མི་ལའི་རྣམ་ཐར་མཛོད་ནག་མ་ནི་ད་དུང་ཡང་དཔེ་རྒྱུན་མ་ཆད་པར་བོད་ཀྱི་གདུལ་བྱ་གླང་འདྲ་བ་རྣམས་ཀྱི་བློ་མུན་སེལ་བའི་གཉེན་དུ་འོད་ཟེར་ལམ་ལམ་ཕྱོགས་དུས་ཀུན་ཏུ་འཕྲོ་བཞིན་མཆིས།
མཛོད་ནག་མའི་མཇུག་ཏུ། གླེགས་བར་འདི་ཉིད་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ནས། ཀོང་པོ་རྩེ་ལ་སྒང་གི་མཛོད་ནག་ནང་དུ་བཞུགས་པ་ལ། ཆོས་རྗེ་མཐོང་བ་དོན་ལྡན་པ་ལ་ནང་སོ་ཀུན་དགའ་རྒྱལ་མཚནགྱིས་གདན་འདྲེན་བྱས་པའི་དུས་སུ། མཛོད་ནག་ནང་ནས་མགུར་འབུམ་འདི་ཡང་གདན་དྲངས་ནས་ལྷོ་རྒྱུད་འདིར་ཕེབས་ནས་དད་ལྡན་རྣམས་ཀྱིས་མང་དུ་བཞེངས་པས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཏོ་ཞེས་གསལ་བ་ལས་མཛོད་ནག་མའི་མིང་ཐོགས་དོན་ཡང་གསལ། ད་ལྟ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་དེབ་རྒན་སྟོད་སྨད་གཉིས་བོད་ནང་གི་དཔེ་ཚོང་ཁང་འགའ་རེའི་ནང་བཙོང་རྒྱུ་འདུག
མཛོད་ནག་མ་འདི་ནི། རྗེ་བཙུན་དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་ཆུ་མོ་གླང་གི་ལོ་ལ། ངན་རྫོང་རས་པ་དང་རས་པ་ཞི་བ་འོད་གཉིས་ཀྱིས་གཙོས་རས་པ་རྣམས་ཀྱིས་ཕྱོགས་ཕྱོགས་ནས་ཀྱང་བསྡུས། བཀྲ་ཤིས་ཚེ་རིང་མ་ལའང་ཞུས། རས་པ་བུ་ཆེན་རྣམས་ཀྱི་ཐུགས་ལ་ཡོད་པ་རྣམས་དང་། མ་འཚོབ་པ་རྣམས་རྗེ་བཙུན་ཉིད་ཀྱིས་ཁ་བསྐང་ཞིང་། རྣམ་ཐར་གྱིས་ཚུལ་དང་བསྒྲིགས་ནས་ལུང་དང་བཅས་པ་མཛད་པའི་དུས་སུ། རྗེ་བཙུན་གྱི་ཞལ་ནས། ཤིན་ཏུ་ལེགས་ཟིན། ད་ལོ་གཅིག་གཉིས་ནས་ང་འཆི་ཙ། ང་ཡི་གསུང་འདི་ལ་ཐམས་ཅད་མོས་ཤིང་དད་པའི་རྟེན་འབྲེལ་ཡོད་གསུངས་ནས། སྨོན་ལམ་བཀྲ་ཤིས་དང་བཅས་པ་མཛད། དེ་ནས་དཔེ་དེ་ཉིད་རས་ཆུང་པས་ལོ་རོ་ན་གདན་དྲངས། དེ་ནས་ཆོས་རྗེ་དུས་གསུམ་མཁྱེན་པ་ལོ་རོ་ན་བྱོན་ཏེ་རས་ཆུང་པ་ལ་ལུང་གསན་ཅིང་ཕྱག་དཔེ་བཤུས་ནས་མཚུར་ཕུ་ན་གདན་དྲངས་ཞེས་ཀྱང་མཛོད་ནག་མའི་མཇུག་ཏུ་བྲིས་འདུག
ཡིན་ནའང་། འདི་ནི་ཕྱིས་ཀྱི་མཛོད་ནག་མའི་མ་དཔེ་ལྟ་བུ་ཡིན་འདུག་ཀྱང་མཛོད་ནག་མ་ཆ་ཚང་མིན་པ་འདྲ་སྟེ།
ཁྲོ་རུ་དགོན་པའི་སྤྲུལ་སྐུའི་སྐྱེ་མིང་ཀླུ་སྒྲུབ་རྒྱ་མཚོས་བྲིས་གནང་བའི་དཔེ་སྐྲུན་གསལ་བཤད་ནང་འདི་ལྟར་བྲིས་འདུག
རས་པ་རྣམས་ཀྱིས་བཀའ་བསྡུ་གནང་བ་ལ། ་་རྗེ་བཙན་ཉིད་ཀྱིས་ཁ་བསྐང་ཏེ་ལུང་དང་སྨོན་ལམ་བཀྲ་ཤིས་མཐའ་རྒྱས་མཛད་པ་དེ་ཉིད་རས་ཆུང་པ་ནས་རསྨྲི་བྷ་དྲའི་བར་ཆིག་རྒྱུད་དུ་བཞུགས་པ་དང་། ཕྱིས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་རྗེ་བཙུན་ཆེན་པོའི་རྣམ་ཐར་གསུང་མགུར་ཕྱོགས་གཅིག་ཏུ་བསྒྲིགས་པ་བརྒྱ་རྩ་བརྒྱད་གསན་པའི་ནང་ནས་རྒྱས་ཤོས་དང་ཁུངས་བཙུན་པར་གཟིགས་ནས་ཆོས་རྗེ་ཉིད་ཀྱིས་ཁ་ཐོར་བ་རྣམས་ཕྱག་བྲིས་གནང་སྟེ་སླར་ཡང་ལེགས་བཅོས་དང་དག་བསྒྲིགས་མཛད་དེ་ཐུགས་བརྩིས་ཤིན་ཏུ་ཆེ་བར་གནང་བས་རྣམ་ཐར་མཛོད་ནག་མ་ཞེས་གྲགས་པ་འདི་དང་། གཞན་ཡང་མགུར་འབུམ་རིགས་མི་གཅིག་པ་བཅུ་བདུན་ཙམ་བསྡུ་བསྒྲིག་བྱས་ནས་གུང་ཐང་དཔལ་གྱི་གཙུག་ལག་ཁང་ཆེན་པོར་ལེགས་པར་སྒྲུབ་ཟེར་བ་དང་། རྗེ་བཙུན་གྱི་རྣམ་ཐར་རིགས་མི་གཅིག་པ་བརྒྱ་དང་ཉི་ཤུ་རྩ་བདུན་གཟིགས་ནས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ཞེས་པ་དང་། དེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ། རྗེ་བཙུན་གྱི་མགུར་མའི་ཚོགས་རྙེད་ཚད་ཀྱི་ཁ་བསྐང་ནས་ལེགས་པར་བསྒྲུབ་ཞེས་པ་སོགས་རྣམ་ཐར་དེ་དག་མཛོད་ནག་མ་ཟེར་་ ཞེས་གསལ་བར་བལྟས་ན། མཛོད་ནག་མ་ནི་རྗེ་བཙུན་མི་ལས་སྨོན་ལམ་རྟེན་འབྲེལ་གནང་བའི་དང་པོའི་མ་དཔེ་དེ་ཁོ་ན་མིན་པ་འདྲ།
སྤྱིར་མི་ལའི་རྣམ་ཐར་ལ་རྒྱས་བསྡུས་མང་པོ་ཞིག་ཡོད་པ་གསལ་ལ་དེའི་ནང་བཅོས་མ་མང་དུ་ཡོད་པ་འགོས་ལོས་གསུང་ཡོད་པ་དེ་ཡང་པར་སྐྲུན་གསལ་བཤད་ནང་ལུང་འདྲེན་གནང་འདུག
རྣམ་ཐར་མཛོད་ནག་མའི་ངོ་སྤྲོད་བྱས་བར་ལེགས་བྱུང་། འོན་ཀྱང་རྗེ་བཙུན་རིན་པོ་ཆེ་ལྷ་སར་ཕེབས་པའི་སྐོར་བྲིས་མི་འདུག
རྗེ་བཙུན་ལྷ་སར་ཕེབས་པ་ཞིག་དྲན་ཡུལ་དུ་མི་འདུག རས་ཆུང་ཕལ་ཆེར་དེ་ཕྱོགས་སུ་ཕེབས་ཡོད་བསམ་སོང་།
རུས་པའི་རྒྱན་ཅན་གྱིས་བརྩམས་པའི་རྣམ་ཐར་དང་མཛོད་ནག་མ་གཉིས་ཀའི་ནང་དུ་ཐུགས་སྲས་བུ་ཆེན་ངན་རྫོང་སྟོན་པ་དང་ཞི་བ་འོད་ཀྱིས་བཀྲ་ཤིས་ཚེ་རིང་མར་བཀའ་འདྲི་གོ་སྡུར་ཞུས་པའི་སྐོར་འཁོད་འདུག་པས། གཟུགས་མེད་ཀྱི་གཞི་བདག་ཚེ་རིང་མར་བཀའ་འདྲི་ཞུ་སྟངས་ག་འདྲ་ཞིག་ཡིན་ནམ། རྣལ་འབྱོར་བའི་ནུས་པས་ཚེ་རིང་མ་མངོན་སུམ་མདུན་དུ་བཀུག་སྟེ་ཞུས་པ་ཞིག་ཡིན་ནམ། དེང་སང་གི་གཡུ་སྒྲོན་མའི་སྐུ་རྟེན་ལ་གཡུ་སྒྲོན་མ་ལྷ་ཕེབ་བྱེད་པ་དེ་འདྲའི་སྒོ་ནས་བཀའ་འདྲི་ཞུས་པ་ཞིག་ཡིན། འདི་ལ་བགྲོ་གླེང་རེ་མཛོད་དང་།
ཀླུ་སྨྱོན་གྱི་དྲི་བ་དེར་ལན་ཆ་ཚང་ཞིག་རྒྱག་དགོས་ན་དུས་ཚོད་མང་པོ་ཞིག་བཀོད་ནས་དྲི་ལན་རིང་པོ་ཞིག་འདུག་པས་དེ་འདྲ་ནི་དཀའ་སེ་གདའ། བོད་ནས་པར་དུ་བཏབ་པའི་རྣམ་ཐར་མཛོད་ནག་མའི་ནང་ཚེ་རིང་མཆེད་ལྔ་དང་འབྲེལ་བའི་ས་བཅད་ནི་ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན་ཟེར་བ་དེའི་ནང་དུ་འདུག ཁྱོན་ཤོག་གྲངས་དྲུག་ཅུ་ལྷག་འདུག
རྗེ་བཙུན་གྱིས་བཀྲ་ཤིས་ཚེ་རིང་མས་གཙོས་པའི་ཚེ་རིང་མཆེད་ལྔ་དང་དྲི་བ་དྲིས་ལན་དང་ཆོས་གསུངས་པའི་ཚུལ་དེ་ནི། རྣལ་འབྱོར་གྱི་ནུས་པས་ཁོང་རྣམས་མདུན་དུ་བཀུག་པ་ཞིག་མ་རེད་ལ་གཡུ་སྒྲོན་མའི་སྐུ་རྟེན་ལ་ལྷ་ཕེབས་སྐབས་དྲི་བ་འདྲི་སྟངས་དེ་འདྲ་ཞིག་ཀྱང་མ་རེད།
དང་པོར་རྗེ་བཙུན་ལ་རྣལ་འབྱོར་བའི་ཉམས་དྲོད་བརྟག་པའི་ཕྱིར་འཇིགས་པའི་རང་གཟུགས་དང་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་མཐོ་མཚམས་པའི་ལས་བགྱིས་པར། རྗེ་བཙུན་ལ་འཆི་བར་མི་འཇིགས་པའི་གདེངས་བརྙེས་ཡོད་པ་དང་ལུས་ལ་ཞེན་ཆགས་དང་ཕངས་སེམས་མེད་པར་མཆོད་སྦྱིན་གཏོང་ཆོག་ཆོག་ཏུ་ཡོད་པའི་བྱང་སེམས་ཀྱི་སྤྱོད་པ་ཡ་མཚན་ཅན་དེ་ཡིས་ཁོང་ཚོའི་གནོད་སེམས་ཞི་བར་བྱས་ནས་རྗེ་བཙུན་ལ་འགྱོད་ཕྱག་ཕུལ་ཅིང་རྗེ་བཙུན་གྱིས་ཆོས་མང་དུ་གསུངས།
གཉིས་པ་ཡང་སྐྱར་དབྱར་ཟླ་ར་བའི་ཉིན་ཞིག མཚར་སྡུག་འོད་དུ་ཆགས་པའི་བུད་མེད་ལྔ་རུ་སྤྲུལ་ནས་རྗེ་བཙུན་ལ་བ་མེན་གྱི་ཞོ་ཡིན་ཟེར་བ་སྐྱོགས་གང་ཕུལ་ནས་སེམས་བསྐྱེད་ཞུ་རུ་ཡོང་སྟེ་རྗེ་བཙུན་གྱིས་ཁོང་རྣམས་དམ་ལ་གནས་པར་བྱས་ནས་སྐྱབས་འགྲོའི་སྡོམ་པ་དང་སོ་སོར་ཐར་པའི་བསྙེན་གནས་དང་ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་ཚུལ་བཞིན་དུ་ཕོག་ནས་སྡོམ་པ་སྤྱིའི་ཆོ་ག་དང་བསླབ་བྱ་རྣམས་ལེགས་པར་བཤད་དེ་ཆོས་འབྲེལ་གཉིས་པ་ཐོབ།།
གསུམ་པ། ཡང་ཟླ་བ་ཕྱི་མའི་ཡར་ངོའི་ཚེས་བཅུ་གཅིག་ཉིན། མི་མོ་གཞོན་ནུའི་ཆ་བྱད་ཅན་མཁའ་འགྲོ་མ་དེ་རྣམས་དང་གཞན་ལྷ་སྲིན་སྡེ་བརྒྱད་ཀྱི་སྡེ་དཔོན་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་ལྷགས་ནས་རྗེ་བཙུན་ལ་མཆོད་པ་ཕུན་སུམ་ཚོགས་པ་ཕུལ་ནས། རྗེ་བཙུན་གྱི་ཐུགས་ཉམས་སུ་མྱོང་བའི་རྟོགས་ཚད་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་མཐར་ཐུགལམ་གྱི་སྐྱེལ་ས་འདི་ལས་མེད་ཅེས་པའི་ངེས་དོན་གྱི་ཆོས་ཅིག་ངེད་འདིར་འཚོགས་པའི་ལྷ་སྲིན་རྣམས་ལ་གསུང་འཚལ་ཞུས་ནས་རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་གི་ལུང་སྦྱིན་ཏེ་ཆོས་འབྲེལ་གསུམ་པ་ཐོབ།
བཞི། ལོ་ཞིག་ཚོང་འདུས་དེང་མ་བྲིན་དེར་ནད་རིགས་མི་འདྲ་བ་དུ་མ་བྱུང་ནས་མི་ཕྱུགས་མང་པོ་ཤི་གོད་བྱུང་སྐབས་ཤིག རྗེ་བཙུན་གྱི་མདུན་དུ་བུད་མེད་མཚར་སྡུག་ལྡན་པ་ཞིག་བྱུང་སྟེ། ཁོ་མོ་དག་གི་ཇོ་མོ་བྲོ་འཚལ་བར་གྱུར་པས་གདན་འདྲེན་དུ་འོང་པ་ཡིན་གངས་ཡ་གི་མགུལ་དུ་གཤེགས་འཚལ་ཞེས་རྗེ་བཙུན་ཉིད་ཡར་གངས་མགུལ་དུ་ཚེ་རིང་མཆེད་ལྔའི་བཞུགས་གནས་སུགདན་དྲངས་ཏེ་བཀྲ་ཤིས་ཚེ་རིང་མ་ནད་ལས་གྲོལ་བར་མཛད། མོ་ན་དོན་ནི་ལོ་སྔོན་མར་ཕྱུགས་རྫི་ཞིག་གི་དམར་ཐབས་ཕོག་ནས་ན་བ་ཡིན་ཞིང་དེ་ལ་བརྟེན་ནས་ས་ཁུལ་དེར་ནད་ཡམས་བྱུང་བ་ཡིན་འདུག དེ་ནི་འབྲེལ་བ་བཞི་པའོ།
ལྔ། ཟླ་བ་གཅིག་གི་རྗེས་སུ། བཀྲ་ཤིས་ཚེ་རིང་མ་འཁོར་གཡོག་ལྔ་ལ་འཁོར་སྨན་དང་ཡུལ་ལྷའི་ཚོགས་ཀྱིས་བསྐོར་བ་ཞིག་རྗེ་བཙུན་ལ་དྲིན་གཟོའི་གཏིང་རག་འབུལ་ཏེ་བྱུང་སྟེ། རྗེ་བཙུན་གྱིས་ཁོང་ཅག་ལྔ་ལ། རྗེ་བཙུན་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་དབང་བསྐུར་མཛད། བར་དོ་གནད་ཀྱི་འཕྲང་སྒྲོལ། སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་དག་གནང་།
དྲུག་པ། ཚེ་རིང་མཆེད་ལྔ་ཡང་སྐྱར་རྗེ་བཙུན་གྱི་མདུན་དུ་ལས་ཀྱི་ཕྱག་རྒྱ་མ་ཞུ་བར་བསྐུལ་བ་ལྟར། རྗེ་བཙུན་གྱི་ལས་ཀྱི་ཕྱག་རྒྱའི་སྐོར་མགུར་མང་དུ་གསུངས་ཤིང་བཀྲ་ཤིས་ཚེ་རིང་མ་ལས་ཀྱི་ཕྱག་རྒྱར་བཞེས་པའི་སྐོར་བཅས་ཞིབ་ན་མང་དུ་ཡོད་དོ། དེ་ཙམ་སོམས་ལ་དགའ་བར་གྱིས་ཤིག་ཨང་།
འདི་ནི་མཚོ་སྔོན་པར་མའི་ནང་དུ་ཡོད་པ་དེ་རེད། འདི་ནི་ངས་ལན་བརྒྱ་ཕྲག་ཅིག་བཀླགས་ཚར་ཡོད། ངའི་དྲི་བ་ནི་རྗེ་མི་ལའི་ཐུགས་སྲས་བུ་ཆེན་ཚོས་རྗེ་བཙུན་གྱི་གསང་ཡུམ་ཚེ་རིང་མར་རྗེ་བཙུན་གྱི་རྣམ་ཐར་སྐོར་དྲི་བ་ཞུ་སྟངས་དེ་ཡིན་པ་གོང་དུ་གསལ་ཡོད།
མཛོད་ནག་མ་ངོ་སྤྲོད་བྱས་པ་ཡག་བྱུང་། ལྷ་ས་ཕེབས་སྐོར་རྒྱུས་ཡོད་ན་ག་གེ་མོའི་གསུང་གནང་རོགས།
རྣམ་ཐར་མཛོད་ནག་མ་ངོ་སྤྲོད་གནང་བ་ལེགས། རྣམ་ཐར་དེའི་ནང་དུ་རྗེ་བཙུན་མི་ལ་སྐུ་གཤེགས་སྟངས་དེ་ག་འདྲ་བྲིས་འདུག རུས་པའི་རྒྱན་ཅན་གྱི་རྗེ་བཙུན་གྱི་རྣམ་ཐར་དེ་དང་། གཞན་ལྷོ་རོང་ཆོས་འབྱུང་སོགས་སུ་གསལ་བའི་རྗེ་བཙུན་གྱི་རྣམ་ཐར་གཉིས་སྐུ་གཤེགས་སྟངས་མི་འདྲ་བ་རེད། འདིའི་སྐོར་གསལ་བཤད་ཕྲན་བུ་གནང་རོགས། ང་ལ་དོགས་པ་ཞིག་ཡོད།
གོང་གི་མཆན་༤ དེ་ཀླུ་སྨྱོན་གྱི་མཆན་གསུམ་པའི་དྲིས་ལན་ཡིན། མཆན་༥ ནང་གསལ་ལྟར། རྣམ་ཐར་སྐོར་དྲི་བ་ཞུས་པ་ཞིག་དེའི་གོང་དུ་མཐོང་ཡུལ་དུ་མ་སོན། དྲི་བ་དེ་གང་དུ་ཡོད།
མི་རྐང་གླིང་བུ་ལགས།
ཡོངས་གྲགས་ཀྱི་རྣམ་ཐར་ནང་། དགེ་བཤེས་རྩགས་ཕུ་ཟེར་བ་ཞིག་གིས་དུག་དྲངས་ནས་བཀྲོངས་ཚུལ་ཡོད་པ་དེ་ལྟར་ཡང་། སི་ཁྲོན་ནས་༢༠༠༨ ལོར་པར་སྐྲུན་གནང་བའི་མཛོད་ནག་མའི་ནང་། ་་ ལས་མ་དག་པའི་སྙེ་ནམ་གྱི་བོན་པོ་མཐིང་སྟོན་བྱང་འབར་བྱ་བ་ཞིག་གིས། བླ་མའི་བྱིན་རླབས་ཀྱིས་ཡུལ་དུ་ནད་ཡམས་དཀོན་པས་ཁོ་ལ་ཟ་རྒྱུ་མ་བྱུང་བས། སྙིང་ན་ནས་དུག་ཡང་ཡང་བརྩམ་པ་མ་གསོལ། དེ་ཞག་མཛེ་པོ་གཅིག་ལ་གཡུ་གཅིག་རྔན་པར་བྱིན་ནས། དུག་ཞོ་དང་སྦྱར་ནས་དྲངས་པས། རྗེ་བཙུན་གྱིས་ཞོ་ཕྱག་ཏུ་བཞེས་ཏེ། སྤྱན་ཧྲིག་གེ་མཛད་ནས། ཁྱོད་གཡུ་ཐོབ་པའི་ཆེད་དུ་བཏུང་དགོས་གསུངས་ཏེ། གསོལ་ཚར་བ་དང་། ཨ་རེ་སྡུག་ཁོ་བོས་ལུས་ལ་བདག་འཛིན་སྤངས་པའི་རྣལ་འབྱོར་པ་ཡིན་པས། ཁྱོད་ལ་སྡིག་དང་རྣམ་སྨིན་མི་འོང་། ཁྱོད་བཟའ་རུང་བ་གཅིག་མི་གདའ་གསུངས་ཏེ། ཕོར་པ་བཀྲུས་ནས་གནང་སོགས་གསལ། དེ་ལྟར་ཡོས་ལོ། དུས་དགུན། ཟླ་བ་སྟག ཚེ་བཅོ་ལྔའི་ཉི་མ་རྩེ་ཤར་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་གནང་འདུག
ལྷ་རོང་ཆོས་འབྱུང་ནང་མི་ལའི་གཤེགས་སྟངས་ཇི་ལྟར་བྲིས་འདུག གསལ་བཤད་ཐུང་ཙམ་བྱེད་ཐུབ་ན་ཐུགས་རྗེ་བླ་ལྷག་ཏུ་ཆེ།
དགེ་བཤེས་ཀྱིས་བཀྲོངས་ཟེར་བ་གཅིག་དང་། བོན་པོས་བཀྲོངས་སོགས་བཤད་ཚུལ་གཉིས་ཐོན་བྱུང་། འོན་ཀྱང་ལྷོ་རོང་ཆོས་འབྱུང་ལས་ནི་ཅུང་ཟད་བསྙུན་པའི་ཚུལ་གྱིས་བདེ་བར་གཤེགས་སོང་པ་མ་གཏོགས་གྲི་ཤིའི་སྐད་ཆ་གང་ཡང་མི་འདུག ་་་་་་་་་ངའི་ཞྭ་འདི་དང་། སྦ་འཁར་འདི་གཉིས་རས་ཆུང་བ་ལ་གཏོད། ངའི་བརྒྱུད་པ་འདི་རྒྱ་མཚོ་དང་འདྲ་བ་དུས་རྒྱུན་དུ་མེ་རེ་རྒྱ་ཆེ་བ། དར་དྲག་པ་ཡོང་གསུངས། དེ་ནས་རྗེ་བཙུན་ཅུང་ཟད་བསྙུངས་པའི་ཚུལ་བསྟན། རས་པ་རྣམས་ཀྱིས་གསོལ་འདེབས་དང་སྐུ་རིམ་བྱས། དེའི་ཚེ་རས་པ་རྣམས་ལ། འཇའ་མཚོན་རང་བཞིན་ལྷ་སྐུ་ལ།། ཟུང་འཇུག་རང་བཞིན་སྟོང་པ་གཅེས།། འདྲེ་གནོན་སེམས་ཀྱི་རྣམ་རྟོག་ལ།། མེད་སྣང་སྒྱུ་མར་ཤེས་པ་གཅེས།། ་་་་་་་་་་་་་་། ༼སོགས་ཀྱི་འགུར་གསུངས།༽ ཞེས་ཞལ་ཆེམས་སུ་གནང་། དེ་ནས་ལུས་གནད་ལེགས་པར་བཅས་དབུ་ཐོག་ཏུ་མར་མེ་གཅིག་བཞག་ནས། བུ་ཁྱེད་རྣམས་ཀྱང་འདི་ལྟར་སྒོམ་དགོས་པ་ཡིན་ཏེ་གསུངས་ནས། མར་མེ་བསྐྱོད་པའམ་བོ་བ་ལ་སོགས་པ་གང་ཡང་མེད་པར་དགུང་ལོ་གྱ་བཞི་ཆུ་མོ་ཡོས་བུའི་རྟ་ཟླ་བའི་ཚེས་བཅུ་བཞིའི་ཉི་མ་རི་རྩེ་ལ་ཤར་བ་དུས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན།
ཆོས་འབྱུང་འདི་ནི་དཔོན་ཚང་ཚེ་དབང་རྒྱལ་གྱིས། ཕྱི་ལོ་༡༤༤༦ལོར་རྩོམ་ནས་དེའི་ཕྱི་ལོར་གྲུབ།
འགུར་འབུམ་རྒྱས་པ་དེ། རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས། ཕྱི་ལོ་༡༤༩༥་ལོར་བརྩམས་གནང་འདུག
རྣམ་ཐར་མཛོད་ནག་མ་ཕྱི་ལོ་གང་དུ་བརྩམས་འདུག
དགུང་ལོ་བཞུགས་ཚོད་ཀྱང་མི་འཐུན་པ་འདྲ། ད་དུང་དཔྱད་རྒྱུ་མང་པོ་ཡོད་ངེས།
མཛོད་ནག་མའི་དང་པོའི་མ་དཔེ་དེ་རྗེ་བཙུན་སྐུ་མྱ་ངན་ལས་མ་འདས་སྔོན་ཙམ་དུ་མཛད་པ་མཛོད་ནག་མའི་མཇུག་ཏུ་རྗེ་འབའ་བྲོམ་པའི་གསུང་ཞིག་ལུང་དྲངས་པའི་འཕྲོར་འདི་ལྟར་གསལ།
་་རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པའི་མགུར་འབུམ་ཀརྨ་པ་ནས་བརྒྱུད་པའི་མཛོད་ནག་མ་ཡི་ལོ་རྒྱུས་ནི། རྗེ་བཙུན་དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་ཆུ་མོ་གླང་གི་ལོ་ལ། ངན་རྫོང་རས་པ་དང་། རས་པ་ཞི་བ་འོད་གཉིས་ཀྱིས་ཐོག་དྲངས་རས་པ་རྣམས་ཀྱི་རྣམ་ཐར་གསུང་འབུམ་ཞིག་སྒྲིག་པར་ཡང་ཡང་ཞུས་པའི་མཐར་རྗེ་བཙུན་གྱི་ཞལ་ནས། ངས་རྟེན་འབྲེལ་ཅིག་བྱེད་གསུངས་ནས། རས་ཀྱིས་དབུ་བཏུམ་ན་སཡད་ཙམ་ཞིག་བཞུགས་པ་དང་། ད་དེ་ལྟར་གྱིས་གསུང་ནས་ཞལ་གྱིས་བཞེས་པ་ནི། སྔོན་ངས་བསྒྲུབ་པ་བྱས་པའི་གནས་རྣམས་སུ་ཁྱེད་རྣམས་སོང་དང་། ཤིང་ཀུན་དང་ཏ་ལའི་ལོ་མ་རྣམས་ལ་དམ་དུམ་བྲིས་ནས་ཡོད། ཕལ་ཆེར་ཚེ་རིང་མའི་ཡིད་ལ་ཡོད། ཕལ་ཆེར་ངན་རྩོང་རས་པ་དང་། ཁྱེད་རང་རྣམས་ལ་གསལ་གསུངས་པ་དང་། རས་པ་རྣམས་ཀྱིས་ཕྱོགས་ཕྱོགས་ནས་ཀྱང་བསྡུས། ཚོགས་འཁོར་གོང་དུ་བཀྲ་ཤིས་ཚེ་རིང་མ་ལའང་ཞུས། རས་པ་བུ་ཆེན་རྣམས་ཀྱི་ཐུགས་ལ་ཡོད་པ་རྣམས་དང་། མ་འཚོབ་པ་རྣམས་རྗེ་བཙུན་ཉིད་ཀྱིས་ཁ་བསྐང་ཞིང་། རྣམ་ཐར་གྱིས་ཚུལ་དང་བསྒྲིགས་ནས་ལུང་དང་བཅས་པ་མཛད་པའི་དུས་སུ། རྗེ་བཙུན་གྱི་ཞལ་ནས་ཤིན་ཏུ་ལེགས་ཟིན། ད་ལོ་གཅིག་གཉིས་ནས་ང་འཆི་ཙ། ང་ཡི་གསུང་འདི་ལ་ཐམས་ཅད་མོས་ཤིང་དད་པའི་རྟེན་འབྲེལ་ཡོད་གསུང་ནས་སྨོན་ལམ་བཀྲ་ཤིས་དང་བཅས་པ་མཛད།་་
དེ་ཡིན་ན། ཆུ་གླང་གི་ལོ་འདི་ནི་༡༡༣༣ ཡིན་དགོས་པ་དང་། གྲོངས་པའི་ཡོས་ལོ་དེ་ཤིང་ཡོས་༡༡༣༥ ཡིན་དགོས་པ་འདུག བོད་རྒྱ་ཚིག་མཛོད་ཆེན་མོའི་མཇུག་གི་བོད་ཀྱི་མཁས་དབང་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས་ནང་། མི་ལ་ཆུ་ཡོས་༡༡༢༣ལ་གྲོངས་པར་བཤད། དེ་ཡིན་ན་ལོ་གཉིས་ཀྱི་གོང་གི་གླང་དེ་ཆུ་གླང་མིན་པར་ལྕགས་གླང་༡༡༢༡ ཡིན་དགོས་པ་འདུག ཚིགས་མཛོད་ཆེན་མོར། མི་ལའི་རྣམཐར་ནང་ཤིང་ཡོས་ལ་གཤེགས་ཞེས་གསལ་བས་དཔྱད་དགོས་ཞེས་བྲིས་འདུག་པས་ཞིབ་འཇུག་བྱེད་དགོས་ངེས་སུ་འདུག
དགོངས་དག་ནོར་འདུག སཡད་ཙམ་ཞིག་བཞུགས་ཟེར་བ་དེ་ཡུད་ཙམ་བཞུགས་རེད།
ཕལ་ཆེར་ངན་རྩོང་རས་པ་ནི་ཕལ་ཆེར་ངན་རྫོང་རས་པ་རེད།
མིང་། ཐོས་པ་དགའ།
གདུང་རུས། ཁྱུང་པོ།
དགུང་སྙིང་། ལྕགས་ཕོ་འབྲུག
འཁྲུངས་ལོ། ཕྱི་ལོ། ༡༠༤༠
འཁྲུངས་ཡུལ། གུང་ཐང་ཁབ་ཀྱི་སྐྱ་སྔ་རྩའི་ཀོ་རོན་བྱ་བར།
ཡབ་ཀྱི་མཚན། ཤེས་རབ་རྒྱལ་མཚན།
ཡུམ་གྱི་མཚན། ཉང་ཟ་དཀར་ལེགས།
གཤེགས་ཡུལ། མི་གསལ།
གཤེགས་སྟངས། ཅུང་ཟད་བསྙུན་པའི་ཚུལ་བསྟན་ནས།
གཤེགས་ལོ། ཆུ་མོ་ཡོས། ཕྱི་ལོ། ༡༡༢༣།
རྣམ་ཐར་འདི་ནོ་ལྷོ་རོང་ཆོས་འབྱུང་ལྟར་བཀོད་པ་ཡིན། རྣམ་ཐར་གཞན་པ་རགས་བསྡུར་རེ་ཐུབ་ན་གནས་སྟངས་ཅུང་ཙམ་གསལ་དུ་ཡོང་བའི་རེ་བ་ཆེ།
ད་དུང་གསང་ཡུམ་ཡོད་མེད་དང་། གནམ་ནས་འཕུར་ཚུལ་ཇི་ལྟར་བྲིས་པ། བདག་མེད་མས་མི་ཨོང་བཀྱག་བྱས་ཡོད་མེད་སོགས་ཀྱང་ཤེས་འདོད་ཡོད།
་་་་་་་་་་་་་་་་་་་་་་ཁྱེའུ་ཆུང་གཞོན་ནུ་རྟ་འོལ་པ་ཞོན་པ་ཞིག་བྱུང་བ་ལ། རྣལ་འབྱོར་པ་རྒད་པོ་ཆུ་ལ་མ་ཐར་བ་རྟ་རྒྱབ་ཏུ་བསྐྱོན་དགོས་གསུངས་པ་ལ། ང་ཤར་ཕྱོགས་ལ་ལྟད་མོ་ལ་འགྲོ་རིངས། ངའི་རྟ་ལ་གནོད་ཟེར་ནས་སྔོན་དུ་སོང་། རྗེ་བཙུན་རླུང་བཟུང་ནས་བྱོན་པས་ཆུ་ཕ་ཁར་ཕྱིན། ཕྱི་མིག་གཟིགས་པས། ཁོ་ཆུའི་དཀྱིལ་ན་རྦ་སྐྱ་ཕ་ལ་ལ་འོང་བ་དང་། ཁྱེའུས་ཕར་བལྟས་པས་ཆུ་ལ་མ་བྱིངས་བ་གཤེགས་པ་མཐོང་། ཡིད་མ་ཆེས་ནས་མིག་འཁྲུལ་བ་ཡིན་ནམ་སྙམ། དྲུང་དུ་སོང་ནས་བལྟས་པས། ཐེའུ་ཆུང་ཡང་ཆུ་ལ་མ་རེག་པ་འདུག་་་་་་་་་་་་་་་་་་་་་་་་་་་། འདི་འདྲ་བ་ཞིག་འདུག་པས་འཕུར་སོང་བའི་སྐོར་གྱི་རྣམ་ཐར་དེ་ཡིན་པ་འདྲ། འོན་ཀྱང་གྲོང་ཚོ་བསྐོར་བ་བྱས་ནས་ནམ་མཁའ་ནས་ལྡིང་སྐོར་བརྒྱབ་པའི་སྐོར་དེ་ནི་མི་འདུག
རུས་པའི་རྒྱན་ཅན་གྱིས་མཛད་པའི་རྣམ་ཐར་ནང་། རྗེ་བཙུན་གྱིས་རས་པ་རྣམས་ལ་རང་གི་རྣམ་ཐར་གསུང་སྐབས། ཆུ་ཕོ་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉེར་ལྔ་སྐར་མ་རྒྱལ་ལ་བབས་པའི་ཉིན་ཨ་མ་ལ་ང་སྐྱེས་པས་ཡབ་ཀྱི་སར་བང་ཆེན་བརྫངས་ཏེ་ཞེས་གསལ་བའི་ཆུ་ཕོ་འབྲུག་དེ་༡༠༥༢ རེད། དེ་ནས་རྣམ་ཐར་དེའི་མཇུག་ཏུ། དགུང་ལོ་བརྒྱད་ཅུ་རྩ་བཞིར་ཕེབས་པ། ཤིང་མོ་ཡོས་ཀྱི་ལོའི་དགུན་ཟླ་ཐ་ཆུང་། སྐར་མ་སྐག་ལ་བབ་པའི་ཚེས་བཅུ་བཞིའི་ཉི་མ་ལྷག་ཤར་བ་ལ་རྗེ་བཙུན་ཆེན་པོའི་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ་ཞེས་གསལ་བའི་ཤིང་མོ་ཡོས་དེ་༡༡༣༥ རེད།
མཛོད་ནག་མའི་ནང་ཡང་རྗེ་བཙུན་ཆུ་ཕོ་འབྲུག་གི་ལོ་སྐུ་བལྟམས་པ་ལ་ཟེར་ནས་འཁྲུངས་ལོ་༡༠༥༢ ཡིན་པར་གསུངས། ཁོང་དགུང་ལོ་བརྒྱད་ཅུ་གྱ་གཉིས་སུ་སླེབས་པ་ཆུ་གླང་༡༡༣༣ ལོར་རྣམཐར་མཛོད་ནག་མ་རས་པ་རྣམས་ཀྱིས་ཕྱོགས་སྒྲིག་གནང་བ་དང་། དེ་སྐབས་རྗེ་བཙུན་གྱི་ད་ལོ་གཅིག་གཉིས་ལོན་ནས་ང་འཆི་ཙ་གསུངས་པའི་རྗེས་ཀྱི་ལོ་གཉིས་པར་གྲོངས་པ་གཞིར་བཞག་ན། དེ་ཡང་ཤིང་ཡོས་༡༡༣༥ ལོར་འབབ། མཛོད་ནག་མ་དང་རུས་པའི་རྒྱན་ཅན་གྱི་རྣམ་ཐར་གཉིས་ཁ་ཡོངས་སུ་མཐུན་ལ་མི་ལ་དགུང་ལོ་གྱ་བཞིར་བཞུགས་པའང་ཁ་མཐུན།
མི་ལ་རས་པའི་རྣམ་ཐར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བ་དེའི་དཔེ་སྐྲུན་གསལ་བཤད་ནང་ཡང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ནི། ༡༠༥༢ ལོར་སྐུ་བལྟམས་པ་དང་༡༡༣༥ལོར་སྐུ་མྱ་ངན་ལས་འདས་ཚུལ་བཞེད། འོན་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོར་༡༠༤༠ལོར་འཁྲུངས་པ་དང་༡༡༢༣ལོར་འདས་ཞེསའཁོད་པར་གཞིགས་ན་དགུང་ལོ་གྱ་བཞི་འཚོ་གཞེས་འདྲ་ནའང་འཁྲུངས་འདས་ཀྱི་སྔ་ཕྱི་ལོ་འཁོར་གཅིག་ཏག་ཏག་གི་ཧེ་དཔག་འཆོར་འདུག་པས་ཡང་སྙིང་ཚད་འཛིན་དུ་འོས་པ་གང་ཡིན་དཔྱད་པར་འཚལ་ཞེས་གསལ།
ད་རས་པའི་རྒྱན་ཅན་གྱི་མི་ལའི་རྣམ་ཐར་དང་མཛོད་ནག་མ་ལྟར་ན། རྗེ་བཙུན། ༡༠༥༢-༡༡༣༥
བོད་རྒྱ་ཚིག་མཛོད་ཆེན་མོ་དང་ལྷ་རོང་ཆོས་འབྱུང་ལྟར་ན། ༡༠༤༠-༡༡༢༣
རྗེ་བཙུན་མི་ལ་རས་པ་བོན་པོ་ཞོག་གིས་བཀྲོངས་པ་ཟེར་བ་དེ་བདེན་པ་ཡིན་མིན་མི་ཤེས། དེར་བཀོད་པའི་བཀྲོངས་ཚུལ་དེ་ཐེངས་ཁ་ཤས་མར་བཀླགས་པ་ཡིན་ཏེ་དེ་ཙམ་བདེན་ཆ་ཡོད་པའི་བཟོ་ཞིག་མི་འདུག། ངས་གོ་བ་ཞིག་ནི་བོན་པོའི་བླ་མ་ཞིག་བོན་གཤེན་རིག་འཛིན་མཁའ་འགྲོ་རྣམས་བཞུགས་པའི་གནས་མཆོག་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་མཇལ་སྣང་དུ་ཕེབས་སྐབས་རྗེ་བཙུན་མི་ལ་རས་པ་མཆོག་མཁའ་སྤྱོད་ཀྱི་ཞིང་དུ་མཇལ་ཡོད་པ་ཤོད་སྲོལ་འདུག། གཞན་བན་དེའི་བླ་མ་སྐད་གྲགས་ཆེན་པོ་དེ་ཚོ་མཐོང་རྒྱུ་མི་འདུག་གསུངས་པ་ཞིག་གོ་མྱོང་། ད་གང་ལྟར་གནས་ཚུལ་ཡག་པོ་མེད་པ་ཞིག་པ་ཞིག་ཡོད་ན་ལམ་སེང་བོན་པོས་བྱས་པ་རེད་ཟེར་ཤོད་རྐྱང་བྱེད་ཀྱི་འདུག་བ་དེ་ཚོ་ཡག་པོ་མ་རེད། དེ་འདྲ་ཡིན་ན་རྗེ་བཙུན་མི་ལ་རས་པ་མཆོག་དང་པོ་བོན་པོ་ཡིན་པ་དང་ཁོང་གིས་བོན་བསྟན་ཐུགས་ཉམས་བཞེས་པ་དེ་ཚོ་མི་ཤོད་པ་ཅི་ཡིན་ནམ། དེར་མ་ཚད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཀྱང་དང་པོ་བོན་པོ་ཡིན་པ་དང་བོན་བསྟན་ལ་ཐུགས་སྦྱོང་གནང་ཡོད་པ་རེད། ད་དུང་སྐམ་ཚང་ཀརྨ་པ་དུས་གསུམ་མཁྱེན་པ་མཆོག་ཀྱང་དང་པོ་བོན་པོ་ཡིན་དང་བོན་བསྟན་ལ་ཐུགས་སྦྱོང་གནང་མྱོང་ཡོད། དེར་མ་ཚད་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་མཆོག་ཀྱང་དང་པོ་བོན་པོ་ཡིན་དང་བོན་བསྟན་ལ་ཐུགས་སྦྱོང་གནང་མྱོང་ཡོད་པ་དེ་ཚོ་མི་ཤོད་པ་སྦས་དགོས་དོན་མི་འདུག་བ། གོང་འཁོད་ཀྱི་བླ་མ་འདི་ཚོ་བོན་པོ་ཡིན་པ་ཙམ་གྱིས་མ་ཚད་བོན་པོའི་བླ་མའི་གདུང་རྒྱུད་ཀྱི་ཁྱིམ་ཚང་ཆེན་པོ་དེ་འདྲའི་ནང་འཁྲུངས་པ་རྐྱང་རྐྱང་རེད། དེ་ཚོ་ཡང་བོན་པོས་བྱས་པ་ཞིག་ཡིན་པས་སྦས་གསང་མེད་པ་ཤོད་དགོས་པ་མ་ཡིན་ནམ།
མི་ལ་བཞད་པ་རྡོ་རྗེས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཡོད་ན། དུག་དང་མཚོན་གྱིས་གནོད་མི་སྲིད་པས་རྩོད་པའི་གཞི་མེད་དགོས་པ་ལ་་་་་་་་་་་་
ཨོ་རྒྱན་དང་བློ་བཟང་གཉིས་ཀྱི་གཞི་མཐུན་ལགས། སྐུ་ཉིད་དངོས་གནས་ཆོས་ལུགས་ཐམས་ཅད་འཆམས་མཐུན་དུས་ལ་བསླེབས་ཡོད་པས་ཤེས་མཁན་ཞིག་ཡིན་ན་ངོ་མ་ཡག་པོ་རེད། ངོས་རང་ལ་དགོས་པ་དེ་རང་ཡིན་ཞུ། ཡིན་ནའང་རྗེ་བརྩུན་མི་རས་པ་མཆོག་ཞེན་ཆགས་སྤངས་བའི་རྣལ་འབྱོར་བ་ཞིག་གི་ཚུལ་བཟུང་ནས་ཞལ་དུ་མཆོད་རྒྱུ་ངན་ངོན་ཙམ་དང་སྐུ་ལ་རས་རྐྱང་བསྣམ་ནས་བྲག་ཕུག་སྟོང་པའི་ནང་བཞུགས་མཁན་གྱི་བྱ་བྲལ་བ་ཆེན་པོ་ཞིག་ཡིན་པ་གསུངས་བཞིན་དུ། དེ་འདྲ་རི་རྡོག་རྡོག་ཞིག་ལ་བདག་འཛིན་གྱི་མདུད་རྒྱ་མ་གྲོལ་ནས་ང་མཁེ་ཁྱོད་ཕམ་གྱི་ཆགས་སྡང་གིས་འགྲན་རྩོད་གནང་སྡོད་མཁན་ཞིག་ཨ་ཡིན་ན། ཁྱེད་ཀྱི་མི་ལ་རས་པ་ནི་དེ་འདྲ་ཞིག་ཡིན་ན་མ་གཏོགས། ངོས་རང་ནས་མི་ལ་རས་པ་ནི་དེ་འདྲ་ཞིག་ཡིན་པའི་ཡིད་ཆེས་མེད་ལགས་ཞུ་རྒྱུ་ཡིན། ཡིན་ནའང་ལྕེ་ལ་རུས་པ་མེད་དུས་ག་རེ་བཤད་བཤད་རེད་བ། དེ་འདྲ་ཡིན་དུས་་་མི་ལ་རས་པ་མི་མཚར་རུས་པའི་རྒྱན་ཅན་མཚར་་་གསུངས་པ་རེད། འདི་གོང་གི་མཆན་རྣམས་རིམ་པ་བཞིན་དུ་མར་ཀློག་པ་གནང་དང་བོན་པོས་མི་ལ་རས་པ་བཀྲོངས་རབ་དེ་སུས་བྲིས་འདུག། ཁྱེད་དེ་འདྲ་དྲང་པོ་ཞིག་ཡིན་ན་ཐོང་མར་དེ་ལ་གསལ་བཤད་ཅིག་བྱོས་དེ་ནས་ངོས་རང་ལ་གསུངས་པ་གནང་དང་རན་ཙམ་ཡོང་ས་རེད་ལགས་ཞུ།
བན་བོན་གཉིས་ཀའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
ངས་ཞུ་རྒྱུ་དེ་ཁྱེད་ཀྱི་གོ་དོན་དེ་འཁྲུགས་འདུག། མདོརན་ངས་ཁྱོད་བོན་པོ་ཚང་དང་བན་དེ་ཐུན་མོངས་ལ་འབུལ་བསྐུལ་ཞུ་བྱ་གཙོ་བོ་ནི། འདི་རིགས་རྩོད་དགོས་ཡོད་ན་སྒེར་ཡིག་གནང་ལེགས་ཆ་འདུག་ཞུ་བྱ་འདུག འདི་ལོ་གནས་སྟངས་གཞི་ལུས་སྤུན་ཟླ་ལའི་གནས་ཚུལ་གཟིགས་དང་ཕྱོགས་འཐེན་གྱི་བྱ་རིག་ཆུང་ཚག་ནས་བག་ཟོན་གནང་ན ་བསམ་ཡོད་ལས་། གཞན་ཁྱིད་གཉིས་ཚིག་ཤག་གིས་གནས་ཚུལ་སྐྱོ་བོ་ཡོང་མི་སྲིད་པ་རེད། ང་རང་བན་དེ་ཡིན་། བོནལའང་དགའ་ཞན་དག་གུས་ཞབས་ཡོད། དེང་སང་བོན་ཟེར་ནའང་དོན་ལ་ནི་ནང་བསྟན་ལས་མ་འདའ་བ་ཞིག་ཡོད། མིང་གང་བཏགས་ཀྱང་དོན་ལ་ལྟ་བ་སྤྲོས་བྲལ་དང་། སྤྱོད་པ་མི་འཚེ་བསི་ལས་ཡིན་དུས་ཆོས་ལུགས་མིང་གང་ཡིན་གཅིག་པ་རེད།
རེད། ད་ཡིན་ན་བགྲོ་གླེང་ལྷུག་ཏུ་འགྲོ་བ་དང་ཆབས་ཅིག་བརྗོད་བྱ་ཡང་འགྱུར་འགྲོ་གིན་འདུག མཛོད་ནག་མ་དང་མགུར་འབུམ་རྒྱས་པ་གཉིས་ཀྱི་བརྗོད་བྱའི་ཁོག་འདྲ་ཚོད་འདུག བན་དེས་བཀྲོངས་པ་རེད་ཟེར་བ་དེ་དང་། བོན་པོས་བཀྲོངས་པ་ཟེར་བ་གཉིས་ཀ་དོན་ལ་གནས་པའི་གཏམ་མ་རེད་བསམ། མགུར་འབུམ་འདི་རྗེ་བཙུན་ཞིང་དུ་ཕེབས་ནས་ལོ་ངོ་སུམ་བརྒྱ་བདུན་ཅུ་ཟིན་མ་ཟིན་ཞིག་གི་སྐོར་ལ་བྲིས་འདུག་ཅིང་། སྐབས་དེར་རུས་པའི་རྒྱན་ཅན་བཞུགས་གནས་ས་ཁུལ་དེར་དགེ་བཤེས་སོགས་སློབ་གཉེར་བ་དང་། རི་ཁྲོད་ཀྱི་སྒོམ་ཆེན་གཉིས་བར་གྱི་འགྲན་རྩོད་དེ་ཉིད་རྩག་ཕུ་པའི་གཟུགས་སུ་སྤྲུལ་ནས་སློབ་གཉེར་བའི་རིགས་ནག་པོ་བཟོས་པ་དང་། མཛོད་ནག་མའི་ནང་གི་བོན་པའི་སྐོར་དེ་ཡང་ས་གནས་གང་ཞིག་གི་བན་བོན་གྱི་འཐབ་རྩོད་དེ་ཉིད་རྗེ་བཙུན་བཀྲོངས་པའི་ཁ་གཡོགས་ནས་བོན་པོ་རྣམས་ནག་པོ་བཟོ་བའི་ཐབས་ཤེས་ཞིག་ཏུ་ངོས་འཛིན་དགོས་པ་
སྣང་། དོན་ངོ་མ་ལྷོ་རོང་ཆོས་འབྱུང་ལྟར་རྗེ་བཙུན་དགུང་ལོ་མཐོ་བའི་དབང་གིས་རང་དབང་གི་སྒོ་ནས་ཞི་བར་གཤེགས་པ་འདི་ཉིད་བདེན་པར་སེམས། འདི་ནི་ངས་མི་ལའི་རྣམ་ཐར་འགའ་ཞིག་གི་མཇལ་བའི་བསམ་ཚུལ་ཙམ་ཡིན། ད་མི་ཤེས། ཚང་མ་བཀྲ་ཤིས་བདེ་ལེགས།
རྗེ་བཙན་སྐུ་བཀྲོངས་མཁན་མི་སྒེར་བ་དགེ་བཤེས་རྩགས་ཕུ་པ་དང་བོན་པོ་མཐིང་སྟོན་བྱང་འབར་གཉིས་ལས་འདས་ཏེ་ཆོས་བརྒྱུད་ཅིག་གི་ཐོག་འཁྱེར་གྲབས་བྱེད་པ་འདི་ཡག་པོ་ཞིག་ཏུ་རྩ་ནས་མཐོང་མ་སོང་། དགེ་བཤེས་རྩགས་ཕུ་པ་ཡིན་ན་དེ་དག་སེལ་བྱེད་དགོས་པའི་ངལ་བ་བསྟེན་དགོས་མི་འདུག་ལ། མཐིང་སྟོན་བྱང་འབར་ཡིན་ནའང་དེ་བཞིན་ནོ། ཁོ་གཉིས་ལས་སུ་གང་ཡང་མིན་ན་མིན་པ་རེད། མིན་པའི་རྒྱུ་མཚན་ཡོད་ན་བཤད་ཆོག་པ་རེད། གལ་སྲིད་ཁོ་གཉིས་ལས་གཅིག་ཡིན་པ་ཡིན་ན། དེ་མི་སྡུག་ཅག་ཅིག་ཆགས་པ་རེད། དེ་ལ་རྒྱབ་ལངས་བྱེད་མཁན་དེའང་སྡུག་ཅག་ཅིག་ཆགས་པ་རེད།
མདའ་ཚན་པ་བདེན། ལག་དམར་དེ་གཉིས་ལས་འདས་ཏེ་ཆོས་བརྒྱུད་གཅིག་གི་ཐོག་ཏུ་ཁུར་སོང་ན་དངོས་གནས་ཡག་པོ་མ་རེད། སྤྱིར་བཏང་དགེ་བཤེས་རྩག་ཕུ་བའི་ཆོས་བརྒྱུད་གང་ཡིན་སུས་ཤེས། ས་དགེ་གཉིས་ནི་མིན་པར་ཐག་ཆོད། སྐབས་དེར་ཆོས་བརྒྱུད་འདི་གཉིས་ཀྱི་མིང་ཡང་མེད་པ་རེད། ད་སུ་ཡིན་ན་ཡིན། རྗེ་བཙུན་བཀྲོངས་སོང་བ་བདེན་ན་ཡིད་ཕམ་པ་ཞིག་རེད། སྤྱིར་ལོ་རྒྱུས་ཀྱི་འགྲོས་ལ་བལྟས་ན་ཕལ་ཆེར་བཀྲོངས་མེད་པ་བདེན་ཁ་ཆེ་བ་རེད། གལ་ཏེ་མི་ཞིག་མི་གཞན་ཞིག་གིས་བསད་སོང་ན་དེ་ལས་གནད་དོན་ཆེ་བ་མི་དེའི་མི་ཚེ་ནང་བྱུང་རྒྱུ་མེད་པ་རེད། ཕྱི་རབས་སུ་ཞིག་གིས་མི་དེའི་སྐོར་བྲིས་ཀྱང་གནད་དོན་ཆེ་ཤོས་དེ་འབྲི་དགོས་པ་དང་། འབྲི་ངེས་པ་རེད། དེས་ན་རྗེ་བཙུན་གྱི་རྣམ་ཐར་གྱི་རྣམ་ཐར་འགའ་ཞིག་གི་ནང་དུ་བཀྲོངས་སོང་བ་མ་བྲིས་པ་དེ་བཀྲོངས་མ་སོང་དཔང་རྟགས་ཤིན་ཏུ་བཙན་པ་ཞིག་ཏུ་སེམས་སོ།
མཆན་༢༠་པའི་ལན། ངས་འདིར་ཚིག་ཤག་དེ་འདྲ་གང་ཡང་བརྒྱབ་མེད། སྤྱིར་སྟངས་བའི་སྐད་ཆ་ཤོད་ལུགས་ཀྱི་སྟེང་ནས་བོན་དང་བན་ཚོས་ང་ཆེ་རབས་དང་ཁྱོད་ཆུང་རབས་ཡང་ན་ང་བཟང་རབས་དང་ཁྱོད་ངན་རབས་ཤོད་རྒྱུ་དེ་ཕལ་ཆེར་ཁ་ཡར་གདང་བ་ཙམ་གྱིས་བསམ་བློ་གཏོང་ལོངས་མེད་པར་ཤོད་ཀྱང་བྱེད་ཀྱི་འདུག་བ། དེ་རིགས་ལ་ཡིད་ཆེས་མ་རངས་ནས་ཚིག་ཁ་ཤས་ཤིག་འབྲི་དགོས་པ་བྱུང་། ཁྱེད་བདེན་པ་རེད་འདི་འདྲའི་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ་ཆོས་ལུགས་ཀྱི་སྐྱག་ཚང་རྙིང་པ་དེ་ཚོ་ཡར་བརློག་ན་དྲི་མ་ཚ་རོགས་རེད་མ་གཏོགས་ཕན་པ་ནི་ཆེར་མེད་པ་ཤེས་དགོས། ཡིན་ནའང་ཆེ་བསྟོད་ཧ་ལས་པོ་བྱེད་སའི་བོད་རིགས་སྐྱེ་བུ་གོང་མ་གང་ཞིག་གིས། ཕལ་ཆེར་བོད་རིགས་མི་དམངས་འདི་འཆམ་མཐུན་གྱི་དུས་ཤིག་གཏན་དུ་ཡོང་རྒྱུ་མེད་པ་ལྟ་བུར་བཟོས་ཚར་འདུག། ད་དེ་ཚོ་ལ་བསམ་བློ་མང་པོ་གཏོང་མི་ཉན། ད་ནས་བཟུང་མ་འོངས་པ་ལ་བོད་མི་རྒྱུད་ཀྱི་མི་རབས་གསར་ཚོའི་དུས་སྐབས་སུ། བོད་རིགས་མི་དམངས་འདི་བདེ་སྐྱིད་ལྡན་པའི་འཆམ་མཐུན་གྱི་སྤྱི་ཚོགས་འཛམ་གླིང་མི་རིགས་རྣམས་ཀྱིས་མིག་དཔེ་བཟང་པོ་བལྟ་ས་ཞིག་ཏུ། ག་འདྲ་བྱས་ནས་བཟོ་དགོས་པ་འདུག་བསམ་བློ་གསར་པ་གཏོང་དགོས་རྒྱུ་དེ་གལ་ཆེ་བར་སེམས། ཡིན་ནའང་རང་གི་སྐད་ཡིག་རང་གི་རིག་གཞུང་རང་གི་གོམས་གཤིས་རང་གི་དད་མོས་དེ་ཚོ་བདག་པོ་ལེགས་པར་བྱེད་དགོས་པ་རེད། ཡུལ་ལུང་གཞན་པ་དེ་ཚོས་ག་རེ་བྱེད་ཀྱི་འདུག་མིག་གིས་ཡག་པོ་ལྟོས་སེམས་ཀྱིས་བསམ་བློ་ལེགས་པར་ཐོང་། དེ་འདྲ་ཞིག་དྲན་སོང། ཡང་ཁྱེད་ཀྱིས་་་དེང་སང་་་གི་བོན་ཟེར་ནའང་དོན་ལ་ནི་ནང་བསྟན་ལས་མ་འདའ་བ་ཞིག་ཡོད་གསུངས་འདུག་བ། དེ་འདྲའི་་་དེང་སང་་་དེ་དུས་ཚོད་ག་འདྲ་ཞིག་ནས་ངོས་འཛིན་བྱེད་དགོས་པ་ཁ་གསལ་པོ་ཞིག་གསུངས་རོགས་གནང་ཞུ་རྒྱུ་ཡིན། དུས་རབས་བདུན་པ་དང་བརྒྱད་པ་ནས་བྱེད་དམ། དུས་རབས་བཅུ་པ་དང་བཅུ་གཅིག་ནས་བྱེད་དམ། དུས་རབས་བཅུ་བཞི་དང་བཅོ་ལྔ་ནས་བྱེད་དམ། ཡང་ན་དུས་རབས་བཅུ་དགུ་དང་ཉི་ཤུ་ནས་བྱེད། གལ་སྲིད་དུས་རབས་༧་་་༨་་་༡༠་་༡༡་་་༡༤་་༡༥་་་ནས་བྱེད་ན་བན་དེ་ཁྱེད་རང་ཚོ་ཡང་་་དེང་སང་་་ཆགས་འགྲོ་གི་འདུག་བ། དེ་ནི་ཁྱེད་ཀྱི་ཁས་ལེན་གྱི་མ་རེད། ཡང་ངེས་པར་དུ་བོན་པོ་་་དེང་སང་་་ཡིན་དགོས་ཀྱི་ཡོད་རེད་བ། དེ་འདྲ་ཡིན་དུས་་་དེང་སང་་་དེ་ཁ་གསལ་པོ་ཞིག་བཟོ་རོགས་གནང་ཞུ་རྒྱུ་ཡིན།
ཡ་བོན་པོ་ལགས། ཁྱེད་བདེན་པ་རེད། ངོ་མ་གསལ་བཤད་དགིས་ཡོད་ན་ཁྱེད་ཀྱི་ཞལ་པར་ཨང་གྲངས་སམ། ཞལ་བྱང་ཞིག་གནང་དང་། ངས་ཞུ་ཆོག་ཁ་བརྡའི་ཐང་ཆེན་ནི་ང་གཉིས་ཀཅིག་པུས་རེད་ཡོད་མ་རེད། དགྲ་གཉེན་ཐམས་ཅད་ཀྱིས་བལྟཅས་ཞིག་རེད། གནས་ཚུལ་དོན་རྐྱེན་འདཐ་ཡིད་ལ་ལས་ཁག་དཀྲི་བཟོ་ས་དང་དགྲ་དགའ་གཉེན་སྡུག་གྱི་རྐྱེན་རྩ་ཞིག་སྒུག་བསྡད་ཡོད་རེད། དེ་དིན་ཐུགས་ལ་བཞག་ནས་ཞུས་ཡིན་མ་གཏོགས་དྲི་ཆོག་མི་ཆོག་བཙན་དཀའམ་ཡིན་པས་དགོངས་འཇག་ཞུ། ཡང་གློང་ཕྲིན་ཞལ་བྱང་ཡོད་གནང་ན་།
མི་ལ་སྐུ་སྲོག་ལ་དཀྲོངས་མཁན་ཆོས་རྒྱུད་བཞི་དང་གཡུང་དྲུང་བོན་བཅད་མ་རེད། དེ་ནི་བཀའ་གངམས་པའི་རྒྱུད་པ་རེད། འོན་ཀྱང་དགེ་བཤེས་ཁོང་མཐར་མི་ལའི་སྲས་ཆེན་གྲས་སོང་ནས་མཁའ་སྤྱོད་ལ་གཤེགས་པ་གྲས་ཡིན་སྙམ། ཡིན་བ་ཁྱོད་ཚོ་མི་ལའི་སྐུ་སྲོག་དཀྲོངས་མཁན་དང་དེའི་ཆོས་རྒྱུད་གང་ཡིན་མིན་དང་བཀའ་མོལ་གནང་ཡག་དེ་ཡག་པོ་རེད་ཏེ་། དོན་མེད་ང་ཡག་ཁོ་སྡུག་དང་། ཆོས་རྒྱུད་ཕན་ཚུན་ནང་ལ་སྐྱོན་འཛུགས་མ་གནང་ན་བསམ། དེ་ཁྱིན་ཡག་པོ་མི་འདུག། ཡིན་ནའང་ང་ནི་བློ་ཁོག་མེད་པ་ཡིན་ན་ཤེས་འཇོན་མེད་པ་ཡིན་ན་། ཁྱེད་རྣམས་ནས་ཤེས་འཇོན་དང་བློ་ཁོག་འདུག། ད་ལྟ་རྒྱ་དམར་པོའི་མིག་སྔར་ལ་གཅིག་གི་ལ་ང་ཡག་ཁོ་སྡུག་ཕུལ་རེ་བྱས་ཏེ་ད་ལྟ་ཨ་ཞང་ཚང་ལ་མི་འཛེམས་། ཕྱི་མ་ཨ་ཁུ་ཚང་ལའང་མི་སྐྲག་། གདམས་པ་དམིགས་བསལ་ཞིག་ཡོད་ཚོད་འདུག་ག་
ང་ཁ་ཆུང་དབང་ཆུང་ཡིན་རུང་སྐད་ཆ་ཁ་ཤས་བཤད་ན་འདོད། སྟོན་གྱི་སྟོན་པ་ཆེན་པོ་མང་པོ་ཞིག་ཟས་རྐྱེན་གྱིས་གཤེགས་པ་ཡོད་པ་ནི། དཔེར་ན་བདག་ཅག་གི་སྟོན་པ་ཡང་མགར་བའི་བུ་ཙུན་དའི་ལག་ནས་ཟས་བཞེས་རྗེས་གྲོངས་པ་རེད། དེ་ཡང་རང་བཞིན་གྱིས་གྲོངས་པ་ཡིན་དང་ཟས་དུག་གིས་གྲོངས་པ་གང་ཡིན་བཤད་དཀའ། སྟོན་པས་ཐུན་མོང་སྣང་ཚོད་དུ་སྐུ་ལ་སྙུང་གཞི་བཞེས་པའི་ཚུལ་ལན་དུ་མར་བསྟན་པ་ནི་འཚོ་བྱེད་གཞོན་ནུའི་ལོ་རྒྱུས་སོགས་ལས་ཤེས་ཐུབ། དེས་ན་རྗེ་བཙུན་མི་ལ་ཡང་གཞན་གྱི་བསམ་ངན་གྱིས་དུག་ཕུལ་བ་བཞེས་ནས་གྲོངས་པ་ཡིན་ནམ་ཡང་ན་གཞན་གྱི་བསམ་དཀར་གྱི་ཟས་དུག་ཕོག་སྟེ་གྲོངས་པ་གང་ཡིན་ང་ཚོས་གསལ་བོ་ཞིག་ཤེས་དཀའ། ཉེ་བའི་དུས་རབས་སུ་ཡང་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་གྲོངས་རྐྱེན་ཡང་སྨན་ལོག་ཕུལ་བར་ངོས་འཛིན་མཁན་ཡོད་པ་དང་། རྭ་སྒྲེང་རིན་པོ་ཆེ་གྲོངས་སྟངས་ཀྱང་དུག་དང་སྨན་གང་རུང་ཞིག་གིས་བཟོས་པ་ཡང་ལོ་རྒྱུས་སུ་ཡོད་པ་རེད།
སྟོན་གྱི་་་་་་་སྔོན་གྱི་
ད་ང་ཚོ་ལོ་ངོ་བརྒྱ་ཕྲག་བརྒལ་བའི་ཞིང་དུ་སོང་བ་མི་ལའི་སྐོར་མི་བཤད། ད་ལྟ་གཞིས་ལུས་སྤུན་ཟླ་གཤེགས་སོང་བའི་བར་དོ་རྣམ་པར་ཤེས་པ་ལ་གྲོགས་མཛད་ན་དེ་བས་བསོད་ནམས་ཆེ་བ་མེད་བསམ། བོན་པོ་ཚང་དང་རྙིང་མ་་དང་བཀའ་བརྒྱུད་པ་ཚོས་འཕོ་བ་དང་། བར་དོ་ཐོས་གྲོལ་དང་མེ་གསུར་སོགས་གསུང་གནང་དང་། དཔམ་ལྡན་ས་སྐྱ་བ་དང་རི་བོ་དགེ་ལྡན་རྣམས་ནས་བཤགས་སྨོན་སོགས་ཐུགས་སྨོན་གནང་རོག་བཀའ་དྲིན་ཆེ། སྐུ་ཡོན་དགོས་འདོག་མ་རེད།