རེབ་གོང་ཤེས་རབ།
བོད་ནང་རང་ལུས་མེར་བསྲེགས་བྱུང་བའི་གནས་ཚུལ་རྒྱ་ནག་གིས་སྦས་སྐུང་མ་ཐུབ་པས། གནས་ཚུལ་དེ་རིགས་ཕྱི་ཕྱོགས་ནས་རྒྱུད་སྐུལ་དང་མགོ་བསྐོར་འོག་ཚུད་རབ་ཀྱི་སྐད་ཆ་དག་བོད་ལྗོངས་རླུང་འཕྲིན་ཁང་ཟེར་བ་ནས་མཚོ་སྔོན་རླུང་འཕྲིན་ཁང་གི་བར་དུ་ཁྱབ་ཡོད། སྤྱིར་བཏང་བོད་ཀྱི་ལྷ་ས་ནས་ཨ་མདོར་མ་ཐོན་པའི་རྒྱ་ནག་གི་བོད་ཐོག་སྤེལ་བའི་བསྒྲགས་གཏམ་ཡོད་ལ། དེ་བཞིན་ཨ་མདོ་ནས་ལྷ་སར་མི་གཏོང་བའི་གནས་ཚུལ་དང་གསར་འགྱུར་སྣ་ཚོགས་འབྱུང་གི་ཡོད། དེ་དག་ནི་རྒྱ་ནག་གི་དྲག་མཚོན་གྱིས་བརྟན་བརླིང་སྲུང་སྐྱོབ་ཐད་ཀྱི་ཚོད་བགམ་ཡིན་པར་ངོས་འཛིན་ཞུས་ན་ཆོག་མོད།
ཉེ་བའི་འཆར་མདོ་སྨད་ཀྱི་ས་ཁུལ་ཁ་ཤས་ནས་བླ་སྤྲུལ་ཁ་ཤས་བཙན་གྱིས་ལྗོངས་རྒྱུར་ཁྲིད་ཡོད་ཅིང་། སྐབས་དེར་ཁོང་ཚོར་རང་རྒྱལ་གྱི་འཛུགས་བསྐྲུན་དང་རིག་གནས་ཀྱི་དཔལ་ཡོན་རོལ་མྱོང་བྱ་ཐུབ་རྒྱུའི་ཡག་བཤད་བྱས་འདུག རྒྱ་ནག་གི་གྲོང་ཁྱེར་ཁ་ཤས་ནང་ལྟ་སྐོར་ཕྱིན་ནས་ཕྱིར་ཕེབས་འཕྲལ། བླ་སྤྲུལ་ཚོར་བཙན་གྱིས་བོད་དུ་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་ཐད་རྒྱ་ནག་གི་རྫུན་གཏམ་དང་མཐུན་པའི་གསུང་བཤད་གནང་རྒྱུར་བཙན་འགེལ་བྱས་ཡོད་འདུག་ལ། གསུང་བཤད་ནང་རང་ལུས་མེར་བསྲེགས་ནི་ཆོས་ཀྱི་དགོངས་དོན་དང་འགལ་ཞིང་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་མིན་པ། དེ་བཞིན་ཕྱི་ཕྱོགས་ནས་སྤྱི་ཚོགས་གཏོར་བཤིག་གཏོང་བའི་འཆར་ཇུས་སིམ་འཛུལ་བྱེད་ཀྱི་ཡོད་ཚུལ་སོགས་བཤད་དགོས་རྒྱུའི་དམ་བསྒྲགས་གནང་འདུག
དེ་རིང་སང་ཉིན་བོད་མི་ཡོངས་སུ་རྫོགས་པ་བློ་ཕམ་མྱ་ངན་ཆེན་པོའི་ནང་ཚུད་ནས་ཡོད་སྐབས། བླ་སྤྲུལ་རྣམ་པ་དེ་དག་ལ་དེ་ལྟའི་དགོངས་ཚུལ་ཡོང་ཤེས་ཀྱི་མེད་ཀྱང་། ཁོང་ཚོར་བཙན་འགེལ་བྱས་པའི་བསམ་ཚུལ་རྣམས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གསར་འགྱུར་མེ་ལོང་ཚན་པར་དེ་རིང་ནས་བཙན་གྱིས་སྤྱི་བསྒྲགས་བྱེད་དུ་བཅུག་ཡོད། གཡོ་ཇུས་དེ་ཙམ་གྱིས་བོད་མི་རྣམས་མུན་པའི་ནང་འདྲེན་མི་ཐུབ་ལ། དེ་ལས་ལྡོག་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བོད་ས་ཡོངས་ཀྱི་གནས་སྟངས་གང་ཆགས་ཚོད་དཔག་མ་ཐུབ་པ་དང་། རང་ལུས་མེར་བསྲེགས་སོགས་ཞི་བའི་ལས་འགུལ་དག་གིས་ལོ་ངོ་བཅུ་ཕྲག་དུ་མར་སྤེལ་བའི་ཁྱབ་བསྒྲགས་རྫུན་མའི་གདོང་རིས་ལམ་སེང་བརྟོལ་འགྲོ་བ་རྟོགས་ཐུབ་པ་ཞིག་རེད།
ཚགས་པར་གྱི་ཟུར་ངོས་དང་བརྙན་འཕྲིན་གྱི་ངོ་གདོང་། དུས་དེབ་སྣ་ཚོགས་སུ་ཐབས་ཤེས་ཡོད་རྒུས་རྫུན་བསྒྲགས་ཅི་ལྟར་བྱས་ཀྱང་ཐབས་ཟད་ནས། ད་ནི་བོད་མིའི་དད་འདུན་ལ་བླ་སྤྲུལ་བེད་སྤྱོད་གཏོང་འགོ་བརྩམས་པ་ནི་ཕལ་ཆེར་རྒྱ་ནག་གཞུང་གི་འུ་ཐུག་ཐབས་ཟད་ཀྱི་གཡོ་ཇུས་མཐའ་མ་དེ་ཡིན་པ་རེད། བླ་སྤྲུལ་རྣམས་ཀྱིས་རང་གི་མི་མང་ཆེད་ཚེ་སྲོག་ཀྱང་བློས་བཏང་ཟིན་ལ། ཁོང་ཚོ་ནི་བསམ་བཞིན་གཞན་དོན་དུ་སྲིད་པ་བཟུང་བ་ཉག་ཅིག་ཡིན། ༧ཀུན་གཟིགས་བཅུ་བ་ཆེན་པོ་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་དང་གུང་ཐང་འཇམ་པའི་དབྱངས། གཡེར་གཤོང་ཆེ་བ་རིན་པོ་ཆེ། ཟླ་སྔོན་མར་བྱུང་བའི་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་སོགས་ནི་བོད་མི་རྣམས་ཀྱི་དྲན་ལམ་དུ་ཡོད་པའི་དཔེ་མཚོན་གསལ་ཤོས་དེ་ཡིན།
གལ་སྲིད་རྒྱ་ནག་གིས་བླ་སྤྲུལ་བེད་སྤྱོད་གཏོང་བའི་གཡོ་འཁྲབ་མུ་མཐུད་དེ་བོད་མིའི་དད་འདུན་གཅིག་སྡུད་དབང་འཛིན་པའི་ལག་ཆར་བེད་སྤྱོད་བཏང་བ་ཡིན་ན། བླ་སྤྲུལ་བེད་སྤྱོད་ཀྱི་གཏན་འཇགས་ཡོང་ཐབས་དེ་རྦད་དེ་བླ་སྤྲུལ་རྣམས་སྦྱིན་བསྲེགས་གཏོང་གཞིར་འགྱུར་སྲིད་པ་རེད་ལ། སྐབས་དེར་བླ་སྤྲུལ་རྣམས་གཏན་འཇགས་ཡོང་ཐབས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་འུ་ཐུག་ཐབས་ཟད་ངོ་མར་འགྱུར་ངེས་ལ། ༧གོང་ས་མཆོག་ལ་ཞུ་བ་མི་འཐེན་རང་འཐེན་ཆགས་ཀྱི་རེད།
དེ་བས་བོད་ཀྱི་བླ་སྤྲུལ་རྣམས་ལ་དོན་དམ་གྱི་བསམ་ཚུལ་བཤད་དབང་ཡོད་པའི་ཁོར་ཡུག་བསྐྲུན་རྒྱུ་དང་། བོད་ཀྱི་བླ་སྤྲུལ་རྣམ་པས་ཀྱང་བོད་ཡོངས་ཀྱི་གནས་སྟངས་འདི་འདྲར་དམིགས་བསལ་མཛད་ཁུར་ལྷུར་བཞེས་ཀྱིས་ཞི་བའི་ལམ་ནས་བོད་ཀྱི་རང་དབང་འཐབ་རྩོད་བྱེད་པ་དང་། དེའང་བཙན་བྱོལ་བོད་གཞང་གིས་ ༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་གཞི་རྩར་བཟུང་སྟེ། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་སྒྲིག་ཁག་གི་དགོངས་དོན་བཞིན་འཐབ་རྩོད་རྒྱུན་བསྲིངས་བྱེད་ཐུབ་ན་བོད་ལ་དོན་དམ་གྱི་རང་དབང་འབྱུང་ངེས་པ་རེད།
༢༠༡༢། ༢། ༡། ཉིན།
རེབ་གོང་ཤེས་རབ་ཀྱིས་དུས་ལྟར་ལན་འདེབས་ཚ་ནན་བྱས་འདུག་པ་ཐུགས་རྗེ་ཆེ།
རེབ་གོང་ཤེས་རབ་འདི་ངར་བ་ཟིག་རེད་ཀོ། རྒྱ་རྒན་ཚང་བཞག་མེད་ཀི། ངར་བ་རེད། མུ་མཐུད་དུ་ཕྲིས་ཨ།
དངོས་གནས་ཡག་པོ་བྲིས་འདུག ངས་འདི་འདྲ་ཞིག་གོ་སོང་།
སྐབས་དེར་བླ་སྤྲུལ་རྣམས་གཏན་འཇགས་ཡོང་ཐབས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་འུ་ཐུག་ཐབས་ཟད་ངོ་མར་འགྱུར་ངེས་ལ། ༧གོང་ས་མཆོག་ལ་ཞུ་བ་མི་འཐེན་རང་འཐེན་ཆགས་ཀྱི་རེད།. སྨི་ལམ་ཡག་གི སྨོན་ལམ་ཡག་གི ་ཡིན་ཡང་རྒྱ་རྒན་འདི་བ་ཅིག་དཀའ་ཀོ
བོད་ཀྱི་རྩ་དོན་ཆེད་ལས་འགུལ་ཆེ་ཕྲ་ཆུང་གསུམ་གང་ཡིན་ནའང་སྤྲུལ་སྐུ་བླ་མས་བྱས་ན་ཡག རྒྱུ་མཚན་ནི། བོད་མི་དམངས་བླ་མས་ཅི་གསུངས་བསྒྲུབ་མཁན་ཡིན་པས་ཡིན། རྒྱུགས་ཟེར་ན་གཤིན་རྗེ་འཕྲང་ལ་རྒྱུགས་མཁན་དང་རྒྱོབས་ཟེར་ན་ཨ་མའི་མགོ་རྒྱག་མཁན་བོད་མི་རིགས་རེད།