ཨ་རིག་འགྱུར་མེད།
བཀུར་འོས་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས། ངས་ཐེངས་མང་བོར་སེམས་གནད་དུ་ཕབ་ནས་མུན་ནག་གིས་བསྐྱལ་བའི་ལོ་རྙིང་དང་མིག་ཆུས་བསུས་པའི་ལོ་གསར་བའི་ནང་བྱུང་བའི་དོན་དག་རྣམས་ལ་བསམ་གཞིག་གང་མང་བགྱིས་པར་མ་ཟད། ཐེངས་མང་བོ་མང་བོ་ཞིག་ལ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐོའི་མིང་ཐོག་ཏུ་འཕྲིན་ཡིག་ཅིག་བསྐུར་རྒྱུར་བསམ་བློ་བཏང་། མ་མཐར་ཡང་འུ་ཐུག་པའི་རེ་འབོད་ཅིག་བྱས་ན་བསམ། དེ་ལྟར་ནའང་། བོད་ནང་གི་གཞིས་ལུས་བོད་མི་རྣམས་ཀྱི་ཚེ་སྲོག་གི་འབོད་སྒྲར་མི་ཉན་པའི་ལག་དམར་ཞིག་གིས་ངས་རང་དབང་གི་ལུང་པ་ནས་ཀི་ཞིག་བཏབས་པ་ནི་རྟུག་དྲི་ཞིག་ཏུའང་སེམས་མི་སྲིད་པས། ཇི་ལྟར་བཤད་ཀྱང་ཕར་དཀར་པོ་སེམས་བསྟན་ན་ཚུར་ནག་པོ་སོ་མི་སྟོན་པ་ནི་བཀུར་འོས་པའི་བཀའ་ཁྲི་ཁྱེད་ཡིན་ཐོག དགའ་ལྡན་ཕོ་བྲང་མཇུག་བསྡུས་པ་དང་༸གོང་ས་མཆོག་གིས་ཕྱག་དབང་ཡོངས་རྫོགས་སྐུ་ཉིད་ལ་རྩིས་སྤྲོད་གནང་ཟིན་པའི་དུས་འདིར། སྐུ་ཉིད་ནི་མཛུབ་མོས་གང་བསྟན་ཤར་དང་བླ་མས་ཅི་གསུང་ཆོས་ཟེར་བའི་དཔེ་ལྟར་དུ་ལགས་པས། མི་ཆུང་ངས་སེམས་བསམ་པའི་སྐད་ཆ་འདི་དག་ཀྱང་རེ་འབོད་ཅིག་གི་ཚབ་ཏུ་ཁྱེད་ཀྱི་སྙན་ལམ་དུ་བསྒྲོན་ན་འདོད།
རེད། ལོ་རྙིང་པ་འདི་ལྟར་མུན་ནག་གིས་ཕར་བསྐྱལ་བ་རེད། ལོ་གསར་བའང་འདི་ལྟར་མིག་ཆུས་ཚུར་བསུས་པ་རེད། ལོ་མགོ་བཙུགས་མ་ཐག་ནས་གཞིས་ལུས་སྤུན་ཟླས་འབོད་སྒྲ་ཇེ་མཐོ་དང་ཁོང་ཚོའི་རེ་འདུན་ཇེ་གསལ་ཏུ་གྱུར་སོང་། ཁོང་ཚོ་འཆི་སྲོག་ལ་ཐུག་ཀྱང་བློ་འགྱོད་མེད་པའི་དཔའ་རྟུལ་ཁྱུ་ཞིག་རེད་མོད། ད་ལྟའི་དུས་འདིར་ཁོང་ཚོ་རྒྱ་ནག་གིས་ཤིག་ཅིག་གསོད་པའི་སྣང་བའང་མེད་པར་མེ་མདས་གཞུ་རྐྱང་དང་ཕྱི་མར་མངགས་རྐྱང་བྱེད་ཀྱིན་པ་འདི་རེད། དེའི་ཐོག་ཏུ་གཞིས་ལུས་སྤུན་ཟླ་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་བ་མང་དྲགས་ཏེ། རང་ལུས་མེ་རུ་བསྲེགས་རྒྱུར་འཇིགས་སྔངས་སྐྲག་གསུམ་བྲལ་བའི་ད་ལྟའི་གནས་སྟངས་འདིར་བསམ་བློའང་གཏོང་མི་ཕོད་པའི་ཚུལ་དུ་འདུག་ལ། སྐབས་འདིར་ང་ལ་དེ་བས་ཀྱང་སེམས་འཚབ་ཆེན་པོ་ཞིག་ཡོད་པ་ནི། འདི་ནས་ཕར་བརྩིས་པའི་ཟླ་ངོ་གཅིག་དང་ཉིན་བཅུ་ཡི་རྗེས་སུ་གསུམ་བཅུའི་དུས་དྲན་རེད། བོད་ཀྱི་རུས་རྐང་མ་འཁྱག་བར་དུ་བརྗིད་མི་སྲིད་པའི་མུན་ནག་གི་ཉིན་མོ་དེ་རེད། སྟོང་ལོ་བརྒྱད་ཀྱི་བོད་ཡུལ་ཆོལ་ཁ་གསུམ་གྱི་ཞི་རྒོལ་ཆེན་མོའང་ཉིན་འདིར་བྱུང་བ་རེད། འདས་པའི་ལོ་འདི་ཚོར་རྒྱ་ནག་ཆེས་འཇིགས་ས་སྐྲག་ས་དང་རྒྱ་སྟག་ངར་མ་ལྟ་བུའི་དཔའ་རྒོལ་ཚོས་རང་སྲོག་འབེན་ལ་འཛུགས་སའང་ཉིན་འདི་རེད། ཏག་ཏག་ཉིན་བཞི་བཅུའི་མཚམས་ཀྱི་གསུམ་བཅུའི་དུས་དྲན་ཉིན་ཅི་ཞིག་འབྱུང་ངམ། ཡང་ཤ་དར་ཁྲག་དར་གྱི་གཞིས་ལུས་སྤུན་ཟླ་མང་བོ་མང་བོ་ཞིག་ཕྱི་མར་བརྫང་མི་ཡོང་ངམ་སྙམ་ན། ང་ངོ་མ་སྐྲག་གི སྔངས་འཚབ་དངོས་གནས་ཆེ་སོང་།
དེས་ན། བཀུར་འོས་པའི་བཀའ་ཁྲི་མཆོག ཁྱེད་ཀྱིས་དབུ་ཁྲིད་དེ་ང་ཚོ་གཞུང་འབངས་ཚོས་དུས་ཡུན་ཉིན་བཞི་བཅུ་འདིར་ངེས་པར་དུ་གཞིས་ལུས་སྤུན་ཟླའི་ཚེ་སྲོག་ལ་ཁེག་ཐག་དང་བོད་ཀྱི་བདེན་མཐའ་གསལ་རྒྱུར་བྱ་ཐབས་གསར་བ་འདྲ་ཡོད་མེད་ཐད། རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་འདོན་པའི་དུས་ལ་བསླེབས་འདུག་སྙམ། འབངས་མི་སུ་འདྲ་ཞིག་ཡིན་རུང་དུས་འདིར་གཞུང་གིས་ཅིག་འགྲིག་མ་སོང་། ཉིག་བྱས་མ་སོང་ཟེར་བའི་དུས་མིན་པར་བློ་རིམ་བསྒྲིམ། རང་གི་གཞུང་ཕྱོགས་ལ་བྱེད་ཐབས་སྣ་ཚོགས་ནས་རྒྱབ་སྐྱོར་དང་དཔུང་རོགས་བྱེད་པའི་དུས་རེད།
དེ་ལྟར་ལགས་པས་བཟང་ངན་ཇི་ལྟར་ཡང་ངས་རང་བློས་དཔོག་ཚོད་ཀྱིས་གཤམ་གྱི་དོན་ཚན་དག་གྲོས་སུ་འདེབས་པ་ཡིན་ལ། དེ་དག་ལས་ཕན་ཐོགས་ཏིལ་འབྲུ་ཙམ་རེ་འཆིས་ཀྱང་བཀུར་འོས་པའི་བཀའ་ཁྲི་མཆོག་གིས་ནམ་ཡང་སྣང་ཆུང་དུ་མི་གཏོང་བའི་རེ་བ་ཅི་ནས་ཀྱང་ཆེ་ཆེ།
ད་ལྟའི་འགུལ་སྐྱོད་དང་བྱ་ཐབས།
༡༽ ད་ལྟ་བཀའ་ཁྲི་མཆོག་གིས་ནན་ཏན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་དགོས་པའི་རེ་སྐུལ་གནང་བ་ནི་ཤིན་ཏུ་གལ་ཆེན་དང་། གནད་འགག་ཏུ་མཐོང་བས་མུ་མཐུད་དེ་གནང་རྒྱུ་དང་ད་དུང་ཤུགས་ཆེར་གཏོང་དགོས་པར་མ་ཟད། ལོ་རྙིང་ནང་ལྟར་ཕར་རྒྱལ་ཁབ་གཞན་གྱི་སྲིད་འཛིན་མི་སྣ་སོགས་སུ་བདེ་སྡུག་ཞུ་རུ་བཅར་དགོས་ཀྱང་གནང་རྐྱང་བྱ་འོས།
༢༽ ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་གི་རྒྱལ་ཁབ་གང་སར་གནས་པའི་བོད་མི་རྣམས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་ངོ་རྒོལ་གྱི་རྣམ་པ་སྟོན་རྒྱུའི་འབོད་སྐུལ་གནང་བར། རྒྱབ་སྐྱོར་མ་བྱས་པ་མིན་ཡང་། ང་ཚོས་དེ་ལྟར་ཉིན་བརྒྱ་དུས་གཅིག་ལ་ངོ་རྒོལ་གྱི་རྣམ་པ་ཙམ་བསྟན་པས་མཇུག་འབྲས་ལ་བསམ་བློ་གཏོང་དགོས་པར་འདུག
སྐད་ཆ་འདི་ངོ་རྒོལ་གྱི་རྣམ་པ་རྩ་ནས་མིན། དེས་ན་ཉིན་དེ་གཅིག་པུར་ངོ་རྒོལ་བྱས་རྗེས་བྱེས་ཀྱི་ལས་འགན་འགྲུབ་པ་རེད་དམ། ཡང་ན་ལས་འགུལ་དེ་སྤེལ་ཚེ་དེས་རྒྱ་ནག་ལ་དངོས་གནས་བརྡ་ལན་ཞིག་སྤྲོད་ཐུབ་བམ། དེ་ལ་ཤུགས་རྐྱེན་ཞིག་འདུག་གམ། དེས་བོད་ནང་དུ་དམར་བོ་མེ་རུ་འབར་ཆོག་ཆོག་ཡོད་པའི་མེ་ཤིང་ལ་མེ་རྟ་ཞིག་བགོ་མི་སྲིད་དམ།
ལྷག་པར་དུ་ལོ་རྙང་ནང་དུའང་ང་ཚོས་ཉིན་བརྒྱ་དུས་གཅིག་ལ་བསྔོ་སྔོན་དང་ཟས་བཅད་ངོ་རྒོལ། ཞི་བའི་ཁྲོམ་སྐོར་སོགས་བྱས་པ་རེད། དེས་བོད་ནང་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཅི་ཞིག་བྱུང་ཡོད། དེས་གཞིས་ལུས་བོད་མིའི་ཚེ་སྲོག་ལ་འགན་ལེན་ཅི་ཙམ་ཐུབ་ཡོད། རྒྱ་ནག་གི་གདུག་རྩུབ་ལ་ཡ་ལན་གང་དག་བྱུང་ཡོད། དེ་ནི་དཔེ་མཚོན་ཡག་ཤོས་ཡིན་པས་ཕན་གནོད་གཉིས་ལ་ངེས་པར་དུ་ལྕི་ཡང་ཞིག་གཞལ་དགོས་སྙམ།
འདི་ནི་གཞིས་ལུས་སྤུན་ཟླའི་མིག་སྔུན་ནས་ཁྲལ་ཞིག་འཇལ་བ་དང་ཅི་འདྲའི་མཚུངས་ཨང་།
༣༽ ད་ལྟ་ནས་གཟབ་དགོས་ས་གཅིག་ཡོད་པ་འདི་ལོའི་གསུམ་དུས་ཉིན་རེད། ང་ཆེས་སྐྲག་ས་ནི་ “བྱེས་ཀྱི་འགུལ་སྐྱོད་” ཡིན། ཤེས་གསལ་ལྟར་སྐབས་རེར་ང་ཚོ་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་བོད་ནང་དུ་ཐེབས་ཀྱིན་ཡོད་ལ། ལན་རེར་བོད་ནང་གི་འགུལ་སྐྱོད་ཕྱི་ཕྱོགས་སུ་ཡོང་གིན་ཡོད། གང་ལྟར། ང་ཚོས་ནན་ཏན་གྱིས་སྟོང་ལོ་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་ཇི་ལྟར་བྱུང་བ་རེད། ནམ་རྒྱུན་བོད་ནང་གི་སྤུན་ཟླ་ཚོ་མེ་རུ་བསྒྲོན་ཆོག་ཆོག་གི་མེ་ཤིང་ཁྱུ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ལ་མེ་ཆ་བགོ་མཁན་གྱི་མི་སྣ་སུ་རེད། ས་སྣུམ་ལྡུག་མཁན་སུ་རེད་ལྟ་དགོས།
གཅིག་བྱས་ན་ང་ཚོས་ཕྱི་ཕྱོགས་ནས་མཉམ་མ་བཞག་པ་དང་སྣང་ཆུང་དུ་ཤོར་བའི་འགུལ་སྐྱོད་འགར་བརྟེན་ནས་དོན་དག་དེ་དག་བྱུང་བ་ཡིན་སྲིད། དེ་ནི་ཚོད་དཔག་མི་ཐུབ་པ་དེ་འདྲ་གང་ཡང་མ་རེད། དེར་བརྟེན། ངས་ནི་ད་ལོར་གཞུང་གིས་མགོ་ཁྲིད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རོགས་འདེགས་བྱས། གཤམ་གྱི་མང་ཚོགས་ཀྱིས་མཉམ་ཞུགས་བྱས་ཏེ། ལས་འགུལ་གང་འདྲ་ཞིག་སྤེལ་རུང་། རྡོག་རྩ་གཅིག་སྒྲིལ་དང་ནུས་པ་ཐོན་པ། མཇུག་འབྲས་ལྡན་པ་ཞིག་བྱ་དགོས་ཀྱི་འདུག་ཟེར་གྱིན་ཡོད།
མ་མཐར་ཡང་དྲིལ་བསྒྲགས་མང་བོ་མེད་པར་འགུལ་སྐྱོད་ལྡན་པའི་འཆར་གཞི་བསྒྲིགས། གྲོས་བསྡུར་བྱས། མགོ་ཇི་ལྟར་བཙུགས་ན་མཇུག་དེ་ལྟར་འཁྱོལ་དགོས་ཀྱིན་འདུག
དབུ་མའི་ལམ་ལ་བསྐྱར་ཞིབ།
ཁ་སང་དེ་རིང་བྱེས་གྱར་བོད་མའི་ཁྲོད་དུ་དབུ་མའི་ལམ་ལ་མཇུག་འབྲས་མེད་པར་མཐོང་མཁན་མང་དུ་འབྱུང་གི་ཡོད་ཐོག ད་ནི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་ཡང་སྔར་བས་མང་དུ་འཕེལ་བཞིན་པའི་སྒང་རེད།
ཡིན་དང་ཡིན། དེ་ནི་དབུ་མའི་ལམ་ལ་བོད་རྒྱ་གཉིས་ཕན་གྱི་ནུས་པ་མེད་པ་དང་དབུ་མའི་ལམ་ལ་བོད་མིའི་བདེ་སྡུག་སེལ་བའི་མཐར་ཐུག་གི་དམིགས་འདུན་མེད་སོང་བས་མ་རེད། དེ་ནི་དབུ་མའི་ལམ་གྱི་དགོངས་དོན་འགྲུབ་པར་བོད་རྒྱ་ཕྱོགས་གཉི་གས་རམ་འདེགས་དགོས་པ་དང་། ད་ལྟའི་བར་དུ་རྒྱ་ནག་གི་ཕྱོགས་ནས་ང་ཚོར་ངེས་པ་དོན་གྱིས་རོགས་འདེགས་དང་མཉམ་འབྲེལ་མ་བྱས་སྟབས། ད་གཟོད་དབུ་མའི་ལམ་ཤོག་སྟེང་གི་གཟི་བརྗིད་ཉམས་པའི་བྱེད་ཐབས་ཤིག་ཏུ་གྱུར་བ་དང་། གཤོག་པ་ཡ་གཅིག་ཆད་པའི་རྒོད་པོ་བཞིན་ནམ་ཡང་མཁའ་ནས་ལྡིང་སྐོར་རྒྱག་ཐབས་བྲལ་སོང་བས་རེད།
ངས་ནི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་གྱི་སྤུན་ཟླ་དག་ལ་བརྩི་བཀུར་ཞུ་གིན་ཡོད། ད་ནི་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ཀྱང་དབུ་མའི་ལམ་འགྲུབ་རྒྱུར་ཕྱོགས་གཉི་ག་ནས་ཕན་འབྲས་ལྡན་པའི་གྲོས་མོལ་བྱ་དགོས་པ་དང་། གལ་སྲིད་དེ་ལས་ལྡོག་སྟེ་རྒྱ་ནག་ཕྱོགས་ནས་ཨ་ལན་བརྡ་ལན་མེད་པར་འདི་མུར་སོང་ཚེ། དབུ་མའི་ལམ་ལ་གྲུབ་འབྲས་འབྱུང་རྒྱུ་མིན་པ་ལྟ་ཅི། གཞིས་ལུས་སྤུན་ཟླའི་རིན་ཆེན་ཚེ་སྲོག་ཀྱང་དོན་མེད་དུ་རྒྱ་མཚོར་རྡོ་གཡུག་པ་ལྟར་འགྱུར་གྱིན་འདུག་པར་དགོངས་ཏེ། དབུ་མའི་ལམ་གནས་སྐབས་མཚམས་འཇོག་དང་དེ་ལས་གཞན་པའི་བྱེད་ཐབས་གསར་བ་ཞིག་འཚོལ་དགོས། མ་མཐར་ཡང་དབུ་མའི་ལམ་ལ་བསྐྱར་ཞིབ་དང་དབུ་མའི་ལམ་གྱི་དགོངས་དོན་འགྲུབ་པར་བྱེད་ཐབས་གསར་བ་ཅི་ཡོད་ལ་གྲོས་ཁ་བསྡུར་དགོས། དེ་དོན་༸གོང་ས་མཆོག་ལའང་སྙན་སྒྲོན་ཞུ་དགོས།
མིག་སྔར་གྱི་གདམ་ཀ་འགའ།
གདམ་ཀ་དང་པོ། ད་ལྟའི་དུས་འདིར་བོད་ནང་གི་གཞིས་ལུས་སྤུན་ཟླའི་རེ་འདུན་ཉག་གཅིག་ནི་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དེ་རེད་ལ། བཀའ་ཁྲི་ཁྱེད་ཀྱི་རྩ་བའི་དམ་བཅའ་ཡང་འདི་རེད། དེས་ན། གཞུང་མང་ཚང་མས་དོན་དག་འདི་གཅིག་པུའི་ཐད་དུ་གྲོས་བསྡུར་བྱ་དགོས་པར་མ་ཟད། དོན་ཕན་ལྡན་པའི་འགུལ་སྐྱོད་ཅིག་བྱ་དགོས།
(༸གོང་ས་མཆོག་སྐུ་སྒེར་གྱི་ངོས་ནས་ཀྱང་གཞིས་ལུས་སྤུན་ཟླའི་རེ་བཞག་ལྟར། ཕྱིར་བོད་ཡུལ་དུ་ཞབས་ཀྱིས་བཅག་རྒྱུར་དགོངས་པ་བཞེས་དགོས་པར་མ་ཟད། ད་ནི་ཐུགས་ཐག་ཆོད་པོས་ངང་ནས་ཁོང་ཉིད་ཀྱང་ཕྱིར་བོད་ཡུལ་དུ་ཕེབས་འདུན་ཡོད་པ་ཕྱི་གསལ་ནང་གསལ་གནང་དགོས་ཀྱི་འདུག དེ་ལྟར་གནང་ཐོག གང་མགྱོགས་སྒོས་བོད་རྒྱ་འབྲེལ་མོལ་ཕར་ཕུད་རྒྱ་ནག་གི་དཔོན་རིགས་མཉམ་དུ་ཁོང་ཉིད་བོད་ཡུལ་དུ་ཞབས་ཀྱིས་བཅག་རྒྱུ་གཅིག་པུའི་ཐད་དུ་སྐད་ཆ་བཤད་པ་དང་། མི་སྣ་ཆེད་གཏོང་གིས་གྲོས་བསྡུར་བྱ་དགོས། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་ཡིན་པར་སྐུ་སྒེར་ཡིག་ཚང་དང་དམིགས་བསལ་སྐུ་ཚབ་ཀྱིས་འགན་ཁྱེར་དགོས་པར་འདོད།) འདིའི་ཐད་ནས་བཀའ་ཁྲི་མཆོག་གིས་༸གོང་ས་མཆོག་ལ་གང་དགའ་ཅི་ལེགས་ཀྱི་སྙན་སྒྲོན་ཞུ་དགོས་ལ། ཁོང་གི་སར་ནས་ལམ་སྟོན་ཞུ་དགོས།
གདམ་ཀ་གཉིས་པ། བོད་ནང་ན་རང་དབང་གི་སྐད་འབོད་བྱེད་ཀྱིན་ཡོད། ཁོང་ཚོའི་མངོན་འདོད་གཉིས་པ་ནམ་ཡིན་རུང་རང་དབང་གི་སྟེང་ན་བསྡད་ཡོད། རེད། ང་ཚོས་རང་དབང་གི་མངོན་འདོད་འདིར་ཇི་ལྟར་གཞོག་འདེགས་བྱ་རྒྱུ། བཀའ་ཁྲི་ཁྱེད་ནས་མགོ་བརྩམས་ཏེ་བོད་གཞུང་འབངས་ཚང་མས་ངྷ་ས་ནས་ལྷ་ས་བར་གྱི་རང་དབང་གི་གོམ་བགྲོད་ཅིག་གནང་ཐུབ་ཀྱི་རེད་དམ། སྐུ་ཉིད་ཀྱིས་ནམ་རྒྱུན་གྷན་ངྷི་རྗེ་དང་མ་ཌིར་ལིས་ཊི་ཁེན་གྱི་ལྟ་གྲུབ་སྐོར་གསུང་གི་ཡོད། འདི་ཁོང་གཉིས་ཀྱི་ལྟ་གྲུབ་རེད་ལབ་ཀྱང་ཆོག
གང་ལྟར་སྟོང་ལོ་བརྒྱད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ངྷ་ས་ནས་ལྷ་ས་བར་གྱི་གོམ་བགྲོད་ལྟ་བུ་མིན་པར། ངེས་པ་དོན་གྱིས་དང་བློ་ཐོག་ཆོད་པོ། འཆི་སྲོག་ལ་ཐུག་ཀྱང་རྒྱ་སྟག་ནགས་ལ་མཆོང་མཆོང་བྱེད་པའི་ཚུལ་གྱིས། ཡང་ན་རང་དབང་གི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་གཞུང་གི་ལས་ཀ་མཚམས་འཇོག་དང་བོད་མི་རྣམས་ཀྱིས་ཉིན་རེའི་འཚོ་གོས་གནས་མལ་གྱི་འཚོ་ཐབས་མཚམས་འཇོག་གིས་ལས་འགུལ་སྤེལ་དགོས་ཀྱི་འདུག འདི་འཆི་སྲོག་ལ་ཐུག་ཀྱང་ཕྱི་མིག་མི་ལྟ་བའི་གདམ་ཀ་ཞིག་ཏུ་བསྒྱུར་དགོས།
གདམ་ཀ་གསུམ་པ། དེ་ལྟར་མ་བྱུང་ན་ང་ཚོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་སྒོས་གློད་གྲོལ་ཡོང་ཐབས་གཅིག་པུའི་ཆེད་དུ་དོན་ཕན་ལྡན་པའི་འགུལ་སྤྱོད་ཅིག་གནང་དགོས་ཀྱི་འདུག དེ་གཅིག་པུའི་ཐོག་ལ་གཞུང་མང་གིས་ནུས་པ་ཕྱོགས་གཅིག་ཏུ་སྤུངས་ཏེ་ལས་འགུལ་སྤེལ་དགོས་ཀྱི་འདུག་ལ། དེ་ཁོ་ནའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྒྱལ་ཁབ་གཞན་དག་བདའ་འདེད་གཏོང་དགོས་ཀྱི་འདུག
རྒྱ་ནག་གི་གདུག་རྩུབ་གང་འདྲ་ཡིན་མིན་ང་ཚོར་རྒྱུས་མངའ་གསལ་བོ་ཡོད་པ་ལྟར། ད་ལྟ་མུན་ནག་གི་བཙོན་ཏུ་བཅུག་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ལ་ཉིན་འཁྱོལ་ན་མཚན་མི་འཁྱོལ་བ་དང་། བརྡུང་ནས་གསོད་ཀི་མེད་ན་ལྟོགས་ནས་འཆི་གི་ཡོད་པ་མཁྱེན་དགོས། ཁོང་ཚོས་དངོས་གནས་དམྱལ་བ་མི་ཡུལ་དུ་ཡོད་པའི་སྡུག་བསྔལ་འབའ་ཞིག་མྱོང་གིན་ཡོད་པས་ན་དེ་གཅིག་པུའི་ཐད་དུ་བྱེད་ཐབས་གསར་བ་འདྲ་ཨེ་ཡོད་ན།
གདམ་ཀ་བཞི་བ། གལ་སྲིད་ང་ཚོས་གོང་གསལ་དོན་དག་དག་ལས་གཞན་ཞིག་གདམ་ཚེ། (དཔེར་ན། མུ་མཐུད་དེ་བཙན་བྱོལ་གྱི་ལོ་ལྔ་བཅུའི་འཆར་གཞི་ལྟ་བུ་གདིང་ཚེ།) དངོས་གནས་དྲང་གནས་ལས་འགུལ་ཅི་ཞིག་སྤེལ་ཡང་དྲིལ་བསྒྲགས་མེད་པ་ཞིག་བྱ་དགོས་ཀྱི་འདུག སྤྱིར་བཏང་ནས་དྲིལ་བསྒྲགས་རིགས་དགོས་ཀྱི་མི་འདུག་ཞུ་མི་ཕོད་ཀྱང་། ང་ཚོས་དྲིལ་བསྒྲགས་རིགས་ནི་བོད་གཞིས་ཀྱི་འབར་ཆོག་ཆོག་གི་དམར་པོ་མེ་ལ་ས་སྣུམ་བྱུག་པ་ཙམ་ལས། དོན་ཐན་ལྡན་པའི་གྲུབ་འབྲས་ཤིག་འབྱུང་བར་རེ་བ་ཆེན་པོ་མེད་པ་ཟུར་བལྟས་ལེབ་མཐོང་ངོ་། །
གང་ལྟར། ང་ཚོས་ཛ་དྲག་གི་གནང་སྟངས་ལ་གཞིག་སྟེ་ལས་འགུལ་སྣ་གཅིག་དང་ཁ་ཕྱོགས་གཅིག་རང་གཏན་ལ་ཕབ་རྗེས། གཞུང་མང་ཚང་ནས་གནས་སྐབས་དེ་གཅིག་པུར་ནུས་པ་ཐོན་ཆེད་དུ་ཤུགས་རྒྱག་དགོས་ཀྱི་འདུག དེ་ལྟར་བྱས་ན་མ་མཐར་ཡང་ནུས་པ་ཁ་འཐོར་དུ་མི་འགྲོ་བའི་དགེ་ཕན་ཡོད་སྙམ།
ཛ་དྲག་གི་སྐབས་འདིར་མང་ཚོགས་ལ་བསྐུལ་དགོས་པའི་དོན་དག་འགའ།
༡༽ གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བྱེས་གྱར་བོད་མའི་ནུས་པ་ཕྱོགས་གཅིག་པུ་སྤུངས་ཐུབ་ཆེད། ད་ལོ་ནས་ལས་འགུལ་གང་འདྲ་ཞིག་ (དཔེར་ན་རང་བཙན་དང་དེ་ལས་གཞན།) སྤེལ་ཡང་མཉམ་རུབ་ཀྱིས་སྤེལ་དགོས་པ་དང་། གཞུང་གིས་སྣེ་ཁྲིད་དགོས། དེར་བརྟེན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་རུབ་བྱ་དགོས་ལ། ནུས་པ་ཁ་འཐོར་དུ་མི་འགྲོ་ཆེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རང་རང་ས་ནས་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱ་དགོས་པའི་བསྐུལ་མ་གནང་དགོས། དེ་བཞིན་དེའི་ཚབ་ཏུ་ལས་འགུལ་གོ་སྒྲིག་དང་ཚགས་ཚུད་ངང་སྤེལ་དགོས།
༢༽ ད་ལྟ་བོད་ནང་གི་གནས་ཚུལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་གྱིན་ཡོད་ལ། གསར་འབྱོར་བོད་མི་རེ་ཟུང་གི་བརྒྱུད་ལམ་དང་ (བོད་མིའི་སྒྲིག་འཛུགས་ཀྱི་གསང་བའི་བརྒྱུད་ལམ་) (ཚོགས་པ་རེ་འགའི་གསང་བའི་བརྒྱུད་ལམ་) བཅས་ལ་བརྟེན་ནས་བོད་ནང་གི་གནས་ཚུལ་འགའ་ཐོག་མར་བཙན་བྱོལ་བོད་མིའི་ལག་ཏུ་རེག་བཞིན་པ་དང་། དམ་དྲག་གི་དབང་གིས་རྒྱལ་སྤྱིའི་སྟེང་གི་གསར་ལམ་ཆེ་ཁག་ཏུ་གནས་ཚུལ་གང་ཡིན་ཡང་ཁ་ཐུག་ཏུ་རེག་ཁག་པོ་ཆགས་ཡོད། དེར་བརྟེན། བྱེས་གྱར་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག གསར་ཁང་ཁག མི་སྒེར་བ་བཅས་ལ་རེག་པའི་གནས་ཚུལ་གང་འདྲ་ཞིག་ཡིན་ཡང་ཐོག་མར་རྒྱལ་སྤྱིའི་གསར་ལམ་ཁག་ལ་བཏང་། དེའི་རྗེས་གཞི་ནས་བྱེས་གྱར་བོད་མའི་སྒྲིག་འཛུགས་དང་གསར་ལམ་ཁག་ལ་དགྲམ་ན། ཁྱབ་ཆེ་ཆུང་དང་ནུས་པ་ཐོན་མིན་གྱི་ཁྱད་པར་ཏན་ཏན་ཡོད།
༣༽ ཁ་སང་རེས་གཟའ་ཉི་མའི་ཉིན་གསར་འགོད་མཐུན་ཚོགས་ཀྱིས་ཛ་དྲག་ཐོག་གསར་འགོད་པ་རྣམས་ལ་བོད་ནས་གསར་གནས་ལེན་སྐབས། ཕར་ཕྱོགས་ནས་གནས་ཚུལ་མཁོ་གཏོང་བྱེད་མཁན་གྱི་མི་སྣའི་བདེ་འཇགས་ལ་ཡིད་གཟབ་དགོས་པའི་སྐོར་ནས་ཟབ་སྦྱོང་ཞིག་སྤྲད་ཡོད་ལ། ལོ་ཕྱི་ནང་འདིར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་ལས་འགུལ་དེ་ལྟ་བུ་ཐེངས་འགར་སྤེལ་ཡོད། ལས་འགུལ་འདི་གང་མགྱོགས་སྒོས་གཞུང་འབྲེལ་ཐོག་བྱེས་གྱར་བོད་མིའི་སྤྱི་ཚོགས་ཡོངས་ལ་སྤེལ་དགོས་པར་མ་ཟད། ལྷག་པར་དུ་བོད་ནང་ནས་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པའི་ཚོགས་སྡེ་དང་མི་མང་དཀྱུས་མ། (ཁ་གསལ་ནས་བཤད་ན། བརྒྱུད་ལམ་གྱི་དབང་གིས་འདིའི་ནང་དུ་གསར་འབྱོར་བ་མང་ཤོས་འདུ།) བཅས་ལ་ཡོངས་ཁྱབ་ཀྱིས་སྟེང་ནས་སྤེལ་དགོས།
༤༽ ང་ཚོས་ལོ་ལྟར་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད། ད་ལོ་ནི་དེ་བས་ཀྱང་ཚ་ཚ་འུར་འུར་གྱིས་སྲུང་གཙི་བྱ་དགོས་པའི་ལོ་ཞིག་ཡིན་དགོས། ཡིན་ནའང་། གསུམ་བཅུའི་དུས་དྲན་ཉིན་མོར་ལས་འགུལ་ཅི་སྤེལ་ཐད་གསང་བའི་ངང་ནས་གོ་སྒྲིག་བྱ་དགོས་ཀྱི་འདུག (གོང་ཞུས་ལྟར་བྱེས་ཀྱི་འགུལ་སྐྱོད་ཀྱིས་གཞིས་ལ་གནོད་སྐྱོན་མི་འབྱུང་བའི་ཆེད་ཁོ་ན་དང་། གཞིས་ལུས་སྤུན་ཟླའི་ཚེ་སྲོག་ལ་འགན་ཁུར་དགོས་སྟབས་ཡིན།)
ང་ཚོས་ལས་འགུལ་སྤེལ་དང་སྤེལ། གང་ཐུབ་ཐུབ་ཀྱིས་རྒྱ་ཆེན་པོ་དང་ནུས་པ་ལྡན་པ། མཇུག་འབྲས་ལེགས་པོ་ཡོང་བའི་ལས་འགུལ་སྤེལ་རྒྱུར་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱ་དགོས། ཡིན་ནའང་། ལས་འགུལ་སྤེལ་སྐབས་རང་ལ་མ་གཏོགས་ཡོངས་ཁྱབ་རང་བཞིན་གྱིས་བསྒྲགས་གཏམ་མི་སྤེལ་བ་དང་། སྔོན་ནས་ད་ལོ་ནི་ས་གཞི་ཡོམ་ཡོམ་འདར་གི་འཇུག་རྒྱུ་ཡིན་ཚུལ་དང་དགྲ་བོའི་སྙིང་ཁྲག་ཧུབ་ཀྱིས་བཞེས་རྒྱུ་ཡིན་ཚུལ་གྱི་བསྒྲགས་གཏམ་རིགས་མི་སྤེལ་རྒྱུར་ནན་སྐུལ་གནང་དགོས་ལ། བལྟས་ཚོད་ལ་ད་ལོར་བོད་བྱེས་སུ་ལྷིང་འཇགས་དང་ཞི་ལྷོད་ཡིན་པ་ལྟར་སྣང་དགོས།
(ང་ཚོས་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་ཐོག་མར་མཛད་སྒོ་འཚོགས། གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཁག་གི་གཏམ་བཤད་གནང་། དེ་ནས་གཞུང་འབྲེལ་མི་སྣ་རང་རང་སར་ལོག་སྟེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མགོ་ཁྲིད་འོག མི་མང་གིས་སོ་སོ་གནས་ཡུལ་གྱི་ས་གནས་དེ་གའི་རྫོང་དང་གྲོང་ཁྱེར་གྱི་ལས་ཁུངས་ཆེ་ཁག་གི་སྒོ་འགྲམ་བར་དུ་སྐད་འབོད་དང་ཞི་བའི་གོམ་བགྲོད་བྱས། དེ་རུ་སྐབས་རེར་རྒྱ་ནག་གི་རྒྱལ་དར་བསྲེགས་པ་དང་རྒྱ་ནག་སྲིད་འཛིན་གྱི་འདྲ་གཟུགས་བསྲེགས་པ་བཅས་བྱས་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མིས་གཏམ་བཤད་འདྲ་སྤེལ། ཡིག་ཆ་འདྲ་བཀྲམས། དེ་ལྟར་བྱས་རྗེས་གསུམ་བཅུའི་དུས་དྲན་ཉིན་གྱི་ལས་འགུལ་སྤེལ་གྲུབ་པ་རེད་ལ། ལོ་ལྔ་བཅུ་ལྷག་གི་རིང་ལ་ལས་འགུལ་སྤེལ་ཐབས་འདི་གཅིག་པུ་སྤྱད་པ་རེད། སྐབས་རེར་ཚོར་བ་རྣོ་མིན་དང་ཛ་དྲག་ཡིན་མིན་གྱི་ཁྱད་པར་རེ་མ་གཏོགས་སྤྱིར་བཏང་གཅིག་པ་གཅིག་རྐྱང་ཆགས་ཡོད། དེར་བརྟེན། ལས་འགུལ་སྤེལ་ཕྱོགས་འདིར་ཡང་བསྒྱུར་བ་གཏོང་དགོས་ཀྱི་འདུག་ལ། རྣམ་པ་གསར་བ་དང་ནུས་པ་ཐོན་པ། མང་ཚོགས་ལ་སྐུལ་སློང་གི་ནུས་པ་ཐོན་པ་ཞིག་ལ་བསྒྱུར་དགོས་ཀྱི་འདུག)
མཇུག་གི་ཁ་གསབ་ཚན་པ།
ཉེ་ཆར་བཀའ་ཤག་གིས་སྤེལ་བའི་གཏམ་བཤད་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་གཉིས་བསྡུར་ཏེ་བལྟས་དུས། ནུས་པ་ཐོན་མིན་དང་ཞིབ་ཚེགས་ལྡན་མིན། མཇུག་འབྲས་ལ་རེ་བ་ཡོད་མེད་ཀྱི་ཐད་ནས་ཅུང་ཙམ་ཁག་ཁག་རེད། རྩ་བའི་འདི་གཉིས་ཀྱི་གང་ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁང་པ་གཅིག་གི་གདུང་མ་མ་འདྲ་བ་གཉིས་ཡིན་པས་ཁྱད་པར་འབྱེད་སྟངས་མེད་ཀྱང་། ངས་འདི་ནས་ཞུ་འདོད་པ་ནི། བཀའ་ཁྲིས་དབུ་ཁྲིད་པའི་བཀའ་ཤག་ལྷན་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ལག་རྡང་སྤྲེལ་ཏེ། ད་ནི་ནུས་པ་ཏིལ་འབྲུ་ཙམ་ལས་འདོན་མ་ཐུབ་ཀྱང་མཉམ་དུ་སྤུངས་ཐུབ་པ་དང་། ཁ་འཐོར་དུ་མི་འགྲོ་བ། མཇུག་འབྲས་ཡོད་པ་ཞིག་ཡོང་རྒྱུར་བརྩོན་རོགས་ཞེས་ཞུ་བ་དེ་ཡིན།
ཞེས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡ ཉིན་ཨ་རིག་འགྱུར་མེད་ཀྱིས་གུས་པས་ཕུལ་ལོ། །
རྩོམ་པ་བོའི་མཆན།
འཕྲིན་ཡིག་འདི་དེ་རིང་བཀའ་དྲུང་ཡིག་ཚང་དུ་ཕུལ་ཟིན་པ་དང་།
སྐུ་སྒེར་ཡིག་ཚང་དང་ཚོགས་དྲུང་ལས་ཁུངས་གཉིས་ལ་ངོ་བཤུས་རེ་ཕུལ་ཡོད།
ཚིག་ཉོབ་མང་ཞིང་འགོ་འཇུག་གི་འགོ་ནི་འ་འགོ་ལས་མ་མགོ་མིན་པས་བཅས་ཀྱི་སྐྱོན་ཆ་དང་མ་སྨིན་པའི་བསམ་བློ་མང་པས་དོན་བདེན་གྱི་སྐད་ཆ་དཀོན། ནར་མ་སོན་པའི་སྐད་ཆ་རེད། སྐུ་མདུན་བོད་ལ་ཕེབས་པ་ཙམ་དང་རྒྱ་དང་སྐད་ཆ་བཤད་པ་ཙམ་གྱིས་བོད་ཀྱི་གནད་དོན་སེལ་སོང་བ་རེད་དམ། དེ་འདྲ་ཡིན་ན་རྒྱ་ནག་གིས་སྒྲུབ་རྒྱུ་སླ།
ཨ་རིག་ལགས། དཔྱད་གླེང་ནན་མོ་ཞིག་སྤེལ་འདུག། ཁྱེད་ཀྱིས་ཞེན་སྐུལ་ཚན་པ་བཞི་ཆར་ལེགས་ཆ་ལེན་རྒྱུ་གཏན་གཏན་འདུག། འོན་ཀྱང་གོང་ས་སྐྱབས་མགོན་རིན་པོ་ཆེ་ཕྱིར་རང་ཡུལ་བོད་དང་རྒྱ་ནག་ཕྱོགས་སུ་ཕེབས་རྒྱུར་བོད་མིའི་སྒྲིག་འཛུགས་སམ་ཡུལ་གྱར་བོད་རིགས་རྣམས་ཀྱིས་ནུས་ཤུགས་དང་སྐྱབས་མགོན་རིན་པོ་ཆེས་ཐུགས་རེ་ཇི་ཙམ་གནང་ཡང་རྒྱ་དམར་གྱིས་ཡ་ལེན་མ་སྤྲོད་ཚེ་ལག་པའི་ཡ་གཅིག་གིས་ལྡོག་པ་ལས་མ་འདས་པས་དབུ་མིའི་ལམ་དང་ཅིག་མཚུངས་རང་རེད། ཡིན་ཡང་འདི་འདྲ་བའི་བསམ་ཚུལ་མང་ཙམ་ང་ཚོའི་སྤྱི་ཚོགས་སུ་གླེང་དགོས་ཀྱིན་འདུག། མི་ལོ་ལྔ་བཅུ་ལྷག་གི་རིང་ང་ཚོས་བོད་དོན་གྱི་ལས་འགུལ་གྱི་ཁ་ཕྱོགས་དང་ཐབ་ལམ་ནི་རང་བཙན་དང་། དབུ་མའི་ལམ་སོགས་ཁ་གཡང་མི་འདྲ་བ་ཁ་ཤས་སྒྲོགས་ཡོད་ཀྱང་། ལས་དོན་གྱི་ངོ་བོ་ནི་ཁྲོམ་ལམ་གཡས་གཡོན་དུ་མར་མེའི་ཁྲོམ་སྐོར་དང་། ཞི་བའི་སྐད་འབོད། ཟས་བཅད་ངོ་རྒོལ། བསྔོ་སྨོན་མཆོད་འབུལ་ལྟར་བུ་གར་སྟབས་ཁ་ཤས་སྤྱོད་ནས་གོང་ས་མཆོག་ཅིག་པུར་རེ་བ་བཅོས་ནས་དེ་རིང་བར་དུ་འདས་པ་རེད། འོན་ཀྱང་ང་ཚོར་དགོས་དོན་ནི་ཐོབ་རྒྱུ་ཕར་ཟད། དེ་ལས་ལྡོག་སྟེ་ང་ཚོས་མི་འདོད་པའི་སྡུག་སྣ་དགུ་ལུས་ཀྱི་ཐོག་ཏུ་བབས་ནས་ཡོང་གིན་འདུག། མིའི་བསམ་བློ་དང་རེ་བ་ལ་རྟེན་ནས་བྱ་བའི་ལས་ལ་འབོད་དགོས་པ་ནི་རང་ཉིད་ནམ་འཚོ་བར་གྱི་འབྲས་བུར་དམིགས་པ་ཞིག་ཡིན་པས། མི་ལོ་ལྔ་བཅུ་ལྷག་ནི་མི་ཚེ་གཅིག་ལ་མཚོན་ན་དུས་ཡུན་ཐུང་ཐུང་ཞིག་རྩ་བ་ནས་མིན། དེའི་ཕྱིར་འདས་པའི་བྱ་བའི་འབྲས་མེད་ཀྱིས་མ་འོང་པར་བོད་དོན་གྱི་ཐབ་ལམ་མམ་བྱ་བའི་ཁ་྄པྱོགས་གསར་པ་ཞིག་ཏུ་སྒྱུར་རྒྱུ་དུས་ལས་མ་འདས་ན་ཡང་སྔ་མི་འདུག་བསམ་གིན། ཁྲིམས་ལུགས་ཁྱད་མཁས་པ་བཀའ་ཁྲི་མཆོག་གི་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མི་ཆོས་རིང་ལུགས་ལ་མཁས་པའི་གངས་ཅན་པ་དག་གིས་བོད་མིར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་སོགས་ཀྱི་དཀའ་ངལ་འདི་རྒྱལ་ཚོགས་དང་རང་དབང་ཅན་གྱི་རྒྱལ་སྤྱིའི་ཁྲིམས་སར་སླེབས་རྒྱུར་ནུས་ཤུགས་ག་རེ་སྤྱོད་དགོས་ཀྱིན་འདུག། ད་ལྟ་ང་ཚོར་ཡོད་བཞིན་པའི་ཤེས་ཡོན་ཅན་རྣམས་ཀྱིས་རྣམ་སྤྱོད་ག་རེ་སྟོན་དགོས་ཀྱིན་འདུག། འབྱོར་ལྡན་པ་རྣམས་ཀྱིས་འགྲོ་མགྲོན་ག་རེ་གཏངདགོས་ཀྱིན་འདུག། དཔལ་རྒོད་རྣམས་ཀྱིས་དཔལ་རྟགས་ག་རེ་ངོམས་དགོས་ཀྱིན་འདུག། སྨྱུག་ཐོག་པ་རྣམས་ཀྱིས་སྨྱུག་རྩེ་ག་རེར་གཏོད་དགོས་ཀྱིན་འདུག། མདོར་ན་རྩམ་ཟས་བོད་མི་ཡོད་དོ་ཅོག་གིས་གྲོད་པུ་ནང་རྩུབ་ཀྱི་བྱ་སྤྱོད་དེ་དོར་ནས་རང་ནུས་ཀྱིས་བོད་དོན་ག་རེ་གནང་རྒྱུ་འདུག་བློ་ཁ་ནང་དུ་སྐོར་ནས་ཐུགས་བསམ་བཞེས་དགོས་སོ།
ཨ་རིག་གི་བུ་ཆུང་ལགས། སྐུ་ཉིད་ཀྱིས་བསམ་ཚུལ་དངོས་མ་དང་སེམས་ཚོར་སྦྲགས་མ་ཞིག་བརྗོད་འདུག་པས་སྤྱིའི་ཆ་ནས་རྗེས་སུ་ཡི་རངས་ཡོད། ཡིན་ནའང་། ཁྱོད་ཀྱིས་རྩོམ་ཡིག་འདིའི་ནང་དུ་རང་སྲིད་རང་སྐྱོང་མ་ཐོབ་ཀྱང་སྐུ་སྒེར་ཡིག་ཚང་དང་སྐུ་ཚབ་ཚོགས་པའི་འགན་བབས་ཀྱི་སྟེང་ནས་༧གོང་ས་མཆོག་བོད་ནང་དུ་གདན་འདྲེན་ཞུ་དགོས་ལུགས་ཤིག་བརྗོད་འདུག དེ་ནི་དེ་འདྲའི་ལས་སླ་མོ་ཞིག་གང་ནས་ཡིན། གལ་སྲིད་༧གོང་ས་མཆོག་བོད་ནང་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་ཚེ་དེའི་མཇུག་འབྲས་རྒྱ་གཞུང་གིས་ཁུར་དགོས་པས་དེ་ཡང་བཤད་ཚོད་མི་ཐུབ་པ་ཞིག་རེད། རྩ་བའི་ཁྱོད་ཀྱི་བཤད་པ་དེ་བདེན་པ་རེད། གཞིས་ལུས་མི་མང་གི་མཐོང་འདོད་པ་༧གོང་ས་མཆོག་གི་སྐུ་གཟུགས་རེད་ལ། ཉན་འདོད་པ་ཁོང་གི་གསུང་སྐད་རེད། ཡིན་ནའང་། དེ་ནི་མི་ལོ་ལྔ་བཅུ་ལ་མ་འགྲུབ་པ་ཞིག་རེད། དེ་ལས་བཀའ་ཁྲི་མཆོག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ནང་གི་གནས་ཚུལ་དམར་རྗེན་མ་གཅིག་འཕྲོར་གཉིས་འཕྲོ་ངང་བསྐྱལ་རྒྱུ་དང་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ང་ནང་གི་སེར་རིལ་རེད་བསམ་ཀི་འདོད
ཨ་རིག་གི་རྩོམ་ཡིག་ཆ་ཚང་ཀློག་ཚར་བ་ཡིན། ཡག་པོ་འདུག བསམ་ཚུལ་འགའ་ཤས་འདུག་མོད། འོན་ཀྱང་སྤེལ་ཁོམས་མི་འདུག རྗེས་སུ་མཇལ་ཡོང་།
སྲོང་བཙན་སྒམ་པོས་སྐྱབས་བཅོལ་ཞུའམ།
དེ་རིང་གློ་བུར་དུ་སེམས་ཚོར་འདི་འདྲ་ཞིག་བྱུང་། དེང་སང་ཨ་རི་ན་བརྒྱ་ཆ་ ༩༩ དང་བརྒྱ་ཆ་ ༡ གི་བར་གྱི་ལས་འགུལ་ཞིག་སློང་བཞིན་འདུག ལས་འགུལ་དེ་ནི་ཕྱུག་པོ་དང་མི་དམངས་ཀྱི་བར་དུ་དབུལ་ཕྱུག་མ་མཉམ་པ་ལ་འབྲེལ་ནས་སླེབས་པ་ཞིག་རེད། དབུལ་ཕྱུག་མ་མཉམ་པ་འདི་དང་ངེད་ཀྱི་སེམས་ཚོར་གཉིས་ལ་འབྲེལ་བ་མེད། ངེད་ཀྱི་འབྲེལ་བ་ནི་གྲངས་ཀ་དེ་རེད། ངེད་ཀྱི་བསམ་ཚུལ་ལ། བོད་མི་བརྒྱ་ཆ་དགུ་བཅུ་ ༩༩ དང་བརྒྱ་ཆ་གཅིག་གི་འབྲེལ་བ་དེ་རེད། བརྒྱ་ཆ་གཅིག་དེ་བླ་མ་དཔོན་པོ་དེ་ཚོ་རེད། བརྒྱ་ཆ་དགུ་བཅུ་གོ་དགུ་ནི་བོད་ཀྱི་མི་དམངས་རེད། བོད་སིལ་བུར་འཐོར་པ་དེས་མ་འགྲིག་པ་ཡིན་ནམ། ས་སྐྱ་བླ་མས་ཀྱང་བོད་སྤྱི་འབངས་ལ་ཡི་གེ་བསྐུར་ནས་སོག་པོར་མགོ་བཏགས་ཞུ་བཅུག་པ་རེད། དེ་ནས་བརྩིས་ནས་ད་བར་དུ་བོད་ཀྱི་བླ་མ་དཔོན་པོ་དེ་ཚོ་མགོ་བཏགས་ཞུས་ནས་བསྡད་པ་རེད། མགོ་བཏགས་ཞུ་ས་ཡོད་ཚད་ལ་ཞུས་པ་རེད། མར་རྒྱ་ནག་གོང་མ་ལ་ཞུས་པ་རེད། སྟོད་རྒྱ་གར་ལ་ཞུས་པ་རེད། ད་རྒྱལ་སྤྱིའི་ནང་ལ་མགོ་བཏགས་ཞུས་ནས་ལོ་འདི་ཙམ་འགྲོ་གི་ཡོད་པ་རེད། བོད་མི་ས་ཡ་དྲུག་ནི་རང་ཡུལ་ན་ བཟང་ན་ སྡུག་ན་ མགོ་བཏགས་ཞུ་ས་མེད་ནས་བསྡད་ཡོད་པ་རེད། སྲོང་བཙན་སྒམ་པོ་དེ་རིང་ཡོད་པ་ཡིན་ན། ཁོང་གིས་མགོ་བཏགས་ཞུ་གི་ཡོད་ན། ངས་མི་ཤེས། ཁོང་གི་མཛད་པ་ལ་བལྟས་ན་མགོ་བཏགས་ཞུ་གི་མ་རེད། ཁོང་གིས་དགྲ་ཚུར་སླེབས་དུས་ཕར་ཚར་བཅད་པ་རེད། མི་དམངས་ཀྱང་ཁོང་གི་དབུ་འཁྲིད་འོག་ཤར་བསྐྱོད་བྱས་པ་རེད། ད་ནི་ཉེན་ཁ་གཞན་ཞིག་སླེབས་ཀྱི་འདུག དེ་ནི་བོད་ཀྱི་མཚན་མཐོང་དེ་བླ་མ་དཔོན་པོའི་ལག་ནས་ལོ་ངོ་སྟོང་གཅིག་ལ་འཁོར་བ་རེད། བླ་མ་དཔོན་པོའི་ཞབས་ཞུ་དེ་ཚོས་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་བསྐྱལ་བ་རེད། བརྒྱ་ཆ་ ༡ གི་དབུ་འཕང་མཐོ་ན་བརྒྱ་ཆ་ ༩༩ ཤི་ཡང་འགྱོད་པ་མེད་པ་རེད། ཁྱེད་ཀྱི་དགོངས་ཚུལ་བྱས་ན་སྲོང་བཙན་སྒམ་པོས་སྐྱབས་བཅོལ་ཞུའམ།
ཡ་ཨ་རིག་ནས་བསམ་ཚུལ་ཡག་པོ་གསུངས་འདུག་ཡི་རངས་ཡོད། ངོས་ཀྱི་བསམ་ཚུལ་ལ་ད་ལྟའི་བཀའ་ཁྲི་འདི་དེང་དུས་ཀྱི་ཤེས་ཡོན་བཟང་ཞིང་སྤོབས་པ་མཐོ་བ། དབྱིན་སྐད་མཁས་ཤིང་ཕྱི་འབྲེལ་ལ་བྱང་ཆུབ་པ་སོགས་གང་ཐད་ནས་ཆོལ་ཁ་དང་ཆོས་ལུགས་ཀྱིས་བསླད་པའི་གངས་སྐྱིད་ལས་ཁུངས་ནང་དུ་དཔོན་ཚུགས་སུ་མགོ་བོ་མ་འཁོར་བར། ཕྱི་ཕྱོགས་སུ་མང་ཙམ་ཕེབས་ནས་བོད་ཀྱི་བདེ་སྡུག་གི་གནས་སྟངས་འདི་འཛམ་གླིང་གི་སྡིང་ཆའི་སྒང་ལ་བསྐྱལ་ནས་བོད་ཀྱི་བང་ཆེན་ངོ་མ་ཞིག་བྱེད་རྒྱུའི་འབད་བརྩོན་བྱེད་དགོས་འདུག ལར་ནི་ང་ཚོའི་འདས་ཟིན་པའི་དབུ་མའི་ལམ་གྱི་འཇུག་འབྲས་ལའང་བསམ་བློ་ཞིག་ངེས་པར་གཏོང་དགོས་འདུག ངས་དབུ་མའི་ལམ་གྱིས་ཕན་ཐོག་གང་ཡང་བྱུང་ཡོད་མ་རེད་ཅེས་བཤད་ཀྱི་མེད་ཀྱང་། ང་ཚོའི་ཆབ་སྲིད་དེ་ཉིད་ཀྱང་རྒྱ་ནག་སྲིད་གཞུང་གི་རྔ་རྡུང་ལ་ལྟ་བཞིན་འཆམས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ། ད་ནི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་འདི་ཡི་མིང་ཐོག་ནས་ཆབ་སྲིད་ལངས་ཕྱོགས་གསལ་པོ་ཞིག་བཟུང་ནས་ལས་འགུལ་སྤེལ་བའི་སྐབས་མགོ་བཀའ་ཁྲི་ནས་དམའ་ཡིག་སྐྱེལ་ཚུན་གཞུང་དམངས་གཉིས་ཀ་ནས་ལས་འགུལ་རྡོག་ཏུ་དྲིལ་ནས་སྤེལ་དགོས་འདུག དེ་སྔ་ཕན་ཆོད་ཆབ་སྲིད་ཀྱི་ལས་འགུལ་གང་སྤེལ་བ་རྣམས་བོད་གཞུང་གི་བཀའ་སྐྱོན་གཟེད་བཞིན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་སྤེལ་བ་ལས་བོད་གཞུང་རང་ནས་སྤེལ་བ་ཧ་ཅང་ཉུང་ཉུང་རེད། ད་རེས་ང་ཚོའི་ལས་འགུལ་གྱི་ཁ་ཕྱོགས་དེ་ལོང་བས་ཤིག་ཟིན་པ་ལྟར་དུ་མ་སོང་བར་ཐབས་ལམ་མི་འདྲ་བའི་བརྒྱུད་ནས་འགྲོ་དགོས་འདུག་སྙམ།
བཀའ་བློན་ཁྲི་པ་མཆོག་ནས་༧ རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན་གསུང་བའི་དགོང་དོན་ངོ་མ་༧ རྒྱལ་བ་སྐུ་འཕྲེང་༡༣་པ་ཆེན་པོ་རྒྱ་གར་ནས་བོད་ལ་ཕྱིར་ཕེབས་གནང་བ་བཞིན་གསུང་ཡོད་པ་ལས། བོད་ལ་ཕེབས་པ་ཙམ་ལ་གོ་གི་མེད་སྙམ། རྒྱ་གཞུང་གི་དེ་སྔོན་ནས་༧གོངས་ས་མཆོག་ཀྲུང་གོར་ཕྱིར་ལོག་བྱེད་ན་གོ་གནས་སྤྲོད་རྒྱུ་སོག་བཤད་ཡོད་པ་རེད། བོད་མི་ཚོས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་རེ་བ་བྱེད་པ་ནི་རྒྱུ་མཚན་ཡང་དག་ཞིག་ཡོད་སྲིད།།
ཨ་རིག་གིས་བྲིས་པ་ཧ་ཅང་བཟང་།
རིག་པའི་བུ་ཟེར་བ་འདིས་ལུང་སྐམ་པོ་ཞིག་འཁྱེར་ནས་དག་པར་མ་དག་ཚུལ་བཤད་ཀྱིན་འདུག
མགོ་འཇུག་གི་མགོ་འགོ་འབྲི་བ་ནི་ཟེར་རྒྱུས་ཕོངས་པ་དག་དང་མ་དག་རྒྱུན་འབྱམས་ལ་གོམས་པ་དག་གིས་བྱས་པ་ཞིག་རེད། མགོ་འཇུག་གི་མགོ་རང་རེད། དེ་ལ་དོགས་པ་ཡོད་མ་རེད།
ཅང་མི་ཤེས་ན་ཁྱི་ཁ་ཚུམས།
འ་མགོ་མ་མགོ་གང་ཡིན་ན་ཡིན། བསམ་ཚུལ་གོ་རྒྱུ་ཡོད་པ། ཁ་ཞེ་གཉིས་མེད་ཀྱི་གཏམ། ལྷག་བསམ་དང་བག་ཡོད་ཀྱི་གཤིས་དང་མ་བྲལ་བ་ཞིག་གནང་འདུག་པར་རྒྱབ་སྐྱོར་དང་གུས་འདུད་ཡོད།
བསམ་ཚུལ་དངོས་དེ་གང་ཟག་སྒེར་གྱི་བསམ་ཚུལ་དང་ཡོངས་སུ་གཅིག་མཚུངས་ཡིན་པའི་ངེས་པ་མེད་ན་ཡང་། ཧ་ཅང་རིན་ཐང་ཅན་གྱི་དགོངས་ཚུལ་དུ་འདུག་སྙམ་པ་བྱུང་།
ཁོང་གིས་སེམས་ཁོངས་ནས་འབར་པའི་རེ་འབོད་ལ་ཡིད་སྨོན་ཞུ་གིན་ཡོད།འོན་ཀྱང་།རྡ་རམ་སའི་འཁོར་ཡུག་ཏུ་འོན་པ་དང་ལོང་པ་ཤིན་ཏུ་མང་བ་དང་ལྷ་སྒྲུང་བཤད་མཁན་དང་ཉན་མཁན་དེ་བས་མང་།
བཀའ་ཁྲི་ལགས་ཀྱིས་བཀའ་ཁྲིའི་འོས་གཞིའི་སྐབས་གསུངས་བའི་གསུང་བཤད་ཞིག་ངས་ད་རུང་དྲན་གིན་འདུག།ཁོང་གིས་གསུངས་དོན་ཉིས་སྟོང་བཅུ་གཉིས་ལོར་་ཨ་རི།་ཧྥ་རན་སི་དང་རྒྱ་དཀར་ནག་གཉིས་ལ་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་སྲིད་གཞུང་ལ་ཚོར་འཕོ་འགྱུར་འབྱུང་གི་ཡོད་པས།ཁོང་གིས་འདི་ཚོའི་འཕོ་འགྱུར་ལ་བརྟེན་ནས་བོད་མིའི་རེ་འདོད་མངོན་ཐུབ་པའི་རེ་བ་རྒྱག་གིན་ཡོད་དམ།
འཕོ་འགྱུར་དེ་དག་མ་བྱུང་བའི་སྔོན་ལ་བོད་ནང་གི་བོད་ཀྱི་དཔའ་པོ་དཔའ་མོ་ཚོས་རང་གི་གཅེས་པའི་ལུས་སྲོག་མར་མེ་སྒྲོན་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱིན་འདུག་པ་ལ་བསྔོ་སྨོན་དང་མར་མེ་ཁྲོམ་སྐོར་རེ་བྱས་པས་ག་ལ་ཆོག།བཀའ་ཁྲི་མཆོག་ནས་སྣེ་ཁྲིད་འོག་དམིགས་ཡུལ།བཀོད་སྒྲིག།དུས་ཡུན་ལྡན་པའི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་སྐད་འབོད་བརྒྱུད་འཛམ་གླིང་མགོ་ཁྲིདཚོར་སླར་ཡང་རེ་སྐུལ་ཞུ་འབོད་བྱ་རྒྱུ།
རྡ་རམ་སའི་བདེན་པ་དང་ལྷག་བསམ་བཤད་མཁན་རྣམས་ལ་གུས་པས་གདེངས་འཇོག་གུས་བརྩི་དང་ཡིན་ནའང་ཁོང་ཚོའི་སྐད་ཆ་དེ་ཚོ་རྡ་སའི་མི་མང་ཚོ་ལ་སུན་སྣང་འདུག་པའི་ཚོར་སྣང་བྱུང་གིན་ཡོད་ས་རེད།
ཡག་པོ་འདུག རྗེས་སུ་ཡི་རང་ཡོད་ལོ། མགུལ་བསྐྱོད་ཐེབ་པར་ཤོག དངོས་གནས་་་་་་ཕ་བཟང་བུ་ངོ་མ་མེད་གདའ།
གླུ་ཨ་ལ་ཐ་ལ་ཐ་ལ་རེད་
ཐ་ལ་ངག་གི་འགུག་ལུག་རེད་
གླུ་ཐ་ལ་མེ་ལེན་བཀའ་མེད་རེདྲ
གནའ་སྔ་མོ་སྔར་གྱི་དུས་ཚོད་།
བོད་ཆོས་ལྡན་ཞིང་གི་རྒྱལ་ཁམས་འདེར་།
རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས་།
འབངས་སྐར་ཚོགས་ཕྲ་མོས་ས་གཞི་ཁྱབས་།
སྐྱིད་ལོངས་སྤྱོད་གཉིས་ལ་རྫོག་མཐའ་མེད་།
ཕུ་ན་སྒོམ་ཆེན་གྲང་མེད་བཞུགས་།
ཉམ་རྟོགས་ཀྱི་མྱུ་གུ་རྒྱས་བཞིན་ཡོད་།
མདའ་ནས་ཡོན་བདག་གྲངས་མེད་བྱོན་།
ནོར་ལོངས་སྤྱོད་གང་འདོད་འཕུལ་ཞིན་ཡོད་།
དགོན་ཆེན་སྐར་ཚོགས་ལྷུངས་འདྲ་ཡོད་།
མགོན་ཆུང་ཙེས་ཙེས་གྲངས་མེད་ཡོད་།
དད་ལྡན་ཆུ་ཁའི་བྱེ་མ་བཞིན་
གྲངས་མང་བའི་དཔེ་ལ་འཇོག་ཐབས་མེད་།
ཆོས་ཡིག་དྲུག་རང་སྒྲ་འཁྲོལ་ཞིན་ཡོད་།
བདེ་སྐྱེད་ལྷ་དང་མཉམ་བཞིན་ཡོད་།
དུས་དེང་སང་ཡིན་པས་དུས་ཚོད་ལ་།
བོད་ཆོལ་གསུམ་རྒྱ་འདྲེས་དབང་དུ་བསྡུས།་།
སྐྱེས་པའི་མི་རྣམས་མཚོན་གྱི་བསད་
བསགས་པའི་རྒྱུ་ནོར་དཔུང་གིས་འཕྲོགས་།
བཞེངས་པའི་ལྷ་རྟེན་ཐང་ལ་གཡུགས་
ཆོས་བྱེད་སྐྱེ་བུ་བཙོན་དུ་བཟུང་།
ཡིད་དམུག་ལེ་ཨེ་ཤེས་བཙན་བྱོལ་བ་།
སེམ་འདུག་ལེ་ཨེ་འཚོར་སྤུན་ཟླ་རྣམ་།
ད་དེ་མུར་སྡོད་ཐབས་ཨེ་ཡོད་ལགས་།
གནའ་མིའི་བོད་ཀྱི་གཏམ་དཔེ་ལ་
ཕོ་རྒོད་པོའི་རྒྱབ་ལ་སྤུང་གཅིག་དགོས་།
སྤུང་མེད་ན་སྡར་མ་ཆུ་གློད་རེད་།
ཟེར་བ་འཇིགས་རྟེན་དཔེར་ཡོད་།
ད་ར་རྡ་ཡོད་ན་རྒྱུག་རེན་འདུག་།
རྒྱབ་སྣོན་ཡོད་ན་འགྲོ་རེན་འདུག་
རེན་པས་མི་ཚད་ཕྱེད་ནས་འདུག་
བཀུར་འོས་པའི་དྲ་གྲོགས་ཚོ། ཁམས་བཟང་།
ང་ལ་མཚོན་ན་ངས་རང་ནུས་ཡོད་དགུ་བཏོན་ཡང་འདི་ཙམ་ལས་འཇོན་པ་མི་འདུག ཡི་གེ་འདི་གཅིག་པུར་ཡང་བསམ་གཞིག་གང་མང་བགྱིས་མྱོང་བའི་ཁུལ་ཡིན། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཡང་དེའི་ཚོད་ཀྱིས་ཤེས་ལྡན་མི་སྣ་གང་འཚམ་ཡོད་སྟབས། ཚང་མས་འདི་ལྟར་རང་རང་གི་ནུས་པ་ཕྱོགས་གཅིག་ལ་སྤུངས་ན། འདི་ལས་ལྷག་པའི་བྱེད་ཐབས་གསར་བ་དང་གསར་བཏོད་སྣ་ཚོགས་བྱ་ཐུབ་པར་བདག་གིས་ཡིད་ཆེས་བྱེད་ལ། དེ་ལྟར་ཕྱིར་མངོན་ཡོང་རྒྱུར་བདག་གིས་རེ་ཞིང་བསྒུགས་ཡོད།
དེ་མིན་རིག་པའི་བུས་བཤད་པ་ལྟར། ༸གོང་ས་མཆོག་བོད་ལ་ཕེབས་པ་ཙམ་གྱིས་བོད་དོན་སེལ་ཐུབ་དང་མི་ཐུབ་ཀྱི་སྐད་ཆ་དེ་རེད། དེ་ལ་ངས་ཀྱང་བསམ་གཞིག་མང་དུ་བྱས་པ་ཡིན། ༸གོང་ས་མཆོག་བོད་ལ་ཕེབས་རྒྱུ་ནི་གཞིས་ལུས་བོད་མིའི་མི་ལོ་ལྔ་བཅུ་ལྷག་གི་རིང་གི་རེ་སྒུག་དང་མངོན་འདོད་རེད། ཁོང་གིས་ཀྱང་ཐུགས་རེ་རེད། དེར་བརྟེན་ངས་ང་ཚོས་འདི་གཅིག་པུའི་ཆེད་དུ་ཤུགས་རྒྱག་དགོས་པ་རེད་ཟེར་གྱིན་ཡོད། དེ་ནི་ལྷ་ངོ་མི་ངོ་འཕྲོད་པ་དང་གཞིས་ཀྱི་གཤིན་པོའི་ཁ་ཆེམས་དང་གསོན་པོའི་རེ་བ་འགྲུབ་པའི་ཆེད་དུ་རེད། ལྷག་པར་དུ་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ནི་བོད་བྱེས་ཀྱི་ད་ལྟའི་འགན་འཁྲི་ཉག་གཅིག་ཏུ་ཁོ་བོས་མཐོང་གི་ཡོད་ལ། དེ་འགྲུབ་རྗེས་གནད་དོན་མང་བོ་ཞིག་རང་བཞིན་གྱིས་ཐག་གཅོད་འབྱུང་གི་རེད།
དེ་ནི་ཁང་ཆེན་ཞིག་གི་ནང་དུ་འཛུལ་ཆེད་ཁང་ཆེན་དེའི་སྒོ་ལྕགས་ཕྱེས་པ་ལྟ་བུ་རེད། ཐོག་མར་ནང་དུ་འཛུལ་རྒྱུ་གལ་ཆེན་པོ་རེད། སྒོ་ལྕགས་འབྱེད་མ་ཐུབ་པའི་སྔོན་དེར་ནང་དུ་སོང་སྟེ་ཅི་ཞིག་བྱ་མིན་ལ་སེམས་ཁུར་བྱེད་པ་ནི་ལྐུགས་རྟགས་རང་རེད།
གང་ལྟར་ཡང་། གོང་ཞུས་ལྟར་འདི་ནི་ངས་རང་གིས་གང་འཇོན་པ་དེ་ཡིན་པ་ལས། ངེས་པར་དུ་འདི་ལྟ་བུ་ཞིག་ཡིན་དགོས་པའི་ལྟ་བ་ནི་ནམ་ཡང་སྐྱོང་གི་མེད། ལྷག་པར་དུ་གོང་ནས་མང་མང་གིས་དངོས་གནས་ཉན་ལ་ལེན་རྒྱུ་ཡོད་པ་དང་ཀློག་ན་བསམ་རྒྱུ་ཡོད་པའི་གནས་ལུགས་གང་མང་ཞིག་འཆད་འདུག་པར་དགའ་ཞིང་སྤྲོ་ཡོད། ཐུགས་རྗེ་ཆེ་ཞུ་གིན་ཡོད། ཚང་མ་མཉམ་དུ་ཕེབས་ཤོག གཞིས་ལུས་སྤུན་ཟླའི་བདེ་སྡུག་གི་ཆེད་དུ།
ཨ་རིག་གི་བསམ་ཚུལ་ལ་ངོས་ནས་རྒྱབ་སྐྱོར་གཙང་མ་ཡོད་ད་དུང་ལེགས་སྤེལ་ཉེས་འགོགས། གསར་གཏོད་ཡར་རྒྱས་སོགས་གང་འདྲ་དགོས་འདུག་དཔྱད་པ་ནན་མོ་གནོང་ནས་དྲན་ཚད་དྲ་ལམ་དུ་གཏོང་ཤོག
༄། འ་འགོ་མ་མགོ་མི་ཤེས་པ་ཙམ་གྱི་ཁྱི་ཁ་ཚུམས་དགོས་དོན་གང་ཡིན་ནམ་
ཨ་རིག་འགྱུར་མེད་ལགས། ཁྱེད་ཀྱི་རྩོམ་ཡིག་ཞུབ་མོར་ཐེངས་གཅིག་ཀློགས་རྗེས་སུ་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ་བསམ་བློ་འདི་ལྟར་འཁོར་བྱུང། ཉིད་ཀྱི་ལྟ་ཚུལ་འགའ་ཤེས་ཞིག་ང་ལ་མཚོན་ན་ད་ལྟའི་ང་ཚོའི་ཁོར་ཡུག་ལས་བརྒལ་པའི་ལྟ་ཚུལ་ཞིག་ཡིན་པར་འདོད། དཔེར་ན་༧གོང་ས་མཆོག་གཅིག་པོ་བོད་ལ་ཕེབས་རྒྱུར་ནུས་བ་མཉམ་འདོན་བྱེད་རྒྱུ་དང་་་བཀའ་ཁྲིའི་འགོ་ཁྲིད་དེ་གོམ་བགྲོད་བྱེད་རྒྱུ་དང་དབུ་མའི་ལམ་ལ་བསྐྱར་ཞུབ་བྱེད་རྒྱུ་༧གོང་ས་བོད་ལ་ཕེབས་རྒྱུར་སྐུ་སྒེར་དང་གཞུང་ཐད་ནས་རྒྱ་ནག་ལ་ཐད་གར་འབྲེལ་བ་བྱེད་རྒྱུ་སོགས་ནི་ད་ལྟའི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ལས་བརྒལ་འདུག་སྙམ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དབུ་མའི་ལམ་ལ་བསྐྱར་ཞུབ་བྱེད་རྒྱུའི་བློ་སྟོབས་ང་ཚོའི་གཞུང་ལའང་མེད་པ་མ་ཟད་བསྐྱར་ཞུབ་གཏོང་ཐུབ་མཁན་ཡང་མེད།
དེ་མཚུངས་རྒྱ་ནག་ལའང་༧གོང་ས་མཆོག་བོད་ལ་ཕེབས་བསུ་ཞུ་རྒྱུའི་བློ་ཁོག་མེད་པ་མ་ཟད་དེ་དོན་གྲོས་མོད་ཡང་བྱེད་མི་སྲིད། བྱེས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ན་གཞིགས་སུ་འབར་འབར་ཆོག་ཆོག་གི་དཔའ་བོ་དག་གི་ལུས་སྟེང་ལ་མེ་རྟག་ཅིག་བགོ་དོགས་ནི་ངོས་ལེན་མེད་་་དེ་ནི་ཕྱོགས་གཅིག་ནས་བཤད་ན་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་པ་དང་གཅིག་པ་རེད།། དོན་ངོ་མ་ང་ཚོས་ཀུང་ཁྲན་ཏང་ལ་འཐབས་འཛིངས་ག་འདྲ་བྱེད་དགོས་བ་དེ་ཆགས་ཡོད། ང་ཚོས་ནམ་ཡང་ང་ཚོ་ལ་བདེན་པ་ཡོད་གཅིག་པོ་བཤད་ནས་མི་འགྲིག་ག་སུས་ཀྱང་ཤེས་ན་ཆོག། ད་ལྟ་ང་ཚོས་རྒྱ་ནག་མཉམ་ཏུ་རྒྱག་བཞིན་པའི་དམག་འཁྲིགས་ནི་མཁའ་དམག་་་གནམ་དམག་རྐང་དམག་གང་ཡང་མིན་་་་དེ་ནི་ཁ་དམག་ཁོ་ན་ཡིན་་་ཁ་དམག་རྒྱག་རྒྱུ་ནི་དྲིལ་བསྒྲགས་ལས་གཞན་མེད་་་་་་་་་
ཨ་རིག་འགྱུར་མེད་ཁྱེད་མི་བུ་སྒལ་ཚིགས་ཅན་ཅིག་རེད་འདུག
གང་ལྟར་འ་རིག་འདི་ངོ་མ་གླེན་པ་རེད་ཡ།
བསམ་ཚུལ་མཐུན་མིན་ཅུང་ཙམ་ཡོད་ཀྱང་། ཆོད་སེམས་དང་ལ་རྒྱ་འདིར་གུས་འདུད་ཞུ།
དྲིལ་བསྒྲགས་དྲིལ་བསྒྲགས། ང་ཚོས་ཅིའི་ཕྱིར་སྔུན་ལ་ལས་འགུལ་སྤེལ། གྲུབ་འབྲས་ཐོན་པ་བྱས། དེ་ནས་དྲིལ་བསྒྲགས་བྱས་ན་མ་ཆོག་པ་རེད་དམ།
ངས་དཔེ་ཞིག་འཇོག ཉིས་སྟོང་བརྒྱད་ལོའི་ཨོ་རྩལ་འགྲན་ཚོགས་སྐབས་བོད་རང་དབང་སློབ་ཕྲུག་ཚོགས་པས་པེ་ཅིན་ནས་སྤེལ་བའི་ལས་འགུལ་འགར། ཐོག་མར་ལས་འགུལ་སྤེལ། ལས་འགུལ་མ་སྤེལ་བའི་སྔོན་དུ་གསང་བའི་ངང་ནས་གསར་འགོད་པ་བསྐོ་འཇོག་དང་ངང་སྒུག་བྱེད་དུ་བཅུག དེ་བཞིན་ཁོང་ཚོ་རང་ཉིད་ལའང་ལས་འགུལ་སྤེལ་མཁན་དང་གནས་ཚུལ་འགོད་མཁན་གཉི་ག་གོ་སྒྲིག་བྱས། ལས་འགུལ་སྤེལ་མ་ཐག་ནས་བཟུང་དྲིལ་བསྒྲགས་ཀྱི་མགོ་བཙུགས། གྲུབ་འབྲས་ཐོན་རྗེས་ད་གཟོད་ཁྲོམ་ལ་བུད་ནས་དེའི་སྐོར་ནས་རྒྱབ་ལྗོངས་ཀྱི་གནས་སྟངས་ངོ་སྤྲོད་བྱས། དངོས་གནས་ཡག་པོ་མ་རེད་དམ།
ཡང་ལྡོག་འཕྲོས་ཀྱི་བཤད་ན། ལོ་དེར་ཚོགས་པ་ཁག་ལྔས་ངྷ་ས་ནས་ལྷ་ས་བར་གྱི་གོམ་བགྲོད་དང་། མི་མང་ཉིས་ཁྲི་ལྷག་ལྡི་ལིར་འཛོམས་ཏེ་ངོ་རྒོལ་བྱས་པ་གཉིས་རེད། ལས་འགུལ་མ་སྤེལ་བའི་སྔོན་དུ་ཅི་འདྲའི་དྲིལ་བསྒྲགས་ཤིག་སྤེལ་མ་སོང་ངམ། དེ་འདྲ་རེད།
མཇུག་ཏུ་ནན་སྐུལ་ཞིག་བྱེད། ངས་དྲིལ་བསྒྲགས་དགོས་ཀྱི་མི་འདུག་ནམ་ཡང་བརྗོད་མེད། དྲིལ་བསྒྲགས་དགོས་ཀྱང་ཐོག་མར་ལས་འགུལ་སྤེལ་བ་དང་། ཡང་ན་ལས་འགུལ་སྤེལ་རང་ལ་དྲིལ་བསྒྲགས་བྱེད་པ་ལས་ཐོག་མ་ནས་ད་ལོར་ས་གཞི་ཡོམ་ཡོམ་འདར་གི་འཇུག་རྒྱུ་ཡིན་ཚུལ་དང་། དགྲ་བོའི་སྙིང་ཁྲག་ཧུབ་ཀྱིས་བཞེས་རྒྱུ་ཡིན་ཚུལ་མ་སྒྲོག་ཟེར་གི་ཡོད། ད་ཨེ་གོ་ཐལ།
ཨ་འགྱུར་ལགས། ངས་ནམ་ཡང་མི་ཚོར་ཁོར་ཡུག་ལས་བརྒལ་པའི་སྐད་ཆ་ནི་གཤོགས་པ་མེད་པར་གནམ་ལ་འཕུར་འདོད་ཀྱི་སྟོང་བསམ་རེད་ཟེར་གྱིན་ཡོད། ལས་འགུལ་ལ་རྣམ་གྲངས་མང་པོ་ཞིག་ཡོད་པར་ངེས་ཀྱང། དེ་ལ་མདོར་བསྡུས་ན་གསང་པའི་སྒོ་ནས་སྤེལ་དགོས་པའི་ལས་འགུལ་དང་གངས་མི་དགོས་པར་སྤེལ་ཆོག་པའི་ལས་འགུལ་གཉིས་ཡོད། རང་དབང་སློབ་ཕྲུག་ཚོགས་པའི་པེ་ཅན་ཏུ་སྤེལ་པའི་ལས་འགུལ་ནི་སྔ་མ་དེ་རེད། དེ་ནི་ལས་འགུལ་སྤེལ་ས་རྒྱ་ནག་ནང་ཡིན་པས་རེད། དེ་མིན་དཔེར་ན་ད་ལོ་ཕྷ་རེ་སི་ནས་རྒྱལ་སྤྱིའི་ཚོང་དོན་ཚོགས་འདུ་འཚོགས་སྐབས་སུ་སྤེལ་པའི་ལས་འགུལ་དཔེར་ན་ཚོགས་ཁང་གི་མདུན་ཏུ་ཡོད་པའི་ཁང་བརྩེགས་མཐོན་པོ་དེ་འདྲའི་སྒང་དུ་འཕྲེད་དར་ཕྱར་རྒྱུ་སོགས་ནི་གསང་པའི་སྒོ་ནས་སྤེལ་དགོས་་་རྒྱུ་མཚན་་་ཡུལ་ཁྲིམས་དང་མཐུན་གྱི་མེད་་་
གཞུང་འབྲེལ་གྱི་ལས་འགུལ་གང་ཞིག་ཡིན་ན་ཡུལ་ཁྲིམས་དང་མཐུན་པ་གཞིར་བཞག་སྤེལ་གྱིན་ཡོད་པས་ན་སྔ་ས་ནས་དྲིལ་བསྒྲགས་བྱས་ན་ཉེས་སྐྱོན་གང་ཡང་མེད། དེ་ནི་སྤྱིར་བཏང་ཞིག་རེད། འོ་ན་གཞུང་འབྲེལ་གྱིས་གསང་པའི་སྒོ་ནས་ལས་འགུལ་སྤེལ་རྒྱུ་ཡོད་དམ་ཟེར་ན་དེ་ནི་ཡོད་སྲིད་་་་འོན་ཀྱང་གཞུང་འབྲེལ་གྱིས་སྤེལ་བ་ཡིན་ཟེར་ནས་ནམ་ཡང་བསྒྲགས་མི་སྲིད། དཔེར་ན་རྒྱལ་ཁབ་ཀྱི་མཐའ་མཚམས་བརྒལ་ཏེ་གསང་ཉུལ་བ་གཏོང་རྒྱུ་ལས་མཚོན་པའི་ལས་འགུལ་མང་པོ་ཞིག་ཡོད་སྲིད་པས་དེ་དོན་བཤད་དགོས་མ་མཐོང། ལས་འགུལ་གྱི་གྲུབ་འབྲས་ཟེར་བ་ནི་མདོར་ན་མི་དམངས་ཀྱིས་སྟོབས་ཤུགས་དང་དྲིལ་བསྒྲགས་ཀྱི་ནུས་བ་ལ་རེག་ལས་ཡོད་པར་འདོད་་་་་ད་གོ་ཡོད་ལ
ངས་ཤར་ནས་ཉི་མ་འཆར་གི་རེད་ལབ་པ་ཡིན། ཁྱོད་ཀྱིས་ནུབ་ནས་ཉི་མ་ནུབ་ཀི་རེད་ཟེར། ངས་དཔྱིད་ཀར་རྩྭ་སྐྱེ་གི་རེད་ལབ། ཁྱོད་སྟོན་ཁར་རྩྭ་སྐམ་གི་རེད་ཟེར། དོན་ངོ་མར་གཉིས་ཀ་བདེན་གི ཡིན་ནའང་། མཉམ་འཇོག་དགོས་ས་ནི་དུས་ཚིགས་དང་ཤར་ནུབ་གཉིས་མི་འདྲ་བ་དེ་རེད། དེར་བརྟེན་རྩོད་རྒྱུ་ཅང་མི་འདུག
རེད་རེད་ད་འུ་གཉིས་ཀྱི་བཤད་མཚམས་འདི་ནས་འཇོག་་་ངོ་མ་བཤད་ན་ཡ་ང་པའི་ལོ་ཟླ་འདི་དག་ཁྲོད་སྤུན་ཟླ་ཚོའི་བགོད་ཆགས་མཐོང་དུས་་་ཤ་གཞུས་ན་རུས་གཟུར་ཟེར་བ་བཞིན་་་རྨ་ཁ་མེད་ཀྱང་ན་ཟུག་ཆེ་གི། དེ་བས་ངས་ཀྱང་རང་ཉིད་གནས་སྡོད་བྱེད་སའི་ཉེ་འཁོར་གྱི་མི་ཆེན་དཔོན་ཆེན་ཚོར་ལས་འགུལ་སྤེལ་ཕྱོགས་ཐད་འབོད་བསྐུལ་དོན་ཚན་བདུན་ཕུལ་བ་ཡིན། ངས་ཁྱོད་ཞར་དང་ཞོར་ནས་ཅིག་བཤད་ལ་འཇོག་
༡ གསར་འགྱུར་བརྒྱུད་ལམ་གང་མང་ཀྱི་གསར་འགོད་པ་སྐད་གཏོང་རྒྱུ།
༢ ཉམས་མྱོངས་དང་ཤེས་ཡོན་ལྡན་པའི་བོད་པ་ཞིག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལས་མཚོན་པའི་དམིགས་བསལ་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་མི་ག་ཚོད་ཞིག་གི་ཚེ་སྲོག་ཤོར་ཡོད་མེད་དང་ག་ཚོད་ཞིག་བཙོན་ཏུ་ཡོད་མེད་ད་དུང་དྲག་གནོན་དམར་གསོད་ཉིན་རེ་བཞིན་བྱེད་བཞིན་པ་ངོ་སྤྲོད་བྱེད་རྒྱུ།
༣ དབྱིན་ཇིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་གྲགས་ཆེན་གང་མང་ལས་འགུལ་ཁྲོད་མཉམ་ཞུགས་བྱས་ཏེ་གཏམ་བཤད་གནང་རྒྱུའི་འབོད་བསྐུལ།
༤ བླ་མ་བཟོད་པ་ལགས་ཀྱི་ཞལ་ཆེམས་དབྱིན་བོད་གཉིས་ཀྱི་སྐད་ནང་བསྒྲགས་འདོད་བྱེད་རྒྱུ།
༥ བླ་མ་བཟོད་པའི་ཞལ་ཆེམས་གཙོའི་དཔའ་བོ་དཔའ་མོ་ཚོས་འབོད་ཚིག་དང་་ཁོང་ཚོའི་མིང་དང་ལོ་ཚད་འདྲ་པར་སོགས་་རྒྱ་ནག་གཞུང་ཚབ་གཙོ་བྱས་ཏེ་་་མནའ་འབྲེལ་རྒྱལ་ཚོགས་དང་དབྱིན་ཇིའི་གྲོས་ཚོགས་ལ་འབུལ་རྒྱུ།
༦ མི་མང་ལ་སྔ་ས་ནས་བརྡ་སྤྲད་དེ་་་བོད་རིགས་ཚང་མ་ངེས་པར་ཕེབས་དགོསཔའི་བཀའ་བརྡ་གཏོང་རྒྱུ།
༧ བོད་མི་ཚོའི་བོད་ལྭ་གཙང་མ་གྱོན་ཏེ་ཕེབས་རྒྱུ་དང་ངར་ཤུགས་ཆེན་པོ་ངང་སྐད་འབོད་བྱེད་རྒྱུ།
ང་ལྟ་བུའི་མི་ཆུང་ཞིག་གིས་འབོད་བསྐུལ་ལ་ཁ་ཡ་ཙམ་ཡང་མི་བྱེད་པ་ཁོང་ཚོའི་ལུས་སེམས་ལ་འབྱར་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཡིན་པ་ཤེས་ཀྱང་་་་སེམས་ནང་གང་ཡོད་མ་བཤད་ན་ནད་ཀྱི་ལོག་ཉེན་འདུག་པས་འབོད་བསྐུལ་ཞིག་ཞུས་པ་ཡིན་་་་་་་གང་ལྟར་ཁྱོད་ཡང་འདི་མཚུངས་ལོས་ཡིན་འདོད་གིས་་་
ཚིག་གི་སྦྱོར་སྟངས་ལ་བལྟས་ན་སྙན་མོ་དེ་ཙམ་མི་འདུག་ནའང། ཤེད་བདག་རང་ཉིད་ཀྱི་ངོས་ནས་ཕྱི་གསལ་ནང་གསལ་ཡིན་པས་སྐྱོན་ཞིག་ཅི་ལ་འདོགས། ལྷག་དོན་བོད་ཀྱི་སྲིན་བློན་ལ་དྲན་བསྐུལ་བཏང་བ་ཞིག་ལས་སྐྱོན་བརྗོད་བྱས་པ་མིན་འདུག་ན། དེ་བས་ཀྱང་རིན་ཐང་ཆེ། རྡོག་རྩ་ཆིག་སྒྲིལ་དང་། རང་མགོ་རང་ཐོན། གསར་གཏོད་མདུན་སྐྱོད་སོགས་བྱེད་རྒྱུ་ཡོད་ན་འཕྱི་མེད་ན་སྔ་མེད་པ་དངོས་ཡོད་རེད། ང་ཚོ་ལྟ་བུ་རེ་ཟུང་རེས་ཀི་ཤར་རྐྱང་རྐྱང་བཏབས་ནས་བརྒྱུག་ནའང་གྲོངས་ཁྱེར་གཅིག་འདྲོགས་འགོ་སློང་མི་ཐུབ། སྲིན་བློན་གྱི་ལས་བྱའི་གཙོ་བོ་ལ་རིངས་བར་ཕྱག་ཡ་ཞིག་བརྐྱང་ན་བསམ་སྟེ་སྒུག་བསྡད་ཡོད།