རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་ལ་བཙོན་ཁང་ནང་མནར་གཅོད་བཏང་སྟེ་ ལུས་སྨད་ཞ་བོ་གྱུར་རྗེས་གློད་གྲོལ་བཏང་འདུག
རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ཟླ་ ༤ པའི་ནང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་འཛིན་བཟུང་གིས་ལོ་ ༡ མ་ཟིན་ཙམ་གྱི་རིང་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡ པའི་ནང་བཙོན་ཁང་ནང་ཉེས་རྡུང་ཚབས་ཆེན་བཏང་སྟེ་ལུས་སྨད་ཞ་བོར་གྱུར་རྗེས་བཙོན་གྲོལ་བཏང་ཡོད་པ་དང་། འབྲེལ་ཡོད་ནང་མིས་སྨན་བཅོས་བྱེད་པའི་ཐད་ལ་འབད་པ་བྱས་ཡོད་ཀྱང་། སྨན་པས་ཁོང་ལ་སྨན་བཅོས་བྱས་ཀྱང་ཕན་ཐོགས་མེད་པའི་སྐོར་བརྗོད་ཡོད་སྟབས། ཉེ་ལམ་ས་གནས་བོད་མི་མང་པོ་ཁོང་གི་ཁྱིམ་དུ་ཕྱིན་སྟེ་ཁོང་ལ་ཐུགས་གསོ་དང་ལྟ་རྟོགས་བྱེད་ཀྱི་ཡོད་འདུག
རང་ལོ་ ༣༩ ཡིན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་ནི། སྔར་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་རྗེས། རྒྱ་གཞུང་གིས་རྔ་པ་ཀི་རྟི་དགོན་པའི་གྲྭ་པ་ ༣༠༠ འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་གྲྭ་པ་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཕྱིས་སུ་ཁོང་བཀག་ཉར་ཁང་རིམ་པ་བརྒྱུད་རྗེས་སྔར་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༥ ཡས་མས་སུ་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་འདུག
གཞན་ཡང་། སྤྲུལ་སྐུ་བསོད་བྷ་རིན་པོ་ཆེའི་སློབ་མ་ནམ་མཁའ་འཇིགས་མེད་ལགས་ལྷ་ས་ནས་འཛིན་བཟུང་བཙན་འཁྲིད་བྱས་འདུག
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ༢༠༡༢ ལོའི་ཕྱི་ཟླ་ ༡ པའི་ཚེས་ ༩ ཉིན་མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མ་བསོད་བྷ་རིན་པོ་ཆེ་མཆོག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད་པ་ལྟར། ཉེ་ལམ་རང་ལོ་ ༣༠ ཡས་མས་ཡིན་པའི་ཁོང་གི་སློབ་མ་ནམ་མཁའ་འཇིགས་མེད་དམ་ནམ་འཇིགས་འབོད་པས་ལྷ་སར་སྤྲུལ་སྐུ་བསོད་བྷའི་སྐུ་རུས་དང་ཕྱག་རྫས་ཁག་ཅིག་འཁུར་ཏེ། དགོངས་རྫོགས་མཆོད་འབུལ་ཆེད་ཕྱིན་སྐབས། ལྷ་སའི་བར་བསྐོར་གྱི་སྐོར་ལམ་དུ་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་འཁྲིད་བྱས་འདུག
ད་ལྟའི་ཆར་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་པ་མ་ཟད། ལྷ་སར་ཡོད་པའི་ནམ་མཁའ་འཇིགས་མེད་ལགས་ཀྱི་ངོ་ཤེས་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་གིས་ཁོང་ནམ་རྒྱུན་ཕྱི་ཕྱོགས་དང་འབྲེལ་བ་ཡོད་མེད་སོགས་ཀྱི་འདྲི་གཅོད་དང་བཀག་ཉར་བྱས་འདུག
གསར་ཁུངས། བོད་ཀྱི་དུས་བབ།