མི་ཡི་རིགས་ལ་དབྱེ་བ་མང་ཕྱེ་ནས།།
མི་ཡི་རང་དབང་འགོག་པའི་གཏམ་ཞིག་ཐོས།།
རང་དབང་ལྷ་མོ་མི་མངོན་དབྱིངས་ནས་གཟིགས།།
རང་དབང་སྨྲ་སྒོ་ཡང་གཅིག་བཀྲོལ་དགོས་བྱུང་།།
རིགས་རུས་ཁྲག་རྒྱུད་ཟེར་བ་འདི་གནའ་བོའི་མི་རིགས་རྣམས་ལ་མཚོན་ན་ཁོང་ཚོའི་བསམ་པའི་ནང་གལ་ཆེན་དང་རྩ་ཆེན་རེད། མི་རིགས་སྣ་མང་འདྲེས་སྡོད་བྱས་སྡོད་པའི་དེང་རབས་ཀྱི་གྲོང་ཁྱེར་ཆེན་པོ་དག་ལ་མཚོན་ན་དེ་ནི་དེ་འདྲའི་གལ་ཆེན་པོ་དང་དེ་འདྲའི་དོ་སྣང་བྱེད་དགོས་པ་ཞིག་མིན་པ་མ་ཟད་དེ་ནི་ལྟ་རྒྱ་ཐོས་རྒྱ་ཞན་ཅིང་བསམ་བློ་གུ་དོག་ཅན་ཞིག་ཏུ་མང་པོས་མཐོང་གི་ཡོད་པ་ལྟར་དེ་དེ་བཞིན་ནོ། ཡིན་ན་ཡང་། ཡར་རྒྱས་ཆེན་པོ་སོན་ཡོད་པའི་རྒྱལ་ཁབ་དག་གི་ནང་ཡང་དེ་འདྲའི་བློ་གུ་དོག་ཅན་ཡོད་ཡོད་པ་རེད། མི་རིགས་འདི་བསམ་བློ་གུ་དོག་རེད་ཅེས་མི་རིགས་ཤིག་གི་མགོར་ཉེས་པ་དཀྲིས་པ་ཡིན་ན་དེ་ནི་མ་འགྲིགས་པ་ཞིག་རེད་དེ། ངས་མཐོང་ཕྱོགས་ལྟར་ན། ཇུའུ་མི་རིགས་དང་། ཁ་ཆེ། རྒྱ་གར་ལྟ་བུའི་ནང་། བུ་ཕྲུག་ཚོའི་གཉེན་འབྲེལ་ལ་ཕ་མས་གཅིག་གཅོད་བྱས་ནས་རང་དབང་མི་སྟེར་བ་མ་ཟད་སྲོག་ཉེན་ལ་ཐུག་པའང་ཡོད་བཞིན་པ་ལྟར་རེད།
བོད་མི་མང་པོ་ཞིག་ཐོག་མར་བཙན་བྱོལ་དུ་འབྱོར་ཙམ་ཞིག་ལ། ༧རྒྱལ་བ་རིན་པོ་ཆེས་ཀྱང་མི་རིགས་གཞན་དང་ཆང་ས་རྒྱག་རྒྱུ་མེད་པ་དེ་འདྲ་ཞིག་གསུངས་པ་མཐོང་། དེ་ནི་ངོ་མ་བོད་མི་རིགས་འདི་ཆགས་འཇིག་ཅི་ཡོང་ཆ་མ་འཚལ་བའི་གནས་སྐབས་སུ། བཙན་བྱོལ་བ་རྣམས་འཛམ་གླིང་ཕྱོགས་ཕྱོགས་སུ་ཁ་གྲམ་ནས་རྩ་མེད་དུ་གྱུར་པ་ཡིན་ན་བོད་ཀྱི་རང་དབང་རྩོད་ལེན་གྱི་གཞི་རྩ་མེད་པ་ཆགས་ཀྱི་ཡོད་པར་དགོངས་པ་ལོས་ཡིན་འདོད། ཡིན་ནའང་། རྗེས་སུ་གསུང་བཤད་ཁག་ཏུ་དེ་འདྲའི་གསུང་རྩ་ནས་མཐོང་རྒྱུ་མེད་པ་དེ་ལའང་ཕལ་ཆེར་རྒྱུ་མཚན་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་ལྟ་བུ་རྒྱལ་སྤྱིའི་མི་སྣ་གྲགས་ཅན་སྤྱན་རས་གཟིགས་གསོན་པོ་དྲོན་པོ་ཡིན་ཟེར་མཁན་ཞིག་ནས་མི་རིགས་དབྱེ་འབྱེད་ཀྱི་གསུང་འབྱོན་གྱིན་བསྡད་ན་རྒྱལ་སྤྱིའི་ནང་མཐོང་ཆགས་རྒྱུ་ཡིན་པ་མངོན་གསལ་རེད།
ཟངས་ང་དང་འགྲོགས་ན་དྲི་མག་དང་ཀ་རག་དང་འགྲོགས་ན་དཀར་རྩི་བཞིན་ཁྱེད་ཀྱི་འགྲོགས་རོགས་དེ་མི་རིགས་ཀྱི་བསམ་བློ་གུ་དོག་ཅན་གྱི་མི་རྐྱང་ཡིན་ན་ཁྱེད་ཀྱང་དེ་ལྟར་ཆགས་རྒྱུ་ཡིན་པ་དང་། བསམ་བློ་གུ་ཡངས་ཅན་གྱི་རྒྱལ་སྤྱི་བའི་མི་རྐྱང་ཡིན་ན་ཁྱེད་ཀྱང་དེ་བཞིན་ཆགས་རྒྱུ་ཡིན་པ་རེད།
མཐའ་མཇུག་ཡང་སྐྱར་བཤད་འདོད་པ་ནི། རིགས་རུས་ཁྲག་རྒྱུད་ཟེར་བ་དེ་གལ་ཆེན་པོ་མ་རེད། སྐད་དང་རིག་གཞུང་ཟེར་བ་དེ་གལ་ཆེན་པོ་དང་རྩ་ཆེན་པོ་རེད། ངས་ངོ་ཤེས་པའི་ནང་། ཕ་མ་གཉིས་འདྲེས་དང་ཕ་མ་གཉིས་ཀ་ཕྱི་གླིང་བ་ཡིན་པའི་བུ་ཕྲུག་ནང་རང་སྐད་ཐོག་བོད་སྐད་ཆུ་བཞུར་བཞུར་བཤད་མཁན་ཡོད་ལ་ཕ་མ་གཉིས་ཀ་བོད་ཡིན་པའི་བུ་ཕྲུག་ནང་བོད་སྐད་གཅིག་ཀྱང་མི་ཤེས་མཁན་ཡང་ཡོད།
མི་རིགས་ཉམས་རྒུད་ལ་འགྲོ་བ་དེའི་གཞི་རྩ་ནི། གཞན་གྱི་བཙན་དབང་འོག་ཚུད་དེ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་བྱེད་པའི་གུ་ཡངས་ཀྱི་ལམ་ཞིག་མེད་པ་དེས་རེད།
སྲིད་དབང་སྒེར་གཅོད་ཡོད་སར་གཉིས་མོས་མེད།།
མི་རིགས་རིང་ལུགས་ཆེ་སར་དམངས་གཙོ་མེད།།
ང་ཁྱོད་ཕྱོགས་རིས་མང་སར་ཡར་རྒྱས་མེད།།
བསམ་བློ་གུ་དོག་ཅན་ལ་རང་དབང་མེད།།
རང་ལྟ་མཆོག་འཛིན་བྱེད་སར་འདྲ་མཉམ་མེད།།
མེད་པ་འདི་ཚོ་དོར་ཅིག་བདེ་སྐྱིད་ཡོད།།
མི་རིགས་ཀྱི་བདེན་པའི་ཐོབ་ཐང་དེ་རྩོད་དགོས་པ་རེད།
མི་རིགས་ཀྱི་གུ་དོག་ཞེན་ཕྱོགས་དེ་སྤང་དགོས་པ་རེད།
རང་གི་བསམ་ཚུལ་མི་འདྲ་བ་དེ་བཤད་དགོས་པ་རེད།
གཞན་གྱི་བསམ་ཚུལ་མི་འདྲ་བར་བརྩི་དགོས་པ་རེད།
མི་མཐུན་སར་རྩོད་གླེང་ནི་བྱེད་དགོས་པ་རེད།
གཞན་པ་ཡི་ལེགས་ཆ་དེ་ལེན་དགོས་པ་རེད།
གཞན་གྱི་ལྟ་ཚུལ་ལ་ཡང་ཡང་དུ་བསམ་དགོས་པ་རེད།
རང་གི་ལྟ་ཚུལ་ལ་འར་དང་འོར་བརྟག་དགོས་པ་རེད།
རང་གི་ནོར་འཁྲུལ་དེ་ངོས་ལེན་བྱེད་ཐུབ་པའི་སྤོབས་པ་དགོས་རེད།
གཞན་གྱི་བདེན་པ་དེ་དང་ལེན་བྱེད་ཐུབ་པའི་བློ་དཀྱེལ་དགོས་རེད།
རིགས་རྒྱུད་དང་གྲལ་རིམ་གྱི་འདུ་ཤེས་འདི་ཆོས་པ་ཚོའི་སྤང་བྱ་དང་འཇིག་རྟེན་པ་ཚོའི་བླང་བྱ་ཡིན་ཟེར་བ་བདེན་ནམ།
ངས་ཤེས་པ་ལྟར་ན། ནུབ་ཕྱོགས་སུ་ཆོས་འཇིག་རྟེན་གཉིས་ཀྱི་སྤང་བྱ་རེད་དེ་ད་རུང་སེམས་ནང་གི་གཡའ་དག་མེད་པའང་ཡང་སེ་མཐོང་རྒྱུ་དང་ཐོས་རྒྱུ་འདུག
རིགས་མི་གཙོ་སྒྲུབ་པ་ལག་ལེན་གཙོ་ཞེས་དམ་ཆོས་འདུལ་བ་ནས་བཤད་པ་དེ་དེང་དུས་ཀྱི་སྐྱེ་དངོས་རིམ་འགྱུར་གྱི་རིག་པ་དང་མཐུན་ལ། མིའི་རིགས་རྒྱུད་ནི་ཐོག་མའི་མེས་པོ་གཅིག་ལས་མཆེད་པ་དང་རིགས་རྫས་ཀྱི་ཡ་མཐར་གཏུགས་ན་སྤྲ་དང་སྤྲེའུ་ལ་ཐུག་པས་འགོས་ཀྱིས་བཤད་པ་ལྟར་གནས་པའི་བསྐལ་བ་ནས་བོད་མི་རིགས་ཡོད་པའི་དབང་དུ་བཏང་རུང་ཁོར་ཡུག་གི་རྐྱེན་པས་འགྱུར་ལྡོག་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དང་། སྐད་དང་ཡི་གེ །ཆ་ལུགས་ཀྱང་དེ་བཞིན་འགྱུར་འགྲོ་བ་དང་། ད་ལྟའི་ཆར་བོད་ཀྱི་རིག་གཞུང་ཡང་ལག་ལེན་གྱི་ཆ་ནས་ཉམས་རྒུད་དུ་འགྲོ་བ་དང་ཇི་སྲིད་བོད་ཀྱི་སྐད་དང་ཡི་གེ །རིག་གཞུང་གནས་པ་དེ་སྲིད་དུ་བོད་ཡོད་ལ། དེ་མེད་པ་ནས་བོད་ཅེས་པ་ཡང་གཏན་མེད་དུ་འགྲོ །མི་རིགས་ཐ་དད་དུ་འབྱེད་ཆོས་སྐད་དང་ཡི་གེ་ཡིན།
རིགས་རུས་མཐོ་དང་དམའ་བ་མེད་དགོས་ཀྱང་། །
ཡོན་ཏན་མཐོ་དང་དམན་པ་ཡོད་པ་ལྟར། །
སྤྱོད་པ་ཡ་རབས་མ་རབས་མཐོ་དམན་ཡོད། །
གནའ་དུས་རྒྱལ་པོ་འབངས་འཁོར་ཁྱད་ཆེ་ཡང་། །
ད་ལྟའི་དུས་སུ་འགོ་དམངས་དབྱེ་འབྱེད་དཀའ། །
ཧིན་རྡྭུའི་ཆོས་དེ་རིགས་རུས་ལ་བཅོལད་ཅིང་། །
ཇེའུ་རིགས་ཆོས་དེའང་ཁྲག་རྒྱུན་ལ་བཅོལ་ཡོད། །
ཁ་ཆེས་ཆོས་ཕྱིར་དྲག་གནོན་་བཙན་རྩུབ་ཀྱང་། །
རིགས་རུས་མི་གཙོ་གྲུབ་པ་གཙོ་གསུངས་པས། །
ནང་པ་ང་ཚོས་དད་ལྡན་གྲུབ་ལ་ལྟོས། །
༄༅།། རིེགས་རུས་རྩ་ཆེན་པོ་མ་རེད། རིག་གཞུང་རྩ་ཆེན་པོ་རེད་ཅེས་བྲིས་འདུག །རང་རེ་པོད་པའི་སྤྱི་ཚོགས་ནང་རིགས་རུས་བརྩི་བ་འདི་ཡང་བོད་ཀྱི་སྲོལ་རྒྱུན་ཁྱད་ཆོས་ཅིག་རེད། སེམས་ཙན་དུད་འགྲོ་ལྟ་བུར་ཡང་རིགས་རུས་རྩི་སྲོལ་འདུག་ན་རང་རེ་འགྲོ་བ་མི་ལ་ལོས་དགོས། རིགས་རུས་ཀྱི་ཁྱད་པར་རྩི་བ་འདིས་མཐོ་བ་གོང་དུ་བཀུར་ནས་དམའ་བ་གཉའ་གནོན་བྱེད་པ་དེ་འདྲ་མ་རེད། རིགས་ངན་དང་རིགས་གཞན་པ་རྣམས་རྒྱ་མི་གུང་ཁྲན་གྱིས་རིག་གསར་སྐབས་བེད་སྤྱོད་བཏང་ཏེ་ལྷ་སྐུ་རྟེན་གསུམ་སྟོར་ཤིག་བྱས་པ་མ་ཟད་། མི་དྲག་དང་། བླ་མ། ཆོས་བྱེད་ཀྱི་དགེ་འདུན་སོགས་ལ་རྡུང་རྡེག་བྱེད་པོ་གཙོ་བོ་ཆགས་ཡོད་། མི་ལ་རིགས་བརྩི་བ་འདི་བསམ་བློ་གོ་དོག་ཡིན་ན།
མི་གསད་རྟ་ཁྱེར་བྱས་ནས་ཕ་སྤུན་ནང་ཁུལ་གསོད་རེད་བྱེད་པ་དཔའ་བོར་རློམ་པ་འདི་གང་ཞིག་ཡིན།
ཆོས་རྒྱལ་མེས་དཔོན་རྣམ་གསུམ་སྐབས་ནས་དུས་ད་ལྟའི་བར་ཡོད་པའི་ལུགས་སྲོལ་ལ་སྤྱད་པ་བྱེད་པའི་ངལ་བ་དེ་དོར་ནས། རང་རེ་མི་སྐྱ་ཡིན་ན་ལས་འབྲས་རྩི་འཇོག་གི་འཇིག་རྟེན་དང་མཐུན་པའི་ལས་ལ་འབད་རྩོལ་བྱེད་དགོས་པ་དང་། བླ་མ་གྲ་པ་ཡིན་ན་རང་རང་གི་ཁས་བླངས་པའི་དམ་སྡོམ་ཚུལ་བཞིན་དུ་སྲུང་ནས་ཁྱིམ་པ་བསུན་འབྱིན་གྱི་ལས་ལ་མི་གཞོལ་བ་བར་། འདོད་ཆུང་ཆོག་ཤེས་ཅུང་ཙམ་གནང་ན་དེ་གས་མི་ལེགས་སམ།
དེང་དུས་མི་རྣམས་རྙིང་པའི་སྲོལ་ལ་དུག་ལྟར་བལྟ་ཞིང་། གསར་པའི་སྲོལ་ལ་ཡི་དམ་དུ་བྱེད་པ་འདིས་མི་ལོ་དྲུག་ཅུ་ཙམ་གྱི་རིང་ལ་སྟོན་རྒྱུ་དེ་བོད་སྐད་ར་མ་ལུག་དང་། རང་གི་ཕ་ཡུལ་གང་ཡིན་མི་ཤེས་པའི་གསར་བུ་བ་འདི་ཚོ་བྱུང་བ་རེད། རྒྱ་ནག་འགོང་པོ་མའོ་ཙེ་ཏུང་གིས་རྙིང་གཏོར་གསར་འཛུགས་ཀྱི་ལས་གཞི་རྒྱ་ནག་ཁྱོན་ཡོངས་ལ་ལག་ལེན་བྱས་པ་དེས། ད་ལྟའི་རྒྱ་ནག་མི་དམངས་ཀྱི་གནས་སྟངས་དེ་ཆགས་པ་རེད། མདོར་ན་དེ་མ་རེད་འདི་རེད་ཟེར་བ་དང་། ང་མ་ཡིན་ཁོ་རེད་ཟེར་བ་སོགས་ཀྱི་དུས་ཚོད་འཕྲོ་བརླག་མ་བཏང་བར་རང་རང་གི་སྐབས་དོན་བྱ་བ་ལ་འབད་པ་གནང་རོགས་ཞུ།།
དེང་སང་ཀྲུང་གོའི་མངའ་ཁོངས་སུ་མི་རིགས་ལྔ་བཅུ་ལྷག་ཡོད་ཅེས་ནམ་རྒྱུན་རྒྱ་མིས་བཤད་བསྡད་པ་དེ་ལ་བསམ་ན་བོད་ཀྱི་ས་ཁུལ་མི་ཉུང་བ་ཞིག་རྒྱ་ཡུལ་དུ་འགྱུར་ཚར་བ་དང་བོད་མི་རིགས་ཀྱང་རྒྱ་མིའི་ནང་དུ་ཐིམ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ་བ་དང་དེའི་སྟབས་ཀྱིས་བོད་ལ་རང་དབང་དགོས་ཞེས་བཤད་ན་རྒྱུ་མཚན་ལོས་ཡོད། བོད་རང་དབང་མ་ཐོབ་བར་དུ་བོད་ཀྱི་སྐད་དང་ཡི་གེ །གོམས་སྲོལ་འདི་འགྱུར་སོང་ན་ཕལ་ཆེར་བོད་རང་དབང་ཡང་རྨི་ལམ་ཙམ་རེད། དཔེ་གཅིག་བཞག་ནས་བཤད་ན། ལོ་ངོ་ལྔ་བཅུའི་གོང་གི་མདོ་སྨད་དཔའ་རིས་ས་ཁུལ་དང་དེང་སང་གི་དཔའ་རིས་གཉིས་བསྡུར་ན་གནམ་ས་ལྟ་བུའི་འགྱུར་བ་ཞིག་ཕྱིན་ཚར་བ་དང་ཁོ་ཚོ་མི་རིགས་བོད་པ་ཡིན་ཡང་རང་གི་སྐད་དང་ཡི་གེ་འགྱུར་ནས་རྒྱ་སྐད་དང་རྒྱ་ཡིག་ཁོ་ན་སྤྱོད་པའི་ས་ཁུལ་དེར་དེང་སང་བོད་པ་སུ་ཞིག་བསླེབས་སོང་ཡང་རྒྱ་ཡི་གྲོང་སྡེ་ཞིག་ལས་གང་ཡང་མཐོང་རྒྱུ་མེད། དེ་དང་དེ་འདྲའི་དཔེ་མཚོན་འཛམ་གླིང་སྟེང་གང་མང་ཡོད་པ་ལག་ཐོགས་མི་དགོས། དེར་བརྟེན་འཇམ་དབྱངས་ནོར་བུས་དཔེ་མཚོན་དུ་བགྲང་བའི་རླབས་ཆེན་གྱི་ལྗེའུ་མི་རིགས་ལོ་ངོ་ཆིག་སྟོང་རིང་འཛམ་གླིང་གང་སར་ཁ་འཐོར་ཕྱིན་ནས་སླར་རང་དབང་ཐོབ་པའི་ཉིན་མོ་ཞིག་ཤར་སོང་བ་རེད། ང་ཚོའི་བོད་པས་ཀྱང་རང་གི་སྐད་དང་ཡི་གེ །རིག་གཞུང་སྲུང་སྐྱོབ་དེ་འདྲ་ཞིག་བྱེད་དེ་འཛམ་གླིང་གང་སར་འཐོར་དགོས་བྱུང་རུང་ལྗེའུ་མི་རིགས་ལྟར་བོད་པ་ཟེར་བ་ཞིག་འཛམ་གླིང་སྟེང་མ་ཡལ་བ་ཞིག་བྱེད་དགོས་ན་མི་རབས་རྗེས་མ་རྣམས་ལ་བོད་པའི་རིག་གཞུང་གི་བག་ཆགས་ཟབ་མོ་ཞིག་འཇོག་དགོས་པ་གལ་ཆེན་པོ་རེད། །ཁ་ཡོད་ལག་ཡོད་ཀྱི་ཉེན་ཁ་ནི་གང་ཡིན་མིན་ངོས་འཛིན་གསལ་བོར་ཡོད་པའི་ཐོག་ ”རང་གི་རིག་གཞུང་ལ་མཁས་དགོས། གཞན་གྱི་རིག་གཞུང་ཤེས་དགོས་” ཟེར་བའི་མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོ་བ་སྐུ་གཤེགས་སངས་རྒྱས་རྒྱལ་གྱིས་གཏམ་བཤད་སྤེལ་བ་དེ་དོན་ལ་གནས་འདུག།
གཉན་གཡག་ཕྲུག་ལགས།
བསམ་ཚུལ་མི་མཐུན་པ་སྤེལ་བར་གློ་བ་དགའ། རྒྱུ་མཚན་ནི་དངོས་པོ་བརྗེ་རེས་བྱས་ན་ཕན་ཚུན་ལ་དངོས་པོ་གཅིག་རེ་ལས་མེད་པ་དང་། བསམ་ཚུལ་མི་མཐུན་པ་བརྗེ་རེས་བྱས་ན་ཕན་ཚུན་ལ་བསམ་ཚུལ་གཉིས་རེ་ཡོད་པས་སོ།
ད་རུང་བཤད་འདོད་པ་ཞིག་ལ། འདྲ་མཉམ་ཟེར་བ་འདི་རྩ་ཆེན་པོ་ཡིན་པ་དེ་ལ་འུ་གཉིས་བར་ན་མུ་མཐུན་ས་ཕལ་ཆེར་ཡོད་རྒྱུ་མ་རེད་འདོད། དེ་ཡིན་ན། རང་གི་རིགས་རུས་དེ་རྩ་ཆེན་པོར་མཐོང་སྐབས་རིགས་རུས་གཞན་ལ་འདྲ་མཉམ་དུ་ལྟ་བའི་བསམ་ཚུལ་དེ་མེད་པ་ཆགས་ཚར་ཡོད་པ་རེད། འདྲ་མཉམ་གྱི་བསམ་བློ་འདི་སྒྲིབ་པར་གྱུར་པ་ཡིན་ན་དེའི་རྒྱབ་ལོགས་སུ་གཅིག་གཅོད་ལ་སོགས་པའི་གནད་དོན་མང་པོ་ཞིག་པང་བསྒྲིགས་ནས་བསྡད་བསྡད་ཡོད་པ་རེད། མང་པོ་ཞིག་ནས་དགག་པ་རྒྱག་བཞིན་པའི་མི་རིགས་ཆེན་པོའི་རིང་ལུགས་ཟེར་བ་འདིའང་མཐར་དེད་ན་རང་གི་རིགས་རུས་དེ་གཞན་ཀུན་ལས་རྩ་ཆེ་བར་མཐོང་བ་ལས་བྱུང་བ་རེད།
མི་རིགས་ཚང་མས་རང་ཉིད་ཀྱི་རིགས་རུས་དེ་རྩ་ཆེ་བར་མཐོང་གི་ཡོད་པ་རེད། དོན་དམ་པར་མི་རིགས་གང་གི་རིགས་རུས་རྩ་ཆེན་པོ་རེད། དེ་བཞིན་བོད་མི་ཚོས་རང་གི་རིགས་རུས་དེ་རྩ་ཆེན་པོར་མཐོང་གི་ཡོད་པ་རེད། དཔལ་ཡོན་ཡར་རྒྱས་ཆེ་བའི་རྒྱ་གར་ནག་གཉིས་ལ་མཚོན་ན། བོད་ཀྱི་རིགས་རུས་དེ་རྩ་ཆེན་པོ་ཞིག་ཏུ་ནམ་ཡང་མཐོང་མེད་པ་རེད། མཐའ་འཁོབ་དང་ཀླ་ཀློར་མཐོང་ཡོད་པ་རེད།
ད་གནས་ཚུལ་ག་རེ་ལྷགས་ཡོང་གི་འདུག ལྟ་སྟངས་འདི་ལྟ་བུ་ཞིག་གི་བར་ན་འདྲ་མཉམ་ཟེར་བ་དེ་ནམ་ཡང་ཡོང་ཐབས་མེད་པ་ཆགས་པ་རེད།
རིགས་དང་རུས་ཀྱི་ཁྱད་པ་ལོས་ཡོད། རིགས་དང་རུས་ཟེར་དུས་ངེས་པར་དུ་མཐོ་དམན་དབྱེ་འབྱེད་བྱེད་དགོས་པའི་དོན་མ་ཡིན། དེ་ནི་སོ་སོའི་འབྱུང་ཁུངས་ཤེས་རྟོགས་དང་ཉེ་རིང་དབྱེ་འབྱེད། རང་ཚུད་བཟུང་པའི་ཚད་འཛིན་པའི་གཞི་རྩ་ཞིག་ཡིན། རིགས་ཞེན་མེད་ན་མི་རིགས་ཀྱི་ཞན་ཁོག་ཟེར་བ་གཞི་མེད་སྟོང་གཏམ་ཡིན། རུས་རྒྱུད་མ་ཤེས་ན་དགྲ་འདུལ་གཉེན་སྐྱོང་ཟེར་བ་འཇིག་བརྟན་གྱི་བྱ་བ་ཁུངས་མེད་ཆགས། རིགས་ཞེན་ཡོད་ཙམ་མི་རིགས་རིང་ལུགས་ཟེར་བ་ཞིག་ཡོད། རུས་རྒྱུད་ངོས་འཛིན་ལ་གཞི་བཟུང་སྤྲུའུ་དང་བྲག་སྲིན་རྒྱུད་པའི་ཤ་ཁྲག་གཅིག་་ལས་ཆད་པའི་བོད་མི་སྤུན་ཟླ་ཟེར་བའི་ཚིག་དེ་སླེབས། རིགས་དང་རུས་ཀྱི་ཁྱད་པ་མེད་ན་ཕྱི་ནང་དང་དགྲ་གཉེན་གྱི་དབྱེ་བ་མེད། རིགས་རུས་དབྱེ་བ་མེད་ན་རྒྱ་བོད་ཧོར་དབྱིན་གྱི་མིརིགས་ཁྱད་པ་མེད། དེ་ཚོ་མེད་ན་བོད་མི་རིགས་ཀྱི་རང་དབང་འཐབ་བརྩོད་ཟེར་བ་མེད། དེའི་ཕྱིར་སྟོང་གཏམ་མ་བཤད་དོན་ལ་གཟིགས་རོགས། ཡང་རིགས་རུས་ཟེར་དུས་རྒྱ་གར་གྱི་རིགས་དབྱེ་བཏངས་ལ་གོ་དགོས་བརྗོད་ན། དེ་བོད་མི་དང་འབྲེལ་བ་མེད། བོད་དབུས་གཙང་དུ་ལྕགས་བཟོ་ལ་རིགས་དམའ་བ་བཅས་མཐོང་ཆུང་བྱེད་སྲོལ་ཡོད་རུང་། དོན་དངོས་ཐོག་དེ་རིགས་རུས་དབྱེ་འབྱེད་མིན་པར་ནང་ཆོས་དགེ་སྡིག་གི་ལྟ་གྲུབ་གཞི་བཟུང་གི་ལས་རིགས་དབྱེ་འབྱེད་ཡིན། བོད་མིས་རིགས་ཡག་གཙོག་ཟེར་དུས་གཙོ་བོར་ལསདགེ་སྡུག་གི་ལྟ་གྲུབ་གཞི་བཟུང་བ་ཡིན། མི་ཐོག་མང་པོར་རིང་ཡ་རབ་དང་རབ་བྱུང་པ་ཡོད་ཞིང་དགེ་ལས་བྱེད་མཁན་གྱི་དུད་ཚང་ལ་རིགས་ཡག་པོའི་དུད་ཚང་བརྩི་བ་དང་། ཁྱིམ་ཚང་གི་མེས་པོ་ནང་མགོ་བདེ་གཡོ་ཁྲམ་མམ་ཇག་རྐུན་བྱེད་མཁན་མང་བ་རིགས་ལ་རིགས་སྡུག་པ་བརྩི་བ་དང། དགེ་སྡིག་གི་ལས་དམིགས་གསལ་མེད་པ་ལ་དུད་ཚང་མཉམ་ཆུང་བརྩི་བ་ལྟ་བུའོ།
ཡང་གསལ་བཤད་དགོས་པ་ཞིག་ལ། ༧གོང་ས་མཆོག་གིས་བོད་མི་ཚོ་མི་རིགས་གཞན་དང་གཉེན་སྒྲིག་བྱེད་པ་འགོག་པ་དེ་མི་རིགས་དབྱེ་འབྱེད་དང་འབྲེལ་བ་མེད། རང་གི་མི་རིགས་དང་རིགས་གཞུང་རྒྱུད་འཛིན་ཆེད་དུ་རང་སྲུང་བྱེད་པའི་འཛིང་སྐྱོང་གི་ལས་དོན་ཞིག་་ཡིན་མ་གཏོགས་མི་རིགས་གཞན་པ་ལ་མཐོང་ཆུང་གི་ལྟ་བ་གཞི་བཟུང་པའི་མི་རིགས་དབྱེ་འབྱེད་མིན།