གཅན་འོད་འབར།
༡་
མུན་ནག་གི་ལོ་ཟླ་རིང་མོ་དེའི་རྗེས་སུ།
བདག་པོ་མེད་པའི་ཕ་ས་མེ་རུ་འབར་སོང་ལ།
མནར་གཅོད་ཀྱི་ཉིན་མཚན་གྲངས་མེད་དེའི་གཞུགས་ནས།
ཁ་ཐག་རིང་བའི་མ་ཡུལ་ཡང་མེ་རུ་འབར་སོང།
མེ་རུ་འབར་སྟངས་དེ་ནི།
མཐོ་བ་གངས་རིའི་རྩེ་དང།
དམའ་བ་འཇམ་པོའི་སྤང་།
ཟབ་པ་དྭངས་མོའི་མཚོ་ལས་འབར་བྱུང།
༢་
གནམ་སར་མཆེད་པའི་མེ་ལྕེ་འདི།
ཅི་ཞིག་དྲན་གསོ་སློང་བའི་རྨ་ཁ་ཞིག་དང་འདྲ་བར།
ལྕགས་རི་རིང་པོའི་གཟི་བརྗིད་མནན་ནས་འབར་བྱུང།
སྲིད་རྩེར་ཁྱབ་པའི་མེ་ལྕེ་འདི།
སུ་ཞིག་གཉིད་ལས་དཀྲོགས་པའི་ཅུང་བརྡ་ཞིག་དང་མཚུངས་བར།
པོ་ཏ་ལའི་རྔ་སྒྲ་བཤགས་ནས་འབར་བྱུང།
ཁྱེད་ཚོས་ཨེ་ཤེས།
ཁ་བའི་ཁྲོད་ཀྱི་མེ་ལྕེ་འདི།
འདས་པོ་ཞིག་གི་ཤི་ཁའི་ཁ་ཆེམས་ཡིན་སྲིད་ལ།
རྩྭ་ཐང་སྟེང་གི་མི་ལྕེ་འདི།
གསོན་པོ་ཞིག་གི་ད་ལྟའི་རེ་སྙེགས་ཀྱང་ཡིན་ངེས་པས།
དྲག་དུ་འབར་བའི་མེ་ལྕེ་འདིའི་རྒྱབ་མདུན་ན།
མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་ཡོད་ལ།
མི་རབས་ཤིག་གི་མངར་སྐྱུར་ཁ་གསུམ་གྱི་གཏམ་རྒྱུད་ཀྱང་ཡོད་ལགས།
༣་
རང་དབང་གི་ཆེད་དུ་སྦར་བའི་ཤ་ཁྲག་གི་མེ་ལྕེ།
རང་བཙན་གྱི་ཕྱིར་དུ་སྒྲོན་པའི་ཚེ་སྲོག་གི་མེ་ལྕེ།
བསད་ཀྱང་ཞི་ཐབས་བྲལ་བའི་མེ་ལྕེ་འདི་དག་ནི།
དྲང་བདེན་དང་ལྷག་བསམ་གྱིས་རྒྱན་པའི་སྐྱེས་ཆེན་ཞིག་གི་སྙིང་དབུས་ཀྱི་ན་ཟུག་དྲག་པོ་དེ་ཡིན་ལ།
བཀག་ཀྱང་འགོག་པར་དཀའ་བའི་མེ་ལྕེ་འདི་དག་ནི།
ལ་རྒྱ་དང་བརྩེ་ཞེན་གྱིས་ཕྱུགས་པའི་དཔའ་བོ་ཞིག་གི་སེམས་ཁོང་གི་མིག་ཆུ་དྭངས་མོ་དེ་ཡང་ཡིན།
༤་
རྟག་ཏུ་རྒྱུན་ཆད་མེད་པར་ཕ་སའི་རི་ཀླུང་གཡོག་པའི་མེ་ལྕེ།
ནམ་ཡང་ཟིམ་པ་མེད་པར་མ་ཡུལ་གྱི་མཁའ་དབྱིངས་བསྒྲིབ་བའི་མེ་ལྕེ།
ཕ་མ་སྤུན་མཆེད་ཚོའི་མཆི་མར་གྱུར་བའི་མེ་ལྕེ།
གྲོགས་པོ་གྲོགས་མོ་ཚོའི་སྤོབས་པར་གྲུབ་པའི་མེ་ལྕེ།
ཕ་ས་མ་ཡུལ་གྱི་རྒྱན་དུ་འཚེར་བའི་མེ་ལྕེ།
ང་དང་ཁྱོད་ཀྱིས་བརྗེད་ངེས་ཡིན་པའི་མེ་ལྕེ།
འདི་ལྟར། ཤུགས་ཀྱིས་འོད་དུ་འཚེར་བའི་ཚེ་སྲོག་གི་མེ་ལྕེ་འདི་ཚོ།
གངས་རི་དང་མཚོ་མོའི་མཛེས་སྡུག་གི་ཆེད་དུ་བཞད་པའི་མེ་ཏོག་ཡིན།
རྩྭ་ཐང་དང་ནོར་གནག་གི་ཤི་གསོན་སླད་དུ་བཞུར་བའི་གཙང་བོ་ཡིན།
ད་དུང་། ཁྱོད་དང་ང་ཚོའི་བདེ་སྡུག་གི་ཕྱིར་དུ་ཤར་བའི་ཉི་མ་ཡིན།
༥
སུ་ཞིག་གི་སླད་དུ་སྦར་བའི་ཁ་སང་གི་མེ་ལྕེ།
གང་ཞིག་གི་ཕྱིར་དུ་སྒྲོན་པའི་དེ་རིང་གི་མེ་ལྕེ།
ཅི་ཞིག་གི་ཆེད་དུ་སྦར་ངེས་པའི་སང་ཉིན་གྱི་མེ་ལྕེ།
འདི་ལྟར། མེ་ལྕེ་དང་མེ་ལྕེ་བར་ན་གསོན་པའི་ཕ་ས་དྲོན་མོ།
འདས་ཟིན་པའི་ཕ་མེས་ཡང་མེས་ཚོའི་རྣམ་ཤེས་འཁོར་ས་ཡིན་ལ།
མེ་ལྕེ་དང་མེ་ལྕེ་གསེབ་ན་རྩེན་པའི་མ་ཡུལ་གོར་མོ།
འཚོ་བཞིན་པའི་ཚ་བོ་ཚ་མོ་ཚོའི་བརྩེ་སེམས་གླན་ས་མ་ཡིན་ནམ།
མེ་ལྕེ། ཡོད་ཚད་ཀྱི་མིག་ལམ་ན་འབར་བའི་ཤ་ཁྲག་གི་མེ་ལྕེ།
མེ་ལྕེ། ཡོངས་རྫོགས་ཀྱི་སེམས་ཁོང་ན་འབར་བའི་ཚེ་སྲོག་གི་མེ་ལྕེ།
༢༠༡༢་༠༡་༢༧དགོང་མོར་བྲིས་པའོ།