གསེར་མདོག་གི་གྲུ་ཆུང་།
རྩ་ཕྲན་དང་སྡོང་བོའི་ལོ་འདབ་ཚང་མ་སེར་པོར་གྱུར་སོང་། ངས་སྐྱི་བསེར་རླུང་གིས་རྡོག་པས་བརྫིས་པའི་ལོ་འདབ་ཀྱིས་ཤག་ཤག་གི་སྒྲ་འབྱིན་པ་ཐོས།
གསེར་མདོག་གི་ལོ་མ་ནི་ཧ་ཅང་མཛེས་བའི་ཕྱེ་མ་ལེབ་ཅིག་བར་སྣང་དུ་ཕར་འཕུར་ཚུར་འཕུར་བྱེད་པ་དང་འདྲ། ལོ་མ་སེར་པོ་ཆུང་ཆུང་ཞིག་ངའི་ཕྲག་སྟེང་དུ་བབས་ཏེ་ང་ལ་ཁ་རོག་གེར།ང་སླེབས་བྱུང་ཟེར།
ངས་ལོ་མ་སེར་པོ་ཆུང་ཆུང་དེ་ལག་མཐིལ་དུ་བཏེགས་ནས་སེམས་ཆུང་ངང་ཆུ་ཕྲན་ཞིག་གི་ནང་དུ་བསྐྱུར་བ་ན། ལོ་མ་སེར་པོ་ཆུང་ཆུང་དེ་གསེར་མདོག་གི་གྲུ་ཆུང་ཞིག་ཏུ་གྱུར།
སྟོན་རླུང་བསིལ་བསིལ་དུ་རྒྱུ་བས། གསེར་མདོག་གི་གྲུ་ཆུང་ཡོམ་ཡོམ་དུ་འགུལ་ཞིང་། དལ་གྱིས་རྒྱང་རིང་གི་ཕྱོགས་སུ་བསྐྱོད་སོང་།
ནོར་བཅོས། བསྒྱུར་མཁན་དེས་ཧ་ཅང་ཡག་པོ་ཞིག་བསྒྱུར་འདུག་བསམ།
འཛིན་གྲྭ་གསུམ་པའི་གནས་ཚད་ཀྱི་སྐད་ཡིག་འདི་འདྲ་བྲིས་པ་རན་གྱི་ཡོད་མེད་ལ་དྲི་བ་ཞིག་གཏོང་ན་བསམ་བྱུང་། ནུབ་ཕྱོགས་པའི་སློབ་གསོ་སྤྲོད་གཏོང་ཕྱོགས་ཞིག་ལ། ལོ་ཆུང་བྱིས་པ་ཚོར་སློབ་སྦྱོང་སྤྲོད་ཐབས་གང་ཞིག་ཡིན་ཡང་ཕྲུ་གུའི་བསམ་བློའི་གནས་ཚད་ལ་གཞི་བཟུང་ནས་སྒྲུང་དེབ་ཀྱི་བརྗོད་བྱ་དང་རྗོད་བྱེད་འདེམས་སྒྲུག་བྱེད་ཀྱི་ཡོད་། ནུབ་ཕྱོགས་པའི་སེམས་ཁམས་རིགས་པའི་བཤད་ཚུལ་ལྟར་བྱེད་ན། ལོ་ཆུང་བྱིས་པ་ལོ་བཅུ་གཅིག་ཙམ་མ་སླེབས་བར་། མི་མངོན་པའི་བསམ་ཤེས་abstract thought་སླེབས་ཐུབ་ཀྱི་མེད་ཟེར། འདིར་ངས་ང་ཚོའི་དབུགས་གཏོང་སྟངས་ཚུན་ཆད་ནས་ནུབ་ཕྱོགས་པའི་བྱེད་སྟངས་བྱེད་ན་ཡག་གི་རེད་ཟེར་གྱི་མེད་། འདིར་བསམ་ཚུལ་ཞིག་བཏོན་པ་ཡིན། ཐད་ཀར་ཉམས་མྱོང་དང་ཤེས་ཡོན་ཡོད་མཁན་གྱི་བོད་པ་ཚོས་བསམ་ཚུལ་ལྷུག་པོ་གནང་ན་ཕན་ཐོག་ཤིན་ཏུ་ཆེ་སྙམས།
ནུའུ་ཡོག་ནས།
མ་ཡིག་རྒྱ་ཡིག་དེ་ཐད་ཀར་བོད་ཡིག་དྲ་ཚིགས་ནང་བཀོད་དགོས་པའི་དགོས་པ་རྒྱུ་མཚན་མཐོང་མ་སོང་།
ཁྱེད་གཉིས་ཀྱིས་བཤད་པ་བདེན་འདུག གོང་གི་དགྲ་རྩོམ་འདི་འཛིན་གྲྭ་གསུམ་པའི་སློབ་མ་ཕར་ཞོག འཛིན་གྲྭ་བརྒྱད་པའི་སློབ་མས་ཀྱང་དོན་དག་གོ་དཀའ་རྒྱུ་རེད་ཡ། དགྲ་ཡིག་དེ་བོད་ཡིག་གི་འོག་ལ་འདྲེན་བཀོད་བྱས་ན་འགྲིག་མོད། བོད་ཡིག་གི་སྒང་ལ་བཞག་ཙང་ང་རང་ཡང་མ་བདེ་བ་ཞིག་བྱུང་། བོད་ནང་དུ་དགྲ་བོས་ཐུབ་ཚོད་བཏང་བ་རེད། འདིར་དགྲ་བོའི་བསམ་བློ་འཁྱེར་མཁན་དང་དགྲ་ཡིག་གིས་བཙན་དབང་སླེབས་ཡོང་གིན་འདུག དར་དམར་དམར་འོག་གི་སློབ་གསོ་དེ་ཅིག་འཇིགས་འཇིགས་ག
དྲ་གྲོགས་འགས། རྒྱ་ཡིག་དགྲ་ཡིག་རེད་ཟེར་བ་དང་དེ་བཀོད་ན་དགོས་དོན་མ་མཐོང་སོགས་བསམ་ཚུལ་ཇི་སྙེད་ཅིག་གནང་བར་བརྟེན།
རྒྱ་ཡིག་དེ་བསུབ་པ་ཡིན། དེ་ཙམ་ཞུ།
ངས་ཁ་སྔོན་ནས་དཔྱད་གླེང་གི་རིན་ཐང་མེད་པའི་རྩོམ་ཡིག་དག་དྲ་ངོས་སུ་མ་འཇོག་རོགས་ཞེས་ཞུས་པཡིན། འདི་དྲ་ངོས་སུ་འགོད་དོན་ཅི་ཡིན་ནམ། འཇོག་དགོས་ན་རང་གི་ཟིན་བྲིས་ཐོག་བཞག་ན་མི་ཆོག་གམ། ད་ངོས་སུ་དཔྱད་གླེང་གི་རིན་ཐང་ངམ་དགོས་པ་མ་མཐོང་ངོ། །
ནོར་བཅས། འདི་དྲ་ངོས་སུ་བཞག་པར་དཔྱད་གླེང་་གི་རིན་ཐང་ངམ་་དགོས་པ་མ་མཐོང་ངོ།
དཀོན་མཆོག་ལགས།
ཁྱེད་ཀྱིས་”དགྲ་རྩོམ་དང་དགྲ་ཡིག་”ཟེར་བ་ཐོག་མ་གོ་དུས་ང་མགོ་འཐོམ་སོང་། ཁྱེད་རང་གིས་འདི་འདྲ་ཟེར་དགོས་པའི་རྒྱུ་མཚན་ལ་ངས་བསམ་ཤེས་བྱེད་ཐུབ་ཀྱི་འདུག སྐབས་རེ་ངས་ཀྱང་འདི་འདྲ་ཟེར་ན་འདོད་། བསམ་བློ་ཡག་པོ་ཞིག་བཏང་ན་རྒྱ་རྩོམ་དང་རྒྱ་ཡིག་ཚུན་ཆད་ལ་དགག་པ་བརྒྱབ་ཀྱིན་སྡོད་ན་ཅུང་བྱབ་ཆུང་དྲགས་པའི་རྟགས་ཅིག་རེད་བསམ་གྱིན་འདུག དོན་དག་རྡོག་རྡོག་བྱས་ནས་བཤད་ན་ཤེས་བྱ་ཡོན་ཏན་ཞིག་རང་དང་རང་གི་མི་རིགས་ཀྱི་རིག་མཛོད་ནང་གདན་འདེན་ཞུ་ཐུབ་ན་དེའི་འབྱུང་ཁུངས་བླུན་པོ་ཡིན་ཀྱང་འདྲ། དགྲ་བོ་ཡིན་ཀྱང་འདྲ་དེ་བྱེད་པར་ཁེ་ཕན་དང་མ་བྱེད་པ་གྱོང་གུན་ཡོང་རྒྱུ་ལས་མ་མཐོང་།
དེ་དང་བསྒྱུར་གཞི་རྒྱ་ཡིག་སྟེང་ལ་བཞག་པ་དང་བོད་ཡིག་འོག་ལ་བཀོད་པའི་རྐྱེན་གྱིས་རྣམ་རྟོག་མང་པོ་འཆར་བ་ནི་རྣམ་རྟོག་འཆར་མཁན་གྱི་ཀླད་པའི་འཁོར་ཡུག་དེ་གཙང་མ་བཟོ་བ་དང་གུ་ཡངས་དུ་གཏོང་དགོས་ཀྱི་འདུག་བསམ། དེ་འདྲ་མིན་ན་འདི་འདྲའི་རིགས་ལ་རྩོད་གཞི་སློང་གིན་སྡོད་ན་ཆོ་མི་འདུག
དྲན་གསོ་ཤིག་སློང་དགོས་ན་ང་ཚོའི་ནང་པའི་དཔེ་ཆ་འགའ་རེ་ནང་རྒྱ་གར་དང་སྲིན་པོ་དང་རྒྱ་ནག་གི་སྐད་སོགས་བོད་སྐད་ཀྱི་གོང་དུ་འཇོག་ཡོད་པ་རེད་།
སློབ་སྦྱོང་བྱེད་ཀྱིན་བྱེད་ཀྱིན་ལ་བསམ་བློ་གུ་དོག་རུ་དོག་རུ་འགྲོ་བ་དང་ནང་ཆོས་སྦྱོང་གིན་སྦྱོང་གིན་ལ་རྣམ་རྟོག་མང་རུ་མང་རུ་འགྲོ་ན་ཚེ་འདིའི་མི་ཆོས་ཀྱང་དོན་སྙིང་ལྡན་པ་ཞིག་མི་འོང་མ་ཟད་ཚེ་རྗེས་མ་ཞིག་ཡོད་རྒྱུ་ན་དེ་ལ་འཁྱེར་རྒྱུའི་གྲོ་ཁ་ཡང་ཧ་ལམ་ཡོད་རྒྱུ་མ་རེད་བསམ།
གོང་གི་སྒྱུར་རྩོམ་དེ་དང་རྒྱ་ཡིག་གི་བསྒྱུར་གཞི་དེ་ཤན་སྦྱར་བྱེད་པར་དགེ་མཚན་ལས་མ་མཐོང་ངོ་།
མི་ངའི་ཁ་ནས་ཤོར་བའི་ཚིག་ལ་མངར་རྩི་འབྱུག་མེད་དོ། དེ་ལུགས་སྤུན་ཟླ་ཚོའི་སེམས་ལ་འཇགས་རོགས་གྱིས།
ནུའུ་ཡོག་ནས་མེ་སྒྱོགས་རྒྱ་མཚོས།
དགྲ་བོ་ལས་རྒྱལ་བར་འདོད་ན་ངེས་པར་དུ་དགྲ་བོའི་སྐད་དང་ཡི་གེར་བྱང་ཆུབ་པར་དགོས་པའི་གནས་ལུགས་ཙམ་མ་གཏོགས་ན་ད་རྣམ་རྟོག་ཟ་ནས་སྡོད་ཡ།
ངེད་ཀྱིས་བསྒྱུར་རྩོམ་ཐུང་ཐུང་འདི་དྲ་ངོས་སུ་འཇོག་དོན་ནི། ངེད་རང་བསྒྱུར་རྩོམ་ལ་དང་དོད་ཅུང་ཙམ་ཡོད་པའི་རྐྱེན་གྱིས་ཡིན།
དེ་ནས་མ་ཡིག་དེ་རྒྱ་ཡིག་ཡིན་རུང་བསྒྱུར་མཁན་དེས་ཧ་ཅང་ཡག་པོ་ཞིག་བསྒྱུར་འདུག་བསམ་པ་དེ་ཡིན།
ངེད་རང་རྒྱ་ཡིག་དེ་དགྲ་ཡིག་ལ་བརྩིས་ནས་དེ་ལ་མི་དགའ་བ་བྱེད་མཁན་ཞིག་མིན་ལ་དེ་ལྟར་བྱེད་འདོད་ཀྱང་མེད། དེ་ལྟར་བྱེད་དགོས་ཀྱང་མཐོང་གི་མེད།
འོན་ཀྱང་། དྲ་གྲོགས་གངས་སྒྲོན་དང་དཀོན་མཆོག་ཞུ་བ་གཉིས་ཀྱི་ཚོར་བ་དེ་ཨང་དང་པོ་དང་ངེད་ཀྱི་གནས་ལུགས་དེ་ཨང་གཉིས་པར་བཞག་ནས།
རྒྱ་ཡིག་དེ་བསུབ་པ་ཡིན། རྒྱུ་མཚན། རྒྱ་ཡིག་དེ་དགྲ་ཡིག་རེད་ཟེར་མཁན་རྣམས་ལ་ཡང་ངེད་ཀྱིས་དགག་བྱ་བྱེད་མི་འདོད།
ངེད་རང་བསམ་བློ་གུ་ཡངས་ཀྱི་སྒོ་ནས་རིག་པ་འཚོལ་བའི་ལམ་ལ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེར་མཐོང་མཁན་ཞིག་ཡིན།
གཞན། ཚེར་མ་ཞུ་བ་ཞིག་གིས་རིན་ཐང་ཡོད་མེད་ཀྱི་སྐད་ཆ་ཞིག་དྲུད་ཡོང་འདུག།
དེ་ལ་ལན་ཐུང་ཐུང་ཞིག་རྒྱག་འདོད་སྐྱེས། ངེད་ཀྱིས་བསམ་ན། བསྒྱུར་རྩོམ་འདིར་རིན་ཐང་ངེས་ཅན་ཡོད་གི།
བསྒྱུར་རྩོམ་འདི་ཆུ་ལ་ཆུ་བཞག་ལྟ་བུ་ཞིག་བསྒྱུར་འདུག བསྒྱུར་རྩོམ་ཐུང་ཐུང་འདིའི་སྒང་ན་གླེང་རིན་ཡོད་པའི་ཆ་དེ་རེད།
བསྒྱུར་རྩོམ་ཐུང་ཐུང་འདི་དང་འབྲེལ་ནས། བོད་རིགས་རྩོམ་པ་པོ་ཚོས་བོད་བསྒྱུར་བྱེད་སྟངས་ཀྱི་ཐད་ནས་བགྲོ་གླེང་བྱས་ཆོག་གི་སྙམ།
འོན་ཀྱང་། དེ་ལྟར་བྱེད་མཁན་ནི་ཉུང་ཙམ་རེད་ལ་བསྒྱུར་རྩོམ་གྱི་ཕྱོགས་ལ་དོ་སྣང་ཡོད་མཁན་ཡང་ཉུང་ཤས་རེད། མ་རེད་དམ།
དེ་ཙམ་ཞུ།