ཨོ་རྒྱན་ཉི་མ།
མཐོ་སྒང་གངས་ཅན་པའི་ལུགས་གཉིས་ཀྱི་དོན་ལ་མཁྱེན་པ་རྒྱས་པའི་མཁས་པའིི་དབང་པོ་དག་དང་། གཞན་ཡང་རང་གི་རིགས་ལ་ཞེན་པ་དཀར་བའི་སྐྱེ་བོ་རྒན་གཞོན་རྣམ་པ་སེམས་ལྷོད་ལ་བབས་ཏེ་གཅིག་གསོན་དང་། ང་ཚོར་སྔོན་ཞིག་ལ་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་ཞེས་པའི་མཚན་གྱི་སྙན་པས་ཁེངས་ཏེ། སུ་ལ་ཡང་མགོ་མི་དགུར་བསམ་ནས་རང་སྲོག་བློས་བཏང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། ཡང་བོད་མི་རིགས་དང་རིག་གཞུང་ཞེས་པ་དེ་མི་དགོས་ཞེས་མདོ་ཤོར་གྱི་གཏམ་ཡང་མ་ཡིན་པར། དེ་གཉིས་ཀའི་ཟུར་ཞིག་ནས་སྤྱིར་འཛམ་བུ་གླིང་གི་སྐྱེ་འགྲོ་ལ་སྨན་པ་དང་། དགོས་ཁ་བ་གངས་ཅན་པའི་ཡོད་དགུ་ལ་གསོན་ཤུགས་རྒྱས་ནུས་པ་ནི་ཆོས་དང་རིག་གཞུང་རྙིང་པ་དག་རང་བློར་ཆུད་པའི་ཐོག་ནས། རིག་གཞུང་གསར་བའི་ཉིང་བཅུད་ལེགས་ཚོགས་ནང་འདྲེན་གྱིས་གཞོན་སྐྱེས་དག་གི་མདུན་ལམ་གཟེངས་སུ་ཐོན་པ་བཟོ་ཐུབ་པ་དེ་རེད། དོན་ལག་ལེན་ཐོག་ཏུ་འགྲོ་ཐུབ་པ་ཞིག་ཟེར་དུས་འཚེ་བའི་སྤྱོད་པས་ཕུ་མདའ་ལུང་དཀྲུགས་ཀྱིས་ཟེར་བ་མིན་ལ། དོན་མེད་ཚིག་ཚོགས་མང་པོ་བཀྲམ་ཤོག་ཟེར་བ་ཡང་མིན། ངས་འདི་ནས་ཟེར་འདོད་པ་ནི་རང་གི་རྐང་པའི་ཐོག་རང་ཉིད་ལང་ཐུབ་པ་ཞིག་བྱ་རོགས་ཞེས་སྙིང་ཐག་པ་ནས་རེ་བསྐུལ་ཞུ་བ་ཡིན། རང་གི་རྐང་པའི་གོང་དུ་རྐང་གཉིས་རྐང་བཞི་ཚང་མ་ལང་ནས་སྡོད་ཡོད་པ་མིན་ནམ་ཞེ་ན། ད་ལྟ་ང་ཚོའི་བོད་མི་མང་ཆེ་བ་རྐང་པ་ཡ་གཅིག་རང་གི་རྐང་པ་ཡིན་ཡང་། ཡ་གཅིག་ནི་ཕ་རོལ་པོ་ལས་གཡར་ནས་འདུག་ཡོད་མཁན་རྐྱང་རྐྱང་རེད། དེ་ཕྱིར་རང་གི་རྐང་པ་ཁོ་ནས་སྟེང་དུ་ལང་ན་ལེགས་ཚུལ་གླེང་འདོད་པ་ཡིན།
རང་གི་རྐང་པའི་སྟེང་དུ་ལང་དགོས་ན་རང་ཉིད་གང་ལས་འབྱུང་བ་ཡིན་པ་ཤེས་དགོས་པ་དང་གཅིག རང་གི་ཤ་ཁྲག་དེ་སུའི་ཤ་ཁྲག་དང་འབྲེལ་ཡོད་མེད་རྟོགས་དགོས་པ་དང་གཉིས། རང་ཉིད་འགྲོ་བ་མིའི་རིགས་ཀྱི་གྲལ་དུ་ཚུད་ཐུབ་པར་བྱ་རྒྱུ་དང་གསུམ། རང་གི་ཆོས་དང་རིག་གཞུང་བདག་པོ་རྒྱག་ཐུབ་ངེས་བྱེད་དགོས་པ་དང་བཞི། གཞན་པའི་རིག་གཞུང་ལེགས་ཉེས་འདེམས་ཏེ་ལེགས་པ་ནང་འདྲེན་གྱིས་རང་བློ་མ་ཚིམ་པར་དུ་སྦྱངས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ་ལྔ་ནི་ངེས་པར་ཤེས་དགོས་པའི་གནད་འགག་དག་རེད། དེ་ལྔ་པོ་ཞིབ་མོས་བློ་ཡིས་རྟོགས་ནུས་པའི་ཤེས་ཡོན་དེ་རང་ལ་ལྡན་མིན་ཡང་བསམ་བློ་ལེགས་པར་བཏངས་ཏེ། གལ་སྲིད་ལྡན་ན་འཛམ་བུ་གླིང་འདིའི་གོང་གི་མིའི་རིགས་ཀྱི་གྲལ་དུ་ཚུད་པ་རེད། དེ་དག་མ་ཚང་ན་ད་དུང་མི་ལུས་ཕྱེད་ཀ་ཙམ་ལས་མི་གསོན་པོ་ཞིག་ཏུ་གྱུར་མེད་པས་བརྩོན་འགྲུས་རྒྱ་ཆེན་པོས་འབད་དགོས་སོ། །
བོད་ཀྱི་ཆོས་བརྒྱུད་དག་ལ་མཚོན་ན་སེར་འབྲས་དགེ་གསུམ་ནི་སྤྱིར་གཞུང་བཀའ་པོད་ལྔ་ལ་མཁས་པ་རེད་དེ། ད་ལྟ་དེའི་གོང་དུ་རིག་གཞུང་གཞན་པ་རྒྱ་ཡིག་དང་། དབྱིན་ཡིག ཚན་རིག་གསུམ་གསར་བསྣན་གྱིས་སྦྱང་འབྲས་ལེགས་པར་ཐོན་ཏེ། ལོ་རེར་རྒྱུགས་སྤྲོད་པའི་གྲངས་ཀ་བརྒྱ་ཕྲག་ལས་བརྒལ་བ་དང་། རང་རང་གི་གདན་ས་ཁག་ཏུ་སྦྱངས་པ་ཙམ་མ་ཡིན་པར་ཤར་ནུབ་ཀྱི་མཐོ་སློབ་ཁག་ཏུ་ཡང་མང་པོ་ཕེབས་པ་ཐོས་སོང་། རྗེས་སུ་ཡི་རང་ཡོད། ཡག་པོ་ཞེ་དྲ་རེད། ཡིན་ན་ཡང་ཁོ་ཚོ་ལ་སྐྱོན་ཞིག་ཡོད་པ་དེ་རང་ལྟ་མཆོག་འཛིན་ཆེ་དྲགས་པས། རང་གི་སྐྱོན་མི་མཐོང་ཞིང་གཞན་གྱི་ཡོན་ཏན་མ་མཐོང་བས། དགེ་བཤེས་མདོ་སྔགས་གཉིས་ལ་བློ་ལ་འཆད་ཤེས་མཁན་ཞིག་དང་། ཆོས་བརྒྱུད་གཞན་པ་དག་གི་སློབ་སྦྱོང་ཨེན་ཙམ་ལས་མེད་མཁན་གཉིས་འགྲོ་དོན་ད་དུང་སློབ་སྦྱོང་དམན་པ་ཆེ་བ་རེད། དེ་ནི་ཆོས་བརྒྱུད་རིས་མེད་ལ་དད་པ་དང་དག་སྣང་ཡོད་མེད་དང་། རང་ཕྱོགས་ལ་ཆགས་པ་ཆེར་མེད་པས་རྟགས་རེད། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་གསུམ་ལ་མཁས་པ་མང་པོ་རེད་དེ། དགེ་ལྡན་དང་བསྡུར་ན་ཅུང་ཟད་ཞན་ས་རེད་དྲན་བཞིན་ཡོད། དེ་ཙམ་དུ་མ་དེང་སང་བཤད་གྲྭ་དང་བསྒྲུབ་གྲྭ་ཁག་མང་པོ་རེད། དོན་ནང་ཉམས་གསོན་པོ་ཚད་དུ་བསླངས་ཏེ་འཆད་རྩོད་རྩོམ་གསུམ། བཤད་བསྒྲུབ་ལས་གསུམ་གྱི་དོན་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་བཙན་བྱོལ་ནང་ལ་ཉུང་ཉུང་རེད། དེ་ཕྱིར་ཚང་མས་ཐོབ་གོ་ས་ཙམ་དང་། དངུལ་ཁུག་དགང་མིན་ལ་ཐུགས་བསམ་བཞེས་མི་འདུག་པར་བཤད་གྲྭར་ཞུགས་ན་མདོ་སྔགས་རིག་གནས་དང་བཅས་པར་རང་གིས་བསམ་ན་ཡང་ཡོད་བསམ། མིས་བསམ་ན་ཡང་འདུག་བསམ་པ་ཞིག་གི་ཐོག་ནས། གོང་དུ་ཞུས་པ་བཞིན་དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་དང་། ཚན་རིག་གི་སྦྱངས་འབྲས་བླངས་ཏེ་དགེ་ལྡན་པ་སོགས་སྔོན་ཐོན་པ་དག་དང་གོམ་པ་མཉམ་དུ་སྤོ་ཐུབ་པ་ཞིག་ལ་རེམ་དགོས་པར་སེམས།
ད་དུང་གཞན་ཞིག་ནི་གོང་ས་མཆོག་གིས་རིས་མེད་གནང་སྟེ་ས་ཆེན་འདིའི་སྐྱེ་དགུའི་རེ་བ་ཡིད་བཞིནདུ་བསྐང་ཐུབ་པ་བྱུང་བ་རེད། དེའི་ཐབས་ལམ་དེ་སླད་ནས་རི་བོ་དགེ་ལྡན་པ་དག་གིས་བེད་ཆོད་བྱ་བ་ལ་གྲ་བསྒྲིག་བྱེད་བཞིན་པ་རེད། རྙིང་མའི་རྫོགས་ཆེན་དང་། བཀའ་བརྒྱུད་པའི་ན་རོ་ཆོས་དྲུག ཇོ་ནང་པའི་སྦྱོར་དྲུག ས་སྐྱ་པའི་ལམ་འབྲས་དག་འཆད་པ་ལ་ཁྲིད་རྒྱུན་དང་ལུང་རྒྱུན་ཆ་ཚང་གསན་མྱོང་བྱས་ཟིན་པ་རེད། སླད་ནས་དེ་འདྲའི་བྱེད་སྒོ་དག་སྤེལ་འོང་དུས་ངའི་རེད། ཁྱེད་ཀྱི་མ་རེད་ཟེར་བ་ཙམ་མ་ཡིན་པར་རང་རང་གི་བརྒྱུད་པའི་ཕྱག་བཞེས་དང་། མན་ངག ཁྲིད་རྒྱུན་དག་སྤེལ་བ་ལ་བྱིན་བརླབས་ཀྱི་ཚན་ཁ་མ་ཉམས་པ་དང་། བརྒྱུད་པའི་མན་ངག་དང་ལྡན་པར་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲ་རེད། ཡང་ན་སྐབས་དེ་དུས་སུ་དང་གང་གིས་ཆོས་བརྒྱུད་ནང་ཕན་ཚུན་གྱི་མན་ངག་དག་སྤེལ་འོང་དུས་ཕྱོགས་དང་རིས་སུ་གཅོད་པ་གང་ཡང་མེད་པར། རྗེས་སུ་ཡི་རང་བྱ་ཐུབ་ན་ཆོས་པ་རབ་ཀྱི་བྱེད་སྟངས་རེད། ཡིན་ན་ཡང་དེ་འདྲའི་ཆོག་ཤེས་དང་། ཆོད་སེམས་དེ་ང་ཚོ་ལ་ཡོད་ས་རེད་བསམ་པའི་གདེངས་ཚོད་ང་ལ་མེད། ངས་འདི་ནས་བཤད་པ་མཐའ་དག་ཆོས་ལུགས་ཀྱི་ཆགས་སྡང་བཤད་པ་མིན་ཏེ་ང་རང་ཉམས་ཞིབ་བྱས་པའི་གྲུབ་འབྲས་དང་། རྗེས་ཆོས་བརྒྱུད་མཐའ་དག་འདྲ་མཉམ་ཞིག་བྱུང་ན་བསམ་པའི་རེ་འདུན་ཉག་གཅིག་ལ་སེམས་བཞིན་བྲིས་པ་ཡིན།
ཡང་གཞན་ཞིག་ནི་གོང་ས་མཆོག་དགོང་ལོ་བསྒྲེས་པོ་རེད། ད་ག་ཚོད་བཞུགས་ན་ཡང་ཁོང་གི་རྒྱལ་ཚབ་ཅིག་གྲ་བསྒྲིགས་བྱ་བའི་དུས་ཚོད་ལ་བསླེབ་པ་རེད། གང་ཡིན་ཞེ་ན་བོད་ཀྱི་ལས་དབང་ཆོས་དང་འབྲེལ་བ་ཞིག་རེད། དེ་ཕྱིར་ད་ལྟ་ནས་སྲིད་རྐྱང་པས་རང་འགོ་ཐོན་མི་སྲིད་པས། སྲིད་ཀྱི་ཤེད་ཤུགས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཆོས་ཀྱི་དེད་དཔོན་ཞིག་དགོས་ངེས་རེད། དེ་ཕྱིར་སུ་ཡིས་གོང་ས་མཆོག་གི་རྒྱལ་ཚབ་ཏུ་འོས་སམ་ཞེས་བོད་མི་དག་གིས་རང་ལ་དྲི་བ་རེ་བསྐོར་ཏེ། ཁ་ནང་དུ་བསྐོར་ལ་ཐུགས་བསམ་དྲང་མོ་ཞིག་བཞེས་དང་། ངས་བལྟས་ནས་ཀརྨ་པ་ལས་གོང་ན་ད་ལྟའི་ཆར་གོང་ས་མཆོག་གི་རྒྱལ་ཚབ་ཆོག་པ་ཞིག་སུ་ཡང་མི་འདུག ཀརྨ་པའི་སྐུའི་བསོད་ནམས། གསུང་གི་བརྗོད་པ། རིགས་པའི་སྟོབས། མཛད་པའི་ཕྲིན་ལས་སོགས་གཞན་པ་དག་གིས་ཕར་ཞོགས་གཞུང་ཆེན་བཀའ་པོད་ལྔ་བློ་ལ་བྱང་བའི་དགའ་ལྡན་ཁྲི་པ་དང་། ས་སྐྱ་གོང་མ། རྙིང་མའི་དབུ་འཛིན། བོན་པོའི་ཁྲི་འཛིན་སོགས་ཆེ་དགུ་དག་གིས་ཀྱང་དོ་ཟླ་བྲལ་བ་ཞིག་ཏུ་མཐོང་ནས་ངས་འདིར་སྤོབས་པ་ཆེན་པོའི་ངང་ནས་བཤད་པ་ཡིན། ཁོང་ལ་གོང་ས་མཆོག་གིས་ཐུགས་བརྩེ་གནང་བ་དང་། ཞལ་ཏ་གནང་བ་ཡང་རབ་དང་རིམ་པ་ཐོས་སོང་ལ། བརྙན་འཁོར་མང་པོ་མཐོང་རྒྱུའི་བསྐལ་བ་ཐོབ་པ་དང་། རྒྱ་མི་རིགས་སྡོད་སའི་ཡུལ་གྲུ་ཁག་དང་། ཡོའུ་རོབ། ཨ་རི་སོགས་ནུབ་ཕྱོགས་སུ་ཡང་གོང་ས་མཆོག་གོང་དུ་ཕུད་ན་ཁོང་ལས་འགྲོ་དོན་ཆེ་བ་དང་། ཆོས་པ་ཡིན་མིན་ལ་མ་ལྟོས་པར་དོ་སྣང་བྱེད་བཞིན་པ་ནི་ངས་བཤད་པ་ཙམ་མ་ཡིན་ཁྱེད་རྣམས་པས་ཀྱང་མཐོང་ཆོས་མངོན་གྱུར་རེད། དེ་ཕྱིར་རང་མ་གཏོགས་མིག་གིས་མི་མཐོང་པའི་དགེ་ལྡན་པའི་དགེ་བཤེས་མགོ་མཁྲེགས་དེ་ཚོས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཐུགས་བསམ་བཞེས་ཏེ། ཀརྨ་པའི་མཛད་འཕྲིན་ལ་རམ་འདེགས་གནང་རོགས་ཞེས་སྙིང་ཐག་པ་ནས་རེ་བསྐུལ་ཡིན། ཁྱེད་ཅག་དགེ་ལྡན་པའི་དགེ་འདུན་པ་དག་གིས་ཐུགས་བསམ་ཞིག་བཞེས་ན་ཆོས་བརྒྱུད་གཞན་པ་ཚོསངོས་ལེན་བྱེད་ངེས་རེད། དེ་མིན་གོང་ས་མཆོག་མ་བཞུགས་དུས་བཙན་བྱོལ་བོད་གཞུང་རྐུབ་སྟེགས་བསྡུ་བསོགས་རྒྱགས་ཏེ་བོད་ལ་ལོག་འགྲོ་རྒྱུ་ཡིན་ན་ཁྱེད་ཅག་གིས་གང་བདེར་གྱིས་ཤིག ང་ལ་དམིགས་བསལ་ཞུ་བ་གཅིག་ལས་གཞན་གང་ཡང་མེད། གཅིག་དེ་ནི་བོད་ཀྱི་མ་འོངས་པའི་གཞོན་སྐྱེས་དག་མི་གསོན་པོ་ཞིག་ཆགས་པ་ལ་མཁས་བླུན་དང་། རྒན་གཞོན་ཚང་མས་ཐུགས་ཀྱི་རྒྱན་དུ་འཆང་བར་ཞུ་ཞེས་གསོལ་བ་འདེབས་པ་ལགས། ང་ཀརྨ་པའི་སྐུ་མདུན་འགྲོ་མྱོང་མེད་ལ། ཁོང་ས་ནས་གང་ཡང་རག་མྱོང་མེད། ཡིན་ན་ཡང་ཉམས་ཞིབ་བྱས་པའི་གྲུབ་དོན་ནམ། ང་རང་གི་མཐོང་ཐོས་དག་ཚད་གཞིར་བཟུང་སྟེ་སྨྲས་པ་ཡིན།
དེ་ལས་གཞན་ཞིག་ནི་བོད་ནས་ཡིན་ན་རེད། བཙན་བྱོལ་ནས་ཡིན་ན་རེད། སྐྱ་སེར་ལ་མ་ལྟོས་པར་མགོ་ཡོད་ཀྱང་ཀླད་པ་མེད་མཁན་དང་། སྙིང་ཡོད་ཀྱང་རྣམ་ཤེས་མེད་པའི་མགོ་སྟོང་མདོ་མེད་འགའ་ཞིག་གིས་ཆོས་ཞེས་པ་དེ་རྩ་མེད་དུ་གཏོང་དགོས་ཀྱིན་འདུག་ཅེས་རང་གི་མ་འཇོན་པ་རྒྱུ་མཚན་དུ་བྱས་ཏེ་བཤད་མཁན་དང་། ཉན་མཁན་མང་པོ་ཞིག་མཐོང་སོང་། ངོ་མ་ང་དེ་ཚོ་མཐོང་འོངས་དུས་ཤ་ཡང་ཚ་ལ་སྙིང་ཡང་རྗེ་ཡོང་གི་འདུག་ལ། ཞེ་ཡང་མེར་ལ་ཁོང་ནས་ཁྲོ་བ་དྲག་ཏུ་ཕྱུར་ཏེ་ཡིད་མི་བདེ་བའི་གནས་སུ་བསྐྱལ་བའང་གྲངས་མེད་ཡིན། དགེ་འདུན་པའི་སྡེ་གཉིས་གང་གི་ཁོངས་སུ་མ་གཏོགས་པའི་ཕུང་གསུམ་འདི་ཚོས་ཁ་ནས་མ་སྨྲས་ཀྱང་། དོན་ལག་ལེན་ལས་འབྲས་མེད་པར་འདོད་པ་དང་། ཆོས་ལ་དད་པ་དང་དག་སྣང་རྩ་བ་ནས་མེད་མཁན་ཚོའི་གྲས་རེད། དེ་ཕྱིར་ངས་ནང་པའི་བསྟན་དགྲ་ངོ་མ་ཕུང་གསུམ་པ་འདི་ཚོ་རེད་འདུག་ཅེས་གྲངས་མེད་ཞུས་ཚར་ཡིན་ཏེ། དོན་གྱི་ངོས་ལེན་ཐོབ་མཁན་མང་དུ་ཡོད་ཀྱང་དངོས་སུ་གདོང་ལ་མཆོང་མཁན་དཀོན་པོ་རེད། དེ་ཕྱིར་ད་ནས་བཟུང་བསྟན་པ་ལ་ཤ་ཚ་དང་། དད་ལྡན་ལ་སྙིང་རྗེ་ལྟ་མཁན་རེ་ཡོད་ན་ཕུང་གསུམ་པ་རྩ་མེད་དུ་གཏོང་བ་ལ་ལས་འགུལ་རབ་དང་རིམ་པ་སྤེལ་དགོས་ཀྱིན་འདུག གལ་སྲིད་ད་དུང་ཕུང་གསུམ་པ་ཚོ་ལ་རང་དབང་སྟེར་བསྡད་ན་ནང་ཆོས་ཀྱི་བྲོ་བ་ཡལ་ངེས་རེད། བོད་པའི་ནང་ཆོས་ནི་བོད་པའི་སྲོག་དང་འབྲེལ་བ་ཡོད་པས། གཞོན་སྐྱེས་དག་གིས་ཀྱང་ནང་ཆོས་ལ་དགག་པ་དང་། ལོག་ལྟ་མི་བྱ་བར་ཆོས་ཉམས་སུ་བླངས་ཏེ་ཚན་རིག་སྦྱང་ན་སྦྱོངས། སྐད་ཡིག་སྦྱང་འདོད་ན་ཡང་རང་མོས་རེད། ཡིན་ན་ཡང་རང་གི་སྐད་ཡིག་དང་། རང་གི་ཆོས་དང་། རང་གི་རིག་གཞུང་དག་ལ་དགའ་ཞེན་དང་དུང་ཞེན་ནི་དུས་ནམ་ཡང་ཡོད་དགོས་པ་ཞིག་རེད། དེ་མེད་ན་ཁྱེད་ཉིད་མི་རིགས་དེའི་གྲལ་ན་ཡོད་བསམས་ཀྱང་རང་བཞིན་གྱིས་ཐོན་ངེས་པས། བདག་ཉིད་བདག་གི་མགོན་དུ་བཞེངས་ཏེ། རང་གི་མདུན་ལམ་རང་གིས་བཟོས་ལ། རང་གི་གཉའ་ཆག་མི་དགོས་པ་དེ་མི་རེ་ངོ་རེ་ནས་བྱ་དགོས་པ་དེ་རང་གི་ལས་འགན་དང་པོ་དེ་རེད།
དེང་སང་བོད་ལ་རྙོག་ཟིང་ཆེ་བའི་སྒང་རེད། དེ་ཡང་ཕར་བལྟ་བསྡད་དུས་འགྲན་བསྡུར་གྱི་ངོ་བོ་ཞིག་ལ་འགྲོ་བཞིན་ཡོད་ས་རེད་བསྙམ་པ་ཞིག་འདུག ཨམ་མདོ་ཡིས་བྱེད་ན་ང་ཚོ་ཁམས་པས་ལོས་བྱེད་བསམ་པ་དང་། ཁམས་པ་བྱས་ནས་དབུས་གཙང་གིས་ལོས་བྱེད་དྲན་བཞིན་རང་སྲོག་བློས་བཏང་གིས་གདོང་ལ་མཆོང་བཞིན་པ་རེད། རང་སྲོག་བློས་བཏང་ཟེར་བ་དེ་སེམས་ཤུགས་ཆེན་པོ་རེད། འདས་པའི་ཆར་ཡང་རྒྱ་གར་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རང་བཙན་སྲོག་བློས་བཏང་བྱེད་པ་ལ་བརྟེན་ནས་ལོན་པ་རེད། དེ་ཡང་འགྲོ་སྟངས་ཤིག་ལོས་ཡིན། མི་རིགས་སུ་ཡིན་ཡང་རང་དབང་ལ་འཐབ་རྩོད་བྱ་དགོས་པ་དང་། བྱེད་འོས་པ་ཞིག་རེད། ཡིན་ན་ཡང་བོད་ལ་མཚོན་ན་དེ་འདྲའི་ལས་སླ་པོ་ཞིག་གང་ན་ཡོད། ཁྱེད་རང་ཚོས་གཅིག་སོམ་དང་། གཅིག་ནས་འཛམ་བུ་གླིང་རྒྱལ་ཁབ་མང་པོས་སྐྱབས་གནས་སུ་འགྲོ་ལ་ཉེ་བའི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་དང་། གཉིས་ནས་ཆབ་སྲིད་དང་དམག་ལ་བྱང་ཆ་བའི་མི་རིགས་ཤིག་དང་། གསུམ་ནས་རྡུལ་ཕྲན་གོ་མཚོན་འཛད་མེད་དུ་ལོངས་སྤྱོད་རྒྱུ་ཡོད་པའི་དམག་དཔུང་ཞིག་དང་། དེ་དག་ཀྱང་རི་བོ་ཧི་མ་ལའི་མགུལ་ནས་འཁྱུད་ཅིང་། འོག་ཏུ་སྦས། བོད་ཀྱི་མཐའ་འཁོར་གྱི་རི་ཆེ་ཆུང་མང་པོའི་ནང་དུ་གོ་མཚོན་དང་དམག་སྦས་འཇུག་བྱེད་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ད་དེ་དག་གི་ལག་ནས་རང་དབང་ཞིག་ལེན་འདོད་པའི་མི་ནི་ལྐུགས་པའི་ཨུ་ཚུགས་རང་རེད།
དབུ་མའི་ལམ་དེས་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་འབྱུང་འགྱུར་གྱི་རང་དབང་དང་། བདག་དབང་ལ་ནག་ཐིག་ཆེན་པོ་ཞིག་བཟོས་ཚར་བ་རེད་དེ། ང་ཚོ་དེའི་ལམ་ཁ་དེར་མ་འགྲོ་རང་འགྲོ་རེད། ད་ལྟ་གོང་ས་མཆོག་བཞུགས་བཞིན་པ་རེད། དབུ་མའི་ལམ་སྲོལ་བཏོད་མཁན་ཁོ་རང་རེད། དེ་མཇུག་སྐྱོང་མཁན་ཡང་ཁོང་དང་། ཁོང་འདྲ་པོ་ཞིག་ལས་གཞན་པ་ཚོས་བསྐྱང་ཐུབ་པ་ཁག་པོ་རེད། དེ་ཕྱིར་རྒྱ་ནག་ཕྱོགས་ནས་ཀྱང་གོང་ས་མཆོག་གི་གསུང་ལ་ཉན་ན་རང་གཞན་གཉིས་ཀར་ཕན་པའི་ཐབས་མཁས་ཤིག་ལོས་ཡིན། རྒྱ་ནག་ལ་མཚོན་ན་ནང་པ་སངས་རྒྱས་པའི་རྒྱལ་ཁབ་ཆེ་ཤོས་ཤིག་རེད། བོད་ལ་མཚོན་ན་སྔོན་ཆོས་རྒྱལ་དེ་ཚོའི་སྐུ་དུས་ནས་ནང་པའི་རྒྱལ་ཁབ་ཆགས་པ་རེད་ལ། རྒྱ་བོད་གཉིས་འབྲེལ་ལམ་ཆེན་པོ་རེད། དེ་ཕྱིར་གོང་ས་མཆོག་ལྟ་བུ་ཞིག་བོད་དང་རྒྱ་ནག་ལ་གདན་འདྲེན་ཞུས། རྒྱ་བོད་གཉིས་ཀའི་མི་སེར་ལ་བཀའ་སློབ་ཟབ་རྒྱས་ཤིག་གནང་བཅུགས་ན་རང་བཞིན་ཤུགས་ཀྱིས་རྒྱལ་ནང་བདེ་འཇག་ཅིག་བསླེབ་པ་ལ་ངས་སེམས་ཐག་བཅད་ནས་སྨྲ་བཏུབ། བོད་པ་ཚོས་ཀྱང་གོང་ས་མཆོག་གི་གསུང་ལ་ཉན་ངེས་དང་། རྒྱ་ནག་མི་སེར་ལ་མཚོན་ན་ཡང་གོང་ས་མཆོག་ལ་དད་པ་ཆེན་པོ་རེད།
གལ་སྲིད་གོང་ས་མཆོག་མ་བཞུགས་ན་དབུ་མའི་ལམ་དེ་སུ་ཡིས་མཇུག་སྐྱོང་ཐུབ་ས་རེད་ཅེས་པའི་དྲི་བ་དེ་ཡང་བསླེབ་པ་རེད། དེ་ནི་ངས་གོང་དུ་ཞུས་པ་ཀརྨ་པ་ལས་གཞན་སུ་གཅིག་གིས་ཀྱང་ཁག་པོ་རེད། གང་ཡིན་ཟེར་ན་ཀརྨ་པ་རང་ངོས་ཆ་རྐྱེན་དེ་དག་ཚང་བ་སྨོས་མེད་ཐོག ཆོས་བརྒྱུད་ཕལ་ཆེ་བས་ཁེ་ལེན་ངེས་རེད། དེ་ཕྱིར་བློ་བཟང་སེང་གེ་ཆབ་སྲིད་ལ་མཁས་ན་ཀརྨ་པ་བདག་པོ་རྒྱོབས་ཤིག ཟམ་གདོང་བླ་མ་ཆོས་ལ་མཁས་ན་ཀརྨ་པ་བདག་པོ་རྒྱོབས་ཤིག ན་ནིང་ད་ལོའི་ཀརྨ་པའི་དོན་རྐྱེན་དེ་ལ་ལས་ཟེར་ན་ཇག་སྣ་ནང་ལ་ཟུག་འདུག་ཟེར། ལ་ལས་ཟེར་ན་ཇག་སྣ་ཕྱི་ལ་ཟུག་འདུག་ཟེར། གང་ལྟར་ཡང་ངས་བལྟས་ན་ཕྱི་ནང་གཉིས་ཀ་ལ་ཟུག་ཡོད་པར་སེམས། རང་མི་རང་གིས་བདག་པོ་མ་རྒྱག་ན་རྗེས་སུ་འགྱོད་དུས་ཕྱི་སྲིད་པ་རེད་ལ། རང་འགོ་རང་གིས་མ་བསྐྱབས་ན་རྗེས་སུ་མགོན་མེད་ལུས་དུས་ཁག་པོ་རེད། དེ་སང་གཞོན་སྐྱེས་བསམ་མེད་འགའ་ཞིག་གི་སེམས་ལ་བླ་མ་གྲྭ་བ་ཟེར་བ་དེ་ང་ཚོ་བོད་ལ་དགོས་མཁོ་མི་འདུག་ཟེར་མཁན་མང་པོ་རེད། ཡིན་ན་ཡང་དེ་ནི་རང་གི་ལྟོ་དགང་བ་དང་། སྐྱག་པ་གཏོང་རྒྱུ་གཉིས་ལས་བསམ་བློ་གཞན་མེད་པ་ཞིག་གི་བསམ་བློ་དང་། མིའི་ལུས་ལ་དུད་འགྲོའི་འདུ་ཤེས་ཅན་ཞིག་གི་འཛིན་སྟངས་ལས་གཞན་གང་ཡོད།
ལོ་ངོ་བཞིའི་ཡར་སྔོན་གྱི་བོད་མིས་ཞི་རྒོལ་ཆེན་མོ་དང་། ད་ལོའི་རང་སྲོག་བློས་བྱེད་མཁན་ཚོར་ཕྱོགས་གཅིག་ནས་ཡིད་སྨོན་བྱེད་བཞིན་ཡོད། གང་ཡིན་ཞེ་ན་སེམས་ཤུགས་ཆེན་པོ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན་ཕུགས་རྒྱང་རིང་བའི་བསམ་བློ་མེད་པའི་འདུ་ཤེས་ཙམ་པོ་ཞིག་དང་། རང་གི་མདུན་དུ་ལང་ཡོད་པའི་ཁ་གཏད་དེའི་འཇོན་ཐང་དང་། ནུས་པ་ལ་ཚོད་དཔག་རྩ་བ་ནས་མེད་པར་གླེན་ལས་བྱེད་པ་ཤ་སྟག་ཏུ་འཁུམས། གལ་སྲིད་ད་དུང་བོད་མི་ཚོ་ཡར་ལང་ན་རྒྱ་ནག་གཞུང་གིས་དུས་ནམ་ཡང་ཕྱིར་ནུར་བྱེད་མི་སྲིད་པ་དང་། བོད་མི་ལང་། རྒྱ་ནག་གཞུང་གིས་དེ་དག་བསད་གང་ཐུབ་བྱེད་ན་ལས་མཐའ་གང་ལ་ཐུག་སོང་། སྐབས་དེ་དུས་ནུབ་ཕྱོགས་རྒྱལ་ཁབ་ག་གེ་མོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དང་། ཨ་རི་ཟེར་བ་དང་། ཡོའུ་རོབ་ཟེར་བ་ནས་དམག་དང་མཚོན་ཆ་མཉམ་འབྲེལ། ཆབ་སྲིད་དང་དཔལ་འབྱོར་མཉམ་འབྲེལ་ཐོག་ནས་ཧི་མ་ལ་ཡི་མགུལ་དུ་བསླེབ་འོང་ན་རྒྱ་ནག་གཞུང་གི་ཁས་ལེན་རྒྱུ་རེད་པས། དེ་དུས་བོད་མི་ཡོངས་རྫོགས་རྩ་བརླགས་འགྲོ་སྲིད་པ་རེད་ལ། བོད་ཀྱི་རང་བྱུང་གི་ཁོར་ཡུག་གཏོར་བརླགས་ཀྱིས་ལོ་ངོ་སྟོང་ཕྲག་ནས་ཁྲི་ཕྲག་བརྒལ་ན་ཡང་འགྲོ་བ་མིའི་རིགས་ཕར་ཞོགས། རྩི་ཤིང་ནགས་ཚལ་དག་སྐྱེ་བ་ལ་ཡང་ཁག་པོ་ཆགས་ངེས་རེད། ཁྱེད་ཚོས་རྡུལ་ཕྲན་གྱི་ཉིང་དུག་དེ་མཁའ་དབུགས་དང་འགྲོགས། གཙང་ཆབ་དང་འགྲོགས། རྩི་ཤིང་དང་འགྲོགས་ཏེ་སྲོག་ཆགས་ཀྱི་ལྟོ་བར་སོང་ན་དེའི་ལུས་པོ་དུག་ཏུ་གྱུར་བར་མ་ཟད། དེ་དག་གི་སྐྱེས་རྒྱུན་ཡོངས་རྫོགས་དུག་ཅན་དུ་བསྒྱུར་བའི་ལོ་རྒྱུས་གཟིགས་མྱོང་ངམ།
ད་ནས་བཟུང་ཚང་མས་བསམ་ཤེས་ཀྱིས་བོད་གཞིས་བྱེས་གཉིས་སུ་ངོ་རྒོལ་བྱ་རྒྱུ་དེ་ཉུང་དུ་གཏོང་ན་ལེགས་པར་སེམས། གཞོན་ནུ་ཚོགས་པས་བཤད་པའི་ལྟ་གྲུབ་དང་། ལང་ཕྱོགས་སོགས་ཀྱང་ལོ་རྒྱུས་བདེན་དཔུང་བྱེད་བཞིན་པ་རེད། དབུ་མའི་ལམ་པ་དག་གིས་ད་ལྟ་དངོས་ཡོད་ཀྱི་གནས་སྟངས་ལ་གཞིག་ནས་ལག་ལེན་བསྟར་བཞིན་པ་རེད། དེ་གཉིས་ལ་རྒྱུ་མཚན་རེ་དང་། ཁུངས་ལུང་རེ་ཡོད་པས་གཅིག་བདེན་གཅིག་རྫུན་ཞེས་བཤད་པའི་སྤོབས་པ་ང་ལ་མེད་ཀྱང་། ད་ལྟ་ང་ཚོས་རྒྱ་བོད་གཉིས་ཀར་ཕན་པའི་ལས་འགུལ་ཞིག་གི་ཐོག་འགྲོ་བསྐྱོད་བྱ་ཐུབ་པ་ཡིན་ན་ལེགས་པར་སེམས། དེ་མིན་རང་ལ་མེད་མི་ལ་མེད་པ་ཞིག་ཆགས་སོང་ན་དགོས་འབྲས་ཀྱི་སྟོང་པ་མ་ཡིན་ནམ། ཞུ་དག་གྲུབ་མེད།
སྤྱི་ལོ་༢༠༡༢་ཟླ་༠༡་༢༩་ལ་བལ་ཡུལ་རྒྱལ་ས་ནས་ཨོ་རྒྱན་ཉི་མས་སོ། །
Comments on “བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ།”
Comments are closed.
ཆོས་ལུགས་འཐེན་འཁྱེར་གྱིས་དུག་གི་བཟི་ཞིང་སྲིད་ལུགས་ལ་རྨོངས་བའི་མི་ཁྱེད་ཚོ་བོད་དུ་མང་བའི་རྐྱེན་གྱིས་བོད་ལ་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དེ་སྔོན་གྱི་ར་ཤི་ཡ་ནི་ད་ལྟའི་རྒྱ་ནག་ལས་རྡབ་ལྔ་ཡི་ནུས་ཤུགས་མཐོ་བ་ཡོད་ཀྱང་། རྒྱབ་ཁབ་མང་པོས་རང་བཙན་རྩོད་ཅིང་ཐོབ་པ་རེད། ཨ་རི་ནི་རྒྱ་ནག་ལས་རྡབ་ཉི་ཤུ་ལས་ཆེ་བ་ཡོད་ཀྱང་ཨེ་རག་དང་ཨ་ཧྥ་རྒ་ནི་ཐན་གྱིས་རང་བཙན་ཐོབ་པ་རེད། ལོ་རྒྱུས་སྦྱང་མྱོང་མེད་པའི་སྐད་ཆ་རེད། རྨོངས་བའི་སྐད་ཆ་རེད། ཆོས་དང་ཆབ་སྲིད་ལོགས་སུ་དབྱེ་ཚར་ཞིང་ཀརྨ་པ་བོད་ཀྱི་དབུ་ཁྲིད་བྱེད་པ་དུས་རབས་དང་མི་འཚམས་ལ་ཀརྨ་པའི་ཐུགས་འདོད་མ་རེད།
ཤོག་སྒོར་མང་པོ་ཁྱིམ་དུ་ཉར་རྒྱུ་ནི་རྒྱལ་སྤྱིའི་ཁྲིམས་འགལ་རེད། ཀརྨའི་བླ་བྲང་གིས་སྒོར་མོ་མང་པོ་ཉར་བ་ཡུལ་ཁྲིམས་དང་མཐུན་པའི་ཐག་གཅོད་བྱེད་ངེས་རེད། ཁྲིམས་ལུགས་ལ་མཐོ་དམན་མེད།
སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཚང་གིས་ལུགས་གཉིས་ལ་མཁས་པའི་བཀའ་སློབ་གནད་ལ་ཁེལ་བ་ཞིག་གསུངས་བཞག ང་ཚོའི་བཀའ་ཁྲི་གསར་རྙིང་གཉིས་ཀའི་ཚེ་ལ་ཡང་འདི་འདྲ་ཞིག་བསམ་མྱོང་མེད་ལ་བཤད་ཀྱང་ཤེས་མེད་པས་སོ།
ནང་དཀྲུགས་མཁན་པོ་ཨོ་རྒྱན་ཉི་མའི་མིང་ཅན་ཁྱོད་ཀྱིས་བསམ་བློ་དང་འགན་ཁུར་ཡོད་པའི་སྐད་ཆ་བཤད་དགོས་ཀི བོད་ནང་ནས་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་ཨ་མདོའི་བྱས་ན་ཁམས་པས་བྱེད་ཁམས་པས་བྱས་ན་དབུས་པས་བྱེད་བསམ་ནས་ནང་ཁུལ་གྱི་ཞེ་འཁོན་ཞིག་གིས་ཡིན་ལུགས་བཤད་པ་དེ་མགོ་ལ་ཀླད་པ་དང་ཁོག་ལ་དྲན་པ་ཡོད་ན་ཁ་ནས་ཐོན་ཕོད་པ་ཡ་མཚན་རེད་གཞིས་ལུས་བོད་མི་ཉིན་འཁྱོལ་ན་མཚན་མི་འཁྱོལ་བའི་དཀའ་སྡུག་གི་འོག་ནས་ས་ཡ་དྲུག་གི་ཆེད་དུ་ལྷག་བསམ་ལྷད་མེད་ཀྱི་རང་ལུས་མེར་མཆོད་ཕུལ་བ་ཡིན་པར་ཧ་གོ་དགོས་ལ་དོན་རྟོགས་དགོས། ཡང་ཀརྨ་པ་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཆགས་པ་ལ་དགེ་ལྡན་པས་ལམ་ཁ་བཀག་ཡོད་ཚུལ་བཤད་པ་ཡང་ཐད་ཀར་ཀརྨ་པའི་རྒྱབ་ལང་ཡིན་མདོག་བྱེད་ནས་ཀརྨ་པ་མགོན་མེད་སྐྱབས་མེད་དུ་མ་བཟོ་རོགས། བསམ་བློ་གཏོང་དང་བོད་མི་ས་ཡ་དྲུག་གི་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཙམ་དགེ་ལྡན་པས་བཟུང་བསྡད་ཡོད་པ་ཧ་གོ་ན་བཀའ་དགེ་གཉིས་དཀྲུགས་ཤིང་མ་རྒྱག་རོགས། ཀརྨ་པ་ཁེར་རྐྱང་དུ་མ་ཕུད་རོགས། ད་བར་དུ་དགེ་ལྡན་པས་མགོན་སྐྱབས་བྱས་པ་ལ་དྲིན་ལན་ལོག་འཇལ་མ་བྱེད་རོགས། གཞན་པ་ཕར་ཞོག་ཀམ་ཚང་བཀའ་བརྒྱུད་ཆ་ཚང་ཀརྨ་པའི་རྒྱབ་ལ་མེད་པ་ཧ་གོ་བར་གྱིས།
༧གོང་ས་རྒྱལ་བའི་དབང་པོས་ཀྱང་འཛམ་གླིང་དམངས་གཙོའི་ལམ་ཕྱོགས་དང་བསྟུན་ཏེ་ཐབས་མཁས་ཆེན་པོས་ཆབ་སྲིད་ཀྱི་ཐོབ་དབང་ཡོངས་རྫོགས་རྩིས་སྤྲོད་བྱས་པ་ཡིན་ན་སླར་ཀརྨ་པ་ཆབ་སྲིད་སྟེགས་བུར་གདན་འདྲེན་པར་འདོད་པ་ནོར་བ་ཉིད་དུ་སྙམ། ཀརྨ་པའི་མཁྱེན་དཔྱོད་འགྲན་ཟླ་བྲལ་བ་རེད་ཟེར་ན་མི་ཤེས་ཏེ་སྐུ་བསོད་ཆེན་པོ་ཡོད་པ་དངོས་གནས་རེད། ཁོང་གིས་ཆོས་པའི་མིང་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་བྱས་ན་དེ་ཀས་འཐུས་ལ། ཆབ་སྲིད་ལ་ལག་པ་བརྐྱང་ན་རང་ཉིད་ཀྱི་འགྲོ་དོན་སྒོ་མོ་ཇེ་དོག་ཏུ་འགྲོ་བ་ལས་ཅི་ཡོད།
༧གོང་ས་མཆོག་ནས་ཕ་རན་སིའི་ཚགས་པར་འགོད་མཁན་ཞིག་ལ་ཡང་སྲིད་སྐོར་ལ་བྲེལ་བ་བྱེད་མི་དགོས་པའི་བཀའ་མོལ་གསུངས་ཟིན་པ་ལྟར་ད་ལྟའི་རྒྱལ་ཚབ་སྐོར་ལ་ཁྱེད་རང་སེམས་ཁྲལ་བྱེད་མི་དགོས། རི་བོང་གནམ་བརྡིབ་ཀྱི་སེམས་ཁྲལ་མ་བྱེད། སོ་སོར་འཁྲི་བའི་ལས་འབྲས་དང་དགེ་ཚུལ་སློང་གི་སྡོམ་པ་ཡག་པོ་སྲུང་ན་ལེགས། ཚང་མའི་ཇུས་གཏོགས་བྱེད་མི་ཐུབ། ད་ལྟ་བོད་མི་རིགས་འདི་ཆགས་འཇིག་གི་དུས་ལ་སླེབས་པར་བརྟེན་གཞིས་བཞུགས་བོད་མིས་བསམ་བློ་དེ་འདྲ་ཞིག་འཁོར་ནས་རང་གི་རྩ་ཆེའི་སྲོག་ཀྱང་བློས་བཏང་ནས་སྤྱི་དོན་སྒྲུབ་བཞིན་པ་དེར་དགག་དགོས་དོན་མེད། ཐུན་མོང་ཐོག་རྣམ་པ་མི་འདྲ་བའི་ལས་འགུལ་སྤེལ་རྒྱུ་ནི་བོད་མིའི་ལས་འགན་ཛ་དྲག་ཞིག་ཆགས་ཡོད། རྒྱ་མི་གུང་ཁྲན་གྱི་སྡུག་རྩུབ་འདིར་རྒྱུས་མངའ་མེད་ཙང་ཐོལ་བྱུང་གི་སྐད་ཆ་འདི་འདྲ་ཡོང་གི་ཡོད། སོ་སོའི་ལུང་པའི་ནང་ལ་རྒྱུས་མེད་ཀྱི་དགྲ་བོ་སྡུག་རྩུབ་ཅན་འདི་འཛུལ་བར་བརྟེན་གཉའ་གནོན་འོག་སྡུག་མི་ཐེབས་པའི་ལས་འགུལ་འདི་སྤེལ་བ་རེད། བཙན་བྱོལ་ནང་ནས་ཀྱང་བོད་ཀྱི་དཀའ་ངལ་དེ་དག་སེལ་རྒྱུར་ལས་འགུལ་སྤེལ་བ་རེད། ཤེས་སོང་ངམ༽
རིག་བུ་ཁྱེད་ལ་དྲི་བ་འགའ་གཏོང་འདོད་བྱུང་། ཁྲིམས་ལུགས་ལ་མཐོ་དམན་མེད་ཟེར་ན་དེང་དུས་ཨ་ན་ཧ་ཛ་རས་ལས་འགུལ་ཅིའི་ཕྱིར་སྤེལ་གྱིན་ཡོད། ཤོག་སྒོར་མང་པོ་ཉར་བ་རྒྱལ་སྤྱིའི་ཁྲིམས་འགལ་རེད་ཟེར་བ་མ་ཤེས་ཤེས་མདོག་མ་བྱས་ན་བཟང། གང་ཞེ་ན་རྒྱལ་ཁབ་འགའ་ལ་དངུལ་སྨར་ཆེས་མང་པོ་རང་ཁྱིམ་དུ་ཉར་རུང་བ་བཤད་པ་མཐོང་བས་ཁྱེད་ཁྲོན་པའི་སྦལ་བ་ཡིན་རྒྱུ་མ་རེད།
ངའི་བསམ་འཆར་ལ་འགན་ལེན་གནང་བར་ཐུགས་རྗེ་ཆེ། ཡིན་ན་ཡང་ཐུགས་བསམ་ཡག་པོ་ཞིག་བཞེས་དང་། གོ་རྒྱུ་ཞིག་ཡོད་པར་སེམས། གོང་ས་མཆོག་གི་ཡང་སྲིད་ཕེབས་པ་ཙམ་གྱིས་འགྲོ་དོན་ནམ་མཁའ་དང་མཉམ་འགྲོ་བ་དེ་འདྲ་མ་རེད། ནར་སོན་དགོས་པ་རེད་ལ། སློབ་སྦྱོང་གནང་དགོས་རེད། དགུང་ལོ་སུམ་ཅུ་ཙམ་ལ་མ་བསླེབ་པར་བྱ་བ་བརླབས་ཆེན་གནང་ཐུབ་ཡ་ཁག་པོ་རེད། ངའི་གཏམ་ལ་ཁུངས་མེད་ལུང་མེད་སྔར་ཡང་བཤད་མྱོང་མེད་ལ། གཞུག་ནས་བཤད་མི་སྲིད་པ་ཞིག་རེད།
རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མིའི་འཇོན་ཐང་དང་རྣམ་དཔྱོད་ལ་བལྟས་ན་གོང་ས་མཆོག་ནང་བཞིན་ཆགས་ངེས་རེད། འོན་ཀྱང་རང་ལྟ་མཆོག་འཛིན་དང་། གཞན་ལ་ཁྱད་གསོད། རང་ལུགས་ལས་ཆབ་སྲིད་ཙམ་མ་གཏོགས་དོན་ལ་མགོ་འབུལ་མི་ཆོག་པའི་ལྟ་གྲུབ་འཛིན་མཁན་གྱི་ཁྲོན་པའི་སྦལ་བ་དག་གིས་ཁོང་ལ་ཡིད་རངས་དང་རྒྱབ་སྐྱོར་གནང་བའི་ཚབ་ཏུ་རྨ་འབེབས་གང་ཐུབ་གནང་གིན་ཡོད་པ་དེ་མཁྱེན་ལྡན་ཞིག་ཡིན་ན་ཤེས་གསལ་རེད།
གནས་ཚུལ་འདི་དག་མཐོང་སྐབས་ད་ལྟའི་དུས་སྐབས་ཀྱི་བོད་ཀྱི་གནས་ཚུལ་ལ་མ་འོངས་པའི་བོད་ཀྱི་ཤེས་ལྡན་དག་སྐྱུགས་མེས་ལང་ངེས་རེད། ལྟོས་དང་། མཆན་འདི་དག་ལ། ད་ལྟའི་གསེར་རྟ་བླ་བྲང་ལ་ཡོད་པའི་གྲྭ་བའི་གྲངས་འབོར་ལ། སེར་འབྲས་དགའ་གསུམ་གྱི་སེར་གཟུགས་གྱོན་པ་ཡོངས་སྡོམ་ལས་མང་ན། ད་དུང་བོད་ཀྱི་མི་འབོར་རྒྱ་ཆ་བདུན་བཅུ་དགེ་ལྡན་པ་ཡིན་ཟེར་སྤོབས་པ་མཐོན་པོས་གླེང་བ་ཆུ་ཤིང་སྡོང་པོའི་ཟླ་བོ་ཡིན་པ་ཤེས་ནུས་ལ།
འདི་དག་ལ་གོ་བརྡ་ཅུང་ཟད་མ་སྤྲད་ན་གོང་བུ་གཅིག་སྦྲེལ་ཡོངས་ཐུབ་ཁག་པོ་རེད།
ཨོ་རྒྱན་ཉི་མ། ༸གོང་ས་མཆོག་ཆབ་སྲིད་ལས་དགོངས་ཞུ་གནང་ཟིན་པས་ཁོང་རྒྱལ་པོ་མ་རེད་ལ། རྒྱལ་ཚབ་བསྐོས་དགོས་ཀྱང་མེད་དོ། །
བོད་མི་མང་གི་བདེ་སྡུག་ལ་སེམས་པ་འདི་ཡག་པོ་རེད། གང་ལྟ་རྒྱུས་ཡོད་བྱས་ནས་གསུང་རོགས་ཞུ།
ཨོ་རྒྱན་ཉི་མ་ཟེར་བའི་སྤྲང་བོ་དེར་རྨིས་ལམ་ཡག་པོ་ཞེ་དྲག་བཏང་འདུག་བ། རྩོད་གཞི་ཅན་གྱི་སི་ཏུའི་ཀརྨ་པ་དེ། ༧གོང་ས་མཆོག་གི་རྒྱལ་ཚབ་ཏུ་སྐོར་རྒྱུའི་བསམ་བློ་དེ་གང་འདྲ་བྱས་འཁོར་བ་ཡིན་ནམ། གལ་སྲིད་སྐོར་ཡང་སུས་ཁས་ལེན་གྱི་རེད། སི་ཏུའི་འཁོར་འབངས་ཚོ་གཅིག་པུས་མོས་མཐུན་བྱས་ན་འགྲིག་གི་རེད་བས། ཧཧཧཧ ད་དུང་བོད་ནང་གི་དཔའ་བོ་དཔའ་མོ་ཚོས་མཛད་རྗེས་ལ། ཡི་རངས་དང་བསྔགས་བརྗོད་མེད་ཀྱང་། སྐད་ཆ་དེ་འདྲ་བཤད་ཕོད་པར་གཞིགས་ན། ཁོའི་རྒྱབ་ལ་རིང་པོ་ཞིག་དང་ཆེན་པོ་ཞིག་ཡོད་པ་མཚན་མས་ངེས་ཀྱི་འདུག
ཨོ་རྒྱན་ཉི་མ། ༸གོང་ས་མཆོག་རྒྱལ་སྲིད་ལས་དགོངས་ཞུ་ཟིན་པས་སླར་རྒྱལ་ཚབ་དགོས་དོན་མེད།
ཉིད་ཀྱི་མི་རིགས་ཀྱི་གནད་དོན་སེམས་པ་དྲན་ཅིང་བཤད་པ་དེ་ཡག་པོ་རེད།
ཡིན་ཀྱང་གདན་ས་ཁག་དང་ཆོས་རྒྱུད་ཁག་ལ་ཐུགས་རྒྱུས་མི་འདུག
མདོར་ན་ཁྱོད་ཀྱིས་གང་བཤད་པ་དེ་ལྷག་བསམ་ཡིན་པས་སྨོན་ལམ་འདེབས།
སི་ཏུའི་ཀརྨ་པ་ཁོང་རྩོད་གཞི་ཅན་ཡིན་ན་ཡང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཁྱེན་རབ་སོགས་ཆེ་བའི་ཡོན་ཏན་ཕལ་བའི་སྤྱོད་ཚུལ་ལས་རིང་དུ་འདས་ན་རང་བཞིན་གྱིས་རྩོད་མེད་ཆགས་རྒྱུ་ཡིན་པ་སྨོས་མེད་རེད། དེས་ན་ཁྱེད་རང་སེམས་ནད་སྡུག་ཏུ་འགྲོ་རྒྱུ་ཉག་གཅིག་རེད། སྔགས་འབྲུ་དེ་གཉིས་ཀྱིས་ལྟས་ངན་ཁྱེད་རང་མགོ་ཐོག་ཏུ་ཡོང་མི་སྲིད་པ་མིན་ཡིད་ལ་ཞོག་མཛོད། ཁྱོད་ལ་བཤད་རྒྱུ་ཡོན་ཚེ་ཚད་ལྡན་སྨྲོས།
༧རྒྱལ་དབང་ཀརྨ་པ་མཆོག་ཚེ་འདིའི་གཏམ་སྙན་གྲགས་དང་། རང་གི་བདེ་སྐྱིད། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་བཅས་པ་ཡོངས་རྫོགས་བློས་བཏང་ནས་ཐད་ཀར་བཙན་བྱོལ་བོད་གཞུང་ལ་ཁ་ཕྱོགས་ནས་ཕེབས་པ་ཡིན་དུས་བཙན་བྱོལ་དུ་བཞུགས་པའི་བོད་མི་རྣམས་དགའ་བ་སྐྱེ་དགོས་པ་ཞིག་ཡིན་ཀྱང་དེང་སྐབས་ཀླད་མེད་མང་པོ་ཞིག་གིས་གོང་བུའི་ནུས་པ་འདི་གཏོར་བཤིག་གཏོང་གྲབས་བྱེད་དུས་བློ་ཕམ་སྐྱེ་བའི་གནས་སུ་གྱུར། ༧རྒྱལ་དབང་ཀརྨ་པ་མཆོག་གི་མ་འོངས་པའི་བྱེད་ཕྱོགས་ལ་སེམས་ཁྲལ་བྱེད་མི་དགོས། ༧རྒྱལ་དབང་མཆོག་དང་། མཚུར་ཕུ་བླ་བྲང་། སྐུ་སྒེར་ཡིག་ཚང་། བཙན་བྱོལ་བོད་གཞུང་སོགས་ནས་འགན་འཁུར་བས་ཁྱེད་རྣམས་དོན་མེད་གཏམ་འཆལ་འགོད་ཀྱིན་བསྡད་ན་སྙིང་པོ་གང་ཡང་མེད། དད་པས་ཕུལ་བའི་སྐུ་ཡོན་དེའི་ཐོག་ལ་ཟུར་ཟའི་དཔྱད་པ་བྱེད་དགོས་དོན་མེད། བོད་མི་ཚང་མར་གྱོང་རག་པ་རེད། ཁོག་མའི་ནང་ལ་ཡོད་ན་ཟ་རུར་ཡོད་ཡོད་པ་ཡིན། ལོ་སྔོན་མར་བྷེང་ལོར་བོད་སློབ་ཏུ་ཞལ་འདེབས་ཕོན་ཆེན་པོ་བརྒྱབས་ཟིན་པ་མ་ཤེས་སམ༽
ཡུལ་ཁྲིམས་དང་རྒྱལ་ཁྲིམས་ཡོད་ན་བལ་པོ་དང་རྒྱ་གར་ས་མཚམས་ནས་བོད་པ་ཚང་མའི་དངུལ་ག་རེ་བྱས་འཕྲོག་གི་ཡོད་པ་རེད་དམ༽ རིག་པའི་བུ། དེ་སྔ་རྒྱ་གར་ཡུལ་མི་ཁ་ཤས་ཀྱིས་བོད་པའི་ཚོང་ཁང་དང་། ཟ་ཁང་། བཟོ་གྲ་མེར་བསྲེགས་གཏོང་དུས་ཡུལ་ཁྲིམས་དང་། རྒྱལ་ཁྲིམས་བརླགས་པ་རེད་པས༽ ང་ཚོའི་དམིགས་ཡུལ་མཐུན་སྒྲིལ་ཡིན་གྱི་ཁ་བྲལ་མིན།
ཀརྨ་པ་དངོས་གནས་དེ་ཞྭ་དམར་གྱིས་ངོས་འཛིན་གནང་བ་དེ་རེད་བ། སྤྱིར་བཏང་ཡིན་ཡང་དགོས་ངེས་རེད་དེ། ཀརྨ་པ་ཞྭ་དམར་ནག་གཉིས་ཟེར་སྲོལ་མེད་དམ། ཁོང་རྣམ་པ་གཉིས་ཀ་ཀརྨ་པ་མ་རེད་བས། ཡིན་ན་ཁོང་གཉིས་ཐོབ་དང་གོ་ས་གཅིག་པ་ཡིན་ལོས་དགོས། དེ་ཡིན་ན་དངོས་གནས་རྩོད་གཅོད་དེ་ཞྭ་དམར་ལ་བབ་ཡོད་པ་རེད་བ་ལགས། སི་ཏུས་དེའི་བར་དུ་འཚང་ནས་མཐའ་མར་ཁོ་རང་གང་དུའང་འགྲོ་དབང་སྡོད་དབང་མེད་པ་གྱུར་བ་མ་རེད་བས། དྲང་པོ་ཡིན།
བཙན་བྱོལ་ནང་དུ་ཡོད་པའི་བོད་པ་ཚང་མ་ཡོད་ཚད་བློས་བཏང་ནས་ཡོང་མཁན་ཤ་སྟག་རེད་མ་གཏོགས། ཀརྨ་པ་གཅིག་པུ་མ་རེད་བ་ལགས། དེ་ལ་ཧང་སང་དགོས་ཡ་མི་འདུག ཆེ་བ་དང་ཡོན་ཏན་བརྗོད་ཤེས་ཀྱི་མི་འདུག་བ།
ཀརྨ་པ་བཞི་ཡོད་རེད། སི་ཏུའི་ཀརྨ་པ་དང་། ཞ་དམར་ཀརྨ་པ། འབྲས་ལྗོངས་ཀརྨ་པ། ཀ་ལིང་པོན་ཀརྨ་པ་བཅས་རེད། དེ་དག་ནང་ནས་ཀ་ལིང་པོན་གྱི་ཀརྨ་པ་དེ་མར་འཐེན་ནའང་འགྲིགས་རྒྱུ་རེད། གང་ཡིན་ཞེ་ན། ཁོང་ཉིད་ཀྱི་ད་ང་ལ་ཀརྨ་པའི་ཐོབ་ཐང་དང་གོ་ས་མ་རག་ནའང་འགྲིགས་ས་རེད་ལབ་ནས་རང་རང་གིས་རྩ་དགོངས་སུ་ཞུས་ཟིན་པ་རེད།
མ་གཏོགས་གཞན་གསུམ་པོ་ང་ཆེ་ང་བཙན་ཤ་སྟག་གིས་འགྲན་བསྡུར་བྱེད་བཞིན་ཡོད།
ཨོ་འོ། ཞྭ་དམར་ཀརྨ་པ་དེ་མི་གཞི་ཡག་པོ་ཞིག་དང་སྐུ་ཡོན་ཡག་པོ་ཡོད་པའི་སྐད་ཆ་འདུག་གདའ། གཞན་པ་སི་ཏུའི་ཀརྨ་པ་ནི་ཀརྨ་པ་ང་རང་རང་ཡིན་བསམ་པའི་སློམ་སེམས་ཀྱི་ང་རྒྱལ་དང་དྲེག་པ་གཉིས་ཀྱིས་སྦོས་སྦོས་ཆགས་ནས་བསྡད་ཡོད་པ་ཕྱི་གསལ་ནང་གསལ་རེད། འབྲས་ལྗོངས་ཀརྨ་པ་ནི་འབྲས་ལྗོངས་ཕྱོགས་སུ་ས་ལིང་ལིང་འཁུར་ནས་བསྡད་འདུག ད་དུང་ཁོང་གི་རྟག་ཏུ་ཤོད་རྒྱུར། ཀརྨ་པ་སུ་ཡིན་མིན་ནམ་མཁའ་ནས་ས་ཐོག་ཏུ་གཡུགས་ན་མ་ཤེས་ན་དེ་ཀརྨ་པ་རེད་དང་། དེ་ལྟར་མ་ནུས་མི་ཀུན་གྱིས་མཐོང་སར་ང་ཚོ་གྲུབ་རྟགས་སུ་འདུག་འགྲན་བསྡུར་བྱེད་ནའང་འགྲིག་གིན་རེད་ཅེས་སྐད་གསེང་མཐོན་པོས་ཤོད་བཞིན་པར་རེད་འདུག ད་ཁྱེད་རྣམ་པས་ཀརྨ་པའི་རིས་ཐང་གླེང་རིས་ཤིག་འདུག་བས།