། བོད་མི་ཞིག་ཡིན་ཕྱིན་བོད་ཀྱི་རིག་གནས་ངེས་པར་ཤེས་དགོས་པར་འདོད་མཁན་ཞིག་ཡིན། ས་གནས་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་ཁོང་དང་ཁོང་འདྲ་བ་དག་གིས་རང་གི་བུ་ཕྲུག་རྒྱ་ཡི་སློབ་གྲྭར་གཏོང་མུས་ལ་དགེ་མཚན་དམིགས་བསལ་བ་ཡོད་སྐོར་དཔེ་མཚོན་དུ་བགྲངས་ནས། དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་ལ་སློབ་གསོ་སྤེལ་འཆར་གྱི་སྐབས་ཤིག་ལ། ཁོང་གིས་ཡོངས་ཁྱབ་ཀྱི་ལན་འདེབས་ཤིག་གནང་འདུག དེ་ནི། ངས་ཕྲུ་གུའི་ཤེས་ཡོན་དང་ཚེ་སྲོག་གཉིས་ལས་ཚེ་སྲོག་གལ་ཆེར་བརྩིས་ཏེ་རྒྱ་ཡི་སློབ་གྲྭར་བཏང་བ་ཡིན་མ་གཏོགས། བོད་ཀྱི་རིག་གནས་སྦྱང་མི་དགོས་པར་བསམ་ནས་རྒྱ་ཡི་སློབ་གྲྭར་བཏང་བ་གང་ཡང་མིན། དཔེར་ན། བོད་ཀྱི་སློབ་གྲྭ་དང་རྒྱ་ཡི་སློབ་གྲྭ་གཉིས་ལས་རྒྱ་ཡི་སློབ་གྲྭའི་ཆ་རྐྱེན་ལེགས་པ་འདུག སྔ་ལོའི་ནང་གི་ཡུལ་ཤུལ་ས་ཡོམ་གོད་ཆག་ནི་ཆེས་ཐག་ཉེའི་དཔེ་མཚོན་རེད། རྒྱ་ཡི་སློབ་གྲྭའི་སློབ་ཁང་འགྱེལ་མ་སོང་། བོད་ཀྱི་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་ཚང་མ་འགྱེལ་འགྲོ་གི་འདུག ཁྱད་པར་འདི་འདྲ་ཤོར་ཡོད་པའི་དབང་གིས་ངས་རང་གི་ཕྲུ་གུའི་ཚེ་སྲོག་ལ་འགན་ལེན་ཆེད་རྒྱ་ཡི་སློབ་གྲྭར་གཏོང་གི་ཡོད་ཅེས་ལན་འདེབས་ཤིག་གནང་འདུག བོད་རྒྱའི་བར་གྱི་འགལ་བ་དང་། བོད་རྒྱའི་བར་གྱི་ཁྱད་པར་དེས་བོད་པ་ཚོར་རང་ཉིད་ལ་རང་ཉིད་ལས་གཞན་གྱི་གཅེས་མཁན་ཞིག་མེད་པའི་ཚོར་སྣང་ཡོང་གི་ཡོད། ང་ཚོའི་འཐབ་རྩོད་དང་ལས་འགུལ་ཚང་མ་ངོས་འཛིན་འདི་ནས་བཞུར་ཞིང་འབར་ཡོང་གིན་ཡོད།
གུང་ཁྲན་ཏང་གིས་ཉོག་དྲ་མེད་ས་ཉོག་དྲ་བཟོས། དོན་དག་མེད་ས་དོན་ཆེན་བཟོས། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ནས་མེས་རྒྱལ་ཁ་བྲལ་བཏང་། ཏང་གི་སྲིད་ཅུས་བསྒྲགས་ནས་མི་རིགས་ཁ་བྲལ་བཏང་། ད་ཡང་གུང་ཁྲན་གྱིས་སྒོར་མོ་སྲེང་ནས་ཉོག་རྫོབས་བཟོ་རྒྱུ་རེད། ཉོག་རྫོབ་ཡོངས་རྫོགས་བཟོ་མཁན་ཚང་མ་རྒྱ་གཞུང་རང་རེད།
ཡོད་ཚད་སྒུག་ནས་བསྡོད་པའི་རང་གཤིས་དེ་རྨང་ནས་དོར་ཡོད་པའི་རྟགས་སུ་བོད་ནང་དུ་རང་ལུས་མེ་རུ་སྒྲོན་ཡོད་ལ། མི་རབས་འདིས་རང་ཉིད་ལ་དགོས་བའི་རང་དང་ཐོབ་ཐང་ནི་སྒུག་བསྡད་ན་རྒྱ་ནག་གིས་ཕུལ་ཡོང་བ་ཞིག་ཏུ་འདོད་མི་འདུག་། གལ་ཏེ་རྒྱ་ནག་མང་གཙོ་ཅན་དུ་སོང་རུང་མི་རིགས་ཆེན་མོ་རིང་ལུགས་དོར་སྲིད་པའི་རྨི་ལམ་ཞིམ་པོ་ཡང་བཏང་མེད་ངེས་རེད། སྒེར་གཅོད་ནི་སྒེར་གཅོད་དེ་དམངས་ཀྱི་འདོད་འདུན་ལ་རྒྱབ་ཀྱིས་ཕྱོགས་པ་ནི་དེའི་བྱེད་ལས་ཡིན།
གསལ་འདེབས་ཞུ་རྒྱུ་ཞིག་ལ། དམར་ཁ་ཚ་ཞེས་པའི་སྨྱུག་མིང་འདི་ཕྲནaalonlyboy@yahoo.com ཞེས་བའི་སྦྲག་ཟམ་བདག་པོ་ང་ལ་དབང་བ་ཡིན་ལ་སྨྱུག་མིང་འདི་དོ་བདག་ངས་བཀོལ་ནས་ལོ་མང་སོང་ཞིང་དམར་ཁ་ཚ་ཞེས་བའི་དོན་ནི་སུར་པན་ཞེས་བའི་དོན་ཡིན་ལ་འདིས་མཚོན་པ་ནི་སྐད་ཆ་དང་མཆན་རང་རྩོམ་རྣམས་ཁ་ཚ་བོས་ཐོག་ནས་འགོད་སྲིད་པའི་དོན་ཡིན་ལ་ད་དུང་སུ་རི་པན་ཛ་འམ་དམར་ཁ་ཚའི་ཁྱད་ཆོས་དང་འདྲ་བར་བསྟེན་པ་པོས་སུར་པན་བསྟེན་ཤེས་ན་ཟས་ཀྱི་དང་ག་དང་ཕོ་བའི་མེ་དྲོད་གསོ་ཞིང་བསྟེན་ཚུལ་ལོག་ན་དེ་དང་ལྡོག་ཕྱོགས་སུ་འགྲོ་བའི་ཁྱད་ནུས་བཞིན་དམར་ཁ་ཚས་བྲིས་པའི་མཆན་ལ་ཡང་དེ་མཚུངས་ཁྱད་ཆོས་ཡོད་པ་མཚོན་ཕྱིར་ཡིན། དེར་རྟེན་བདག་གི་སྨྱུག་མིང་འདི་དོ་བདག་ང་རང་ལས་སུ་ལ་ཡང་བཀོལ་དབང་མེད་པའི་གསལ་འདེབས་སམ་འབོད་སྐུལ་དུ་ཕུལ་བའོ། བཀའ་དྲིན་ཆེ།