ལུང་རིགས་རྒྱལ།
་་་་་་དུས་རབས་འདིའི་ནང་མི་ཚང་མ་ཀློག་པ་པོ་ཡིན་ལ། ཀློག་པ་པོ་ཚང་མ་གང་འཚམ་གྱིས་རྩོམ་པ་པོའང་ཡིན། འདི་ལྟར་རྩོམ་པ་པོ་དང་ཀློག་པ་པོ་མང་པོ་ཞིག་ཀློང་བརྡོལ་ནས་སླེབས་ཤིང་། སྤྱི་ཚོགས་སྟེང་གི་གནས་ཚུལ་དང་བསམ་ཚུལ་རྒྱ་མཚོ་ལྟ་བུའི་ཁ་ཤོར་ནས་ཡོང་དུས་ རྩོམ་སྒྲིག་པའི་དགོས་མཁོ་ཇེ་ཆེ་དང་ཁོའི་འགན་འཁྲི་ཇེ་ལྕི་རེད་་་་་་
དང་པོ། དུས་རབས་འདིའི་སྤྱི་ཚོགས།
དུས་རབས་ཉེར་གཅིག་པ་འདི་མགོ་བཙུགས་མ་ཐག་དོན་དག་གལ་ཆེན་ཞིག་བྱུང་བ་ནི་མིའི་ རིགས་ཀྱི་གསང་བ་ཡོད་ཚད་ཀྱི་མཐིལ་རྡོལ་ཞིང་གནས་ཚུལ་མཐའ་དག་གི་ཁ་ཤོར་བ་དེ་ རེད། ཁྱོད་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེ་གང་དུ་ཡོད་ཀྱང་རུང་། ཁྱོད་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་གང་དུ་གཏོགས་ཀྱང་ཆོག ཁྱོའི་སོར་འོག་ཏུ་མི་ཟིན་པའི་མི་དང་། ཁྱོའི་གློག་ཀླད་ཀྱི་སྒེའུ་ཁུང་ནས་མི་མཐོང་བའི་ཡུལ་ཞིག་མེད། ཁྱོད་དང་ས་སྒང་འདིའི་སྟེང་གི་མི་རེ་རེ་བཞིན་དྲ་བར་ནས་དམ་དུ་འབྲེལ་ཞིང་། འབྲེལ་ཐག་འདི་མུ་མཐུད་ནས་ཇེ་དོམ་དང་མིའི་རིགས་ཁ་ཐག་ཇེ་ཉེར་འགྲོ་གིན་ཡོད། འདི་ནི་དུས་རབས་འདིའི་དྲ་འབྲེལ་གྱི་དབང་གིས་རེད། འགྱུར་བ་འདི་དང་མཉམ་དུ་འཛམ་གླིང་འདིའི་ཕྲ་རགས་ཀྱི་གྲུབ་ཆ་མཐའ་དག་འགྱུར་ གྱིན་འདུག དེའི་ནང་གི་འགྱུར་བ་གཅིག་ནི་མི་རྣམས་ཀྱི་འབྲི་ཀློག་གི་གཤིས་ཀ་རེད། གཤིས་ཀ་འདི་ནི་དུས་རབས་འདིའི་མཐུན་རྐྱེན་དང་གོ་སྐབས་ཀྱིས་འཇགས་པར་བྱས་ཏེ། ད་ཆར་མི་ཚང་མས་གནས་ཚུལ་འདྲ་མིན་ས་སློག་རྡོ་སློག་གིས་ཀློག་བཞིན་བསམ་ཚུལ་སྣ་ ཚོགས་ས་འབྲི་རྡོ་འབྲི་བྱས་ནས་སྤེལ་གྱིན་ཡོད། འཕེལ་ཕྱོགས་འདིར་བལྟས་ན་མ་འོངས་པའི་ལོ་བཅུ་ཕྲག་རེ་ཟུང་གི་ནང་དུ། གོ་ལ་འདིའི་སྟེང་གི་མི་སེར་ཕལ་ཆེ་བ་ཀློག་པ་པོ་དང་རྩོམ་པ་པོར་འགྱུར་བར་འདོད། མ་མཐར་ཡང་མི་རེ་རེས་རང་རང་གི་ཁོར་ཡུག་ཏུ་བྱུང་བའི་དོན་དག་ཆེ་ཆུང་ཚང་མ་བྲིས་ ཤིང་པར་བླངས་ནས་བརྒྱུད་ལམ་སྣ་ཚོགས་སུ་འགོད་པར་འགྱུར་ལ། གཞན་གྱིས་བྲིས་པའི་རྩོམ་ཡིག་དང་གནས་ཚུལ་གྱི་ཐོག་ལ་རང་རང་གི་བསམ་ཚུལ་རེ་ སྤེལ་ཐུབ་པ་ནི་མངོན་སུམ་དུ་གྱུར།
འདི་ཙམ་གྱིས་གང་ནས་ཚད། ད་ནས་བཟུང་མི་སུ་ཡིན་རུང་འཛམ་གླིང་ལ་ཤུགས་རྐྱེན་སྟེར་ཐུབ་མཁན་གྱི་མི་རེར་ འགྲུབ་ཀྱིན་ཡོད། འདིའི་གོ་དོན་ནི་ཁྱོད་ལུང་ཁུག་དང་གྲོང་གསེབ་གང་དུ་ཡོད་རུང་དེ་འཛམ་གླིང་ཆུང་ ཆུང་རེ་ཡིན་ཆོག་ལ། མ་གཞི་འཛམ་གླིང་འདིའང་གྲོང་གསེབ་ཆུང་ཆུང་ཞིག་ཏུ་གྱུར་ཡོད་སྟབས། ཁྱོད་སྡོད་སའི་ལུང་ཁུག་དེའང་འཛམ་གླིང་འདི་ལས་ཆུང་བའི་གྲོང་གསེབ་ཅིག་མིན། ཁྱོས་འཛམ་གླིང་འདི་ཅི་ཙམ་ཞིག་ཤེས་པར་འདོད་ན་དེ་ཙམ་ཞིག་ཤེས་རྒྱུའི་བརྒྱུད་ ལམ་དང་གོ་སྐབས་ཡོད་ལ། ཁྱོས་རང་ཉིད་འཛམ་གླིང་འདིར་ཅི་ཙམ་ཞིག་ཤེས་པར་འཇུག་ན་དེ་མཚུངས་ཀྱི་མཐུན་ རྐྱེན་དང་གོ་སྐབས་འདྲ་མཉམ་དུ་ཡོོད། ཁྱོད་ལ་སྐད་ཆ་གསར་པ་དང་བསམ་ཚུལ་མི་འདྲ་བ་ཅི་ཞིག་ཡོད་ན་འཛམ་གླིང་འདིར་ སྒྲོགས་དང་། གླིང་འདི་ཁྱོའི་གྲོང་པ་ཁྱིམ་མཚེས་ལས་རྒྱ་ཆེ་ཞིང་ཐག་རིང་བ་ཞིག་མིན། འདི་ལྟར་མིའི་རིགས་དངོས་སུ་བརྡ་འཕྲིན་སྤྱི་ཚོགས་ཀྱི་ནང་སླེབས་ཤིང་། འཛམ་གླིང་ལ་ཅི་ཙམ་གྱི་རིག་གནས་ཕུན་སུམ་ཚོོགས་པོ་ཡོད་ན། དེ་ལ་འཇུག་པའི་བརྒྱུད་ལམ་ཡང་ཕུན་སུམ་ཇེ་ཚོགས་རེད། དེར་བརྟེན། དུས་ད་ནས་བཟུང་མི་སུ་ཡང་གླིང་འདིའི་གྲུ་ཟུར་གང་དུའང་འཇའ་ཚོན་གྱི་ཁ་དོག་ཅི་ ཡང་ཡིན་ཆོག
འདི་ལྟར། མི་ཚང་མ་ཕན་ཚུན་གྱི་མིག་ལམ་དང་རྣ་རྩ། སོར་རྩེ་བཅས་ལ་ཇེ་ཉེར་ཕྱིན་ཞིང་། ཉིན་རེ་རེའི་གནས་ཚུལ་དང་བསམ་ཚུལ། དེ་མིན་གྱི་ཤེས་བྱ་སྣ་ཚོགས་ཆུ་ལོག་བཞིན་བརྡོལ་ནས་ཡོང་གིན་ཡོད། འདི་ལ་འགོག་ཐབས་མེད་ལ་འགོག་མཁན་ཡང་མེད། ནུབ་ཕྱོགས་སུ་འདིའི་ཐད་སྣང་ཚུལ་གཞན་ཞིག་ཡོད་དེ། ཁོ་ཚོས་དཀོན་མཆོག་ནི་གང་དུའང་ཡོད་ལ། དཀོན་མཆོག་གིས་ཅི་ཡང་མཁྱེན་གི་རེད། ཁྱོས་ཤེས་འདོད་པ་མཐའ་དག་གི་ལན་དཀོན་མཆོག་ལ་ཡོད་ཟེར་ལ། ད་ཆ་ཁོང་ཚོས་ google is god ཞེས་གྷོ་གྷལ་ནི་དཀོན་མཆོག་རེད། གྷོ་གྷལ་ནི་གང་དུའང་ཡོད་ལ་ཅི་ཡང་ཤེས་སྟབས། ཁྱོས་ཅི་ཞིག་ཤེས་པར་འདོད་ན་གྷོ་གྷལ་དྲ་ཚིགས་སྔོགས་དང་ཁྱོད་ལ་ལན་མ་ནོར་བ་དེ་ རག་གི་རེད། དེ་བཞིན་དུ་སུ་ཞིག་གིས་ཁྱོའི་སྐོར་གྱི་གནས་ཚུལ་ཤེས་པར་འདོད་ན་ཡང་གྷོ་གྷལ་ སྔོག་ན་ཤེས་ཐུབ་གི་རེད་ཟེར་གྱིན་འདུག འདིས་མིའི་རིགས་ཀྱི་ཤེས་བྱ་དང་གནས་ཚུལ་སྣ་ཚོགས་ནི་མི་སྒེར་བ་ཞིག་གིས་བཀག་ ནས་གསང་ཉར་བྱེད་མི་ཐུབ་པར། གནམ་འོག་འདི་སུ་ཡི་མཐོང་ཐོས་དོགས་གསུམ་གྱི་ཡུལ་ཡང་ཡིན་པར་བསྟན་པ་རེད། འདི་ནི་ཀློག་མཁན་དང་རྩོམ་མཁན་གྱི་ཀློང་རྡོལ་ཞིང་གནས་ཚུལ་དང་བསམ་ཚུལ་གྱི་ཁ་ ཤོར་བའི་རིམ་པ་དང་། དུས་རབས་འདིའི་ནང་གི་རྩོམ་སྒྲིག་པ་ཞིག་གིས་མ་མཐར་ཤེས་དགོས་པའི་སྤྱི་ཚོགས་ གསར་པ་དང་དེའི་འཕེལ་ཕྱོགས་རེད།
གཉིས་པ། དུས་རབས་འདིའི་རྩོམ་སྒྲིག་པ།
འདི་ལྟའི་དུས་རབས་ཏེ། གནས་ཚུལ་དང་བསམ་ཚུལ་སྤེལ་དང་མི་སྤེལ་གྱི་འགན་དབང་དེ་རྩོམ་སྒྲིག་པ་ཞིག་གི་ སྟངས་འཛིན་ལས་ཤོར་བའི་སྐབས་སུ་རྩོམ་སྒྲིག་པའི་དགོས་མཁོའང་མེད་པར་གྱུར་བ་ རེད་དམ་ཞེ་ན་མ་ཡིན་ཏེ། སྐབས་འདིར་རྩོམ་སྒྲིག་པའི་དགོས་མཁོ་ཇེ་ཆེར་གྱུར་ཅིང་། ཁོའི་འགན་དབང་ཡང་སྲོལ་རྒྱུན་གྱི་འགན་དང་འདུ་ཤེས་ལས་བརྒལ་ཏེ་ཇེ་ལྕིར་ཕྱིན་པ་ རེད། སྔོན་མ་ཡིན་ན་རྩོམ་སྒྲིག་པ་ནི་སྤྱི་ཡོངས་ཀྱི་ཆ་ནས་རྩོམ་ཡིག་དང་གསར་འགྱུར་ལ་ ལྟ་ཞིབ་བྱེད་མཁན་དང་། རྩོམ་གྱི་གོ་རིམ་སྒྲིག་མཁན། ཞུ་དག་བྱེད་མཁན། གདམ་གསེས་བྱེད་མཁན་དང་། རྩོམ་ཡིག་དང་གསར་འགྱུར་གང་ཞིག་ཚགས་པར་དང་དུས་དེབ་དུ་སྤེལ་དང་མི་སྤེལ་གྱི་ ཐག་གཅོད་མཁན་ཡང་རེད། དེའི་ཕྱིར། ཁོའི་བྱེད་ལས་འདི་རྫ་རི་སྨུག་པོ་ཞིག་ལ་དཔེ་བླངས་ན་འདི་ཉིན་ངོས་རེད། ཁོའི་སྲིབ་ངོས་ནས་གླེང་ན། སྐབས་དེའི་རྩོམ་སྒྲིག་པ་ནི་མང་ཚོགས་ལ་བསམ་ཚུལ་དང་གནས་ཚུལ་གང་ཞིག་མཁོ་སྤྲོད་ བྱེད་དང་མི་བྱེད་ཀྱི་དབང་ཚད་འཛིན་མཁན་ཏེ། མིའི་རིགས་ཀྱི་ཤེས་ཡོན་རང་དབང་ལ་ཚོད་འཛིན་མཁན་དང་། རྩོམ་པ་པོ་དག་གི་བརྩམས་ཆོས་ལ་གཅོད་གཏུབ་ཀྱིས་གཤགས་བཅོས་བྱས་ཏེ་ནག་ཉེས་གསོག་ མཁན་ཡང་ཡིན། དེར་བརྟེན། ང་ཚོས་ཐོས་འདོད་པ་དང་ཤེས་དགོས་པའི་གནས་ཚུལ་མང་པོ་ཞིག་ཐལ་རྡུལ་དང་བཅས་རྩོམ་ སྒྲིག་པ་དེ་དག་གི་ཡིག་སྣོད་དུ་ལྷགས་ཡོད་སྲིད། འོན་ཀྱང་། ད་ནི་དུས་རབས་དེ་རྫོགས་ཤིང་། རྩོམ་སྒྲིག་པ་ཚོའི་བྱེད་ལས་དང་འགན་དབང་ཡང་འགྱུར་བ་རེད།
དུས་རབས་ཉེར་གཅིག་པའི་ཡར་སྔོན་དུ་རྩོམ་སྒྲིག་པ་ཞིག་གི་འགན་འཁྲི་ནི་རྩོམ་པ་ པོར་འགན་ལེན་བྱེད་རྒྱུ་དང་། བརྩམས་ཆོས་ལ་འགན་ལེན་བྱེད་རྒྱུ། ཀློག་མཁན་ནམ་སྤྱི་ཚོགས་ལ་འགན་ལེན་བྱེད་རྒྱུ་བཅས་རེད། འདིའི་གོ་དོན་ནི་མདོར་སྒྲིལ་ན་རང་རྩོམ་ཡིན་པ་དང་། རྩོམ་སྤུས་བཟང་བ། རྗེས་འབྲས་ལ་ཁག་འཁུར་ཐུབ་པ་བཅས་ཡིན། ད་ལྟའི་ཆར་གནས་ཚུལ་དང་བསམ་ཚུལ་གྱི་འགྲོ་རྒྱུག་དེ་རྩོམ་སྒྲིག་པ་ཞིག་གི་དབང་ ཚད་དང་སྟངས་འཛིན་ལས་བརྒལ་ཡོད་སྟབས། རྩོམ་སྒྲིག་པའི་འགན་འཁྲི་ཡང་འདི་དག་ལས་བརྒལ་དགོས་པ་ནི་ཆོས་ཉིད་རེད། དེར་བརྟེན། རྩོམ་སྒྲིག་པ་ཞིག་གི་འགན་འཁྲི་དང་པོ་ནི་རྣོ་ཞིང་མྱུར་ལ། ཡོ་གཟུར་མེད་ཅིང་། གུ་ཡངས་ལ། སྣ་འཛོམས་པའི་བརྒྱུད་ལམ་ཞིག་བསྐྲུན་རྒྱུ་དེ་ཡིན། ཁོའི་བྱེད་ལས་ནི་མིའི་རིགས་ཀྱི་ཤེས་བྱ་ལ་དབྱེ་གསེས་བྱེད་མཁན་དང་མིའི་རྣམ་ དཔྱོད་ཀྱི་འཁོར་རྒྱུག་ལ་ཚོད་འཛིན་བྱེད་མཁན་ཏེ། མི་དང་སྤྱི་ཚོགས་བར་གྱི་སྒོ་སྲུང་ལྟ་བུ་དེ་མིན་པར། མིའི་རིགས་ཀྱི་ཤེས་བྱ་མཐའ་དག་ཆུ་ལོག་བཞིན་རྡོལ་བའི་སྐབས་འདིར། རྩོམ་སྒྲིག་པ་དང་ཁོའི་བརྒྱུད་ལམ་ནི་ཆུ་ལོག་འདི་བཞུར་སའི་གྲམ་པ་ཡིན་ལ། ཟམ་པའང་ཡིན་དགོས། ཁོས་བརྒྱུད་ལམ་ཇེ་ཡངས་སུ་བཏང་སྟེ་མིའི་རིགས་ཀྱི་ཤེས་བྱ་སྣ་ཚོགས་འདི་སུ་ལའང་ འབེལ་འབེལ་ལྷུག་ལྷུག་གིས་རག་པར་བྱེད་པ་དང་། དུས་རབས་གསར་པ་འདིའི་ནང་གི་གསར་སྐྱེས་སུ་ལའང་འགྲམ་པ་ལག་པས་བཏེགས་ཏེ་རང་རང་ གི་གླུ་ཚིག་རེ་བྲིས་ནས་ལེན་རྒྱུའི་གོ་སྐབས་སྤྲོད་དགོས།
མུ་མཐུད་དུ་གླེང་ན། སྔོན་ཆད་རྩོམ་སྒྲིག་པ་དང་ཁོའི་ལས་རོགས་ཚོས་གནས་ཚུལ་བཙལ་ཞིང་བསམ་ཚུལ་དྲིས་ ཏེ་མང་ཚོགས་ལ་སྒྲོག་གིན་ཡོད་ལ། ད་ཆ་མང་ཚོགས་ཀྱིས་ཕན་ཚུན་ལ་གནས་ཚུལ་སྤྲོད་རེས་དང་བསམ་ཚུལ་བརྗེ་རེས་བྱེད་ བཞིན་སྤྱི་ཚོགས་ཧྲིལ་བོ་འདི་བགྲོ་གླེང་གི་སྤྱི་ཚོགས་ཤིག་ལ་འཕེལ་གྱིན་ཡོད། དེར་བརྟེན་རྩོམ་སྒྲིག་པ་ནི་གུ་ཡངས་ཤིང་རྒྱ་ཆེ་བའི་གླེངསྟེགས་སྐྲུན་མཁན་དེ་ ཡིན། ཡིན་ནའང་དུས་ད་ནས་བཟུང་རྩོམ་སྒྲིག་པས་རང་རང་གི་བརྒྱུད་ལམ་སྟེང་གི་རྒྱུ་ཆའི་ མཇུག་འབྲས་ལ་ཁག་འཁུར་བྱེད་མི་དགོས་པ་རེད་དམ་ཅེ་ན་མིན་སྟེ། ག་དུས་དགོས་མཁོ་བྱུང་ན་དེ་དུས་རྩོམ་སྒྲིག་པས་གསལ་བཤད་དང་གོ་གསེད། དོགས་སེལ་སོགས་བྱེད་དགོས། འདི་ལྟར་རྩོམ་སྒྲིག་པ་ནི་རྩོམ་པ་པོ་ཙམ་མ་ཟད། དཔྱད་བརྗོད་པ་དང་། ཞིབ་འཇུག་པ། ཞི་འགྲིག་པ། ཕྱོགས་སྟོན་པ་བཅས་ཡིན་དགོས། ད་དུང་དུས་རབས་འདིའི་ནང་གི་རྩོམ་སྒྲིག་པ་ཞིག་ཡིན་ན་སྐད་ཡིག་སྣ་འཛོམས་ཤེས་ མཁན་ཞིག་མིན་ནའང་སྐད་གཉིས་སྨྲ་མཁན་ཞིག་ཅི་ནས་ཀྱང་ཡིན་དགོས། དེང་གི་སྤྱི་ཚོགས་ནི་ཅ་ལག་སྣ་འཛོམས་དང་། ཆ་ལུགས་སྣ་ཚོགས། སྐད་ཡིག་འདྲ་མིན་གྱིས་གྲུབ་ཡོད། འདི་ལྟའི་སྤྱི་ཚོགས་ཤིག་གོ་རྟོགས་ཐུབ་པ་དང་། འདིའི་སེམས་ཁམས་དང་འཕེལ་ཕྱོགས་ཤེས་དགོས་ན་རྩོམ་སྒྲིག་པས་འདི་དག་ཤེས་བྱེད་ ཀྱི་སྐད་ཡིག་སྤུས་གཙང་ཞིག་ཤེས་དགོས། དེ་མ་ཐུབ་ཚེ་ཁོ་རང་ད་དུང་སྤྱི་ཚོགས་དེའི་སྟེང་གི་ཡིག་རྨོངས་པ་ཡིན། ལར་ནས་ད་ལྟའི་མི་རབས་གསར་པ་འདི་དག་ནི་སྐད་ཡིག་སྣ་ཚོགས་བཤད་མཁན་གྱི་མི་རབས་ ཡིན་ལ། ཁོང་ཚོས་བརྒྱུད་ལམ་འདྲ་མིན་ལ་སྤེལ་གྱིན་པའི་རྒྱུ་ཆ་དེ་དག་ནི་སྐད་ཡིག་སྣ་ ཚོགས་ནས་བསྡུས་ཤིང་། རིག་གཞུང་དང་འདུ་ཤེས། གཤིས་ཀ་འདྲ་མིན་གྱི་ཤུགས་རྐྱེན་འོག་ནས་ཡོང་གི་ཡོད་སྟབས། རྩོམ་སྒྲིག་པ་ཞིག་གི་ཤེས་ཡོན་དང་སྐད་ཡིག་གི་བྱང་ཚད་ནི་ཁོའི་སྤྱི་ཚོགས་དེའི་ གཞི་རིམ་མང་ཚོགས་ཀྱི་ཚད་ནས་བརྒལ་ཐུབ་དགོས། འདི་དག་ནི་དུས་རབས་འདིའི་ནང་གི་རྩོམ་སྒྲིག་པ་ཞིག་གི་ཁྱད་ཆོས་དང་འགན་འཁྲི་ ཡིན།
གསུམ་པ། བོད་ཀྱི་མ་འོངས་པའི་རྩོམ་སྒྲིག་པ།
དུས་རབས་ཀྱི་ངོས་ནས་བལྟས་ན། བོད་ལ་ད་དུང་ཚད་ལྡན་གྱི་རྩོམ་སྒྲིག་པ་ཞིག་འབྱུང་ཐུབ་མེད་པར་འདོད། ངའི་ཚོད་རྩིས་ལྟར་ན། བོད་ཕྱི་ནང་གཉིས་ན་རྩོམ་པ་པོ་ཁྲི་གཅིག་དང་། རྩོམ་སྒྲིག་པ་ལྔ་བརྒྱ་ཨེ་ཡོད་སྙམ། ལྷག་པར་དུ་རྩོམ་པ་པོ་འདི་དག་ཀྱང་སྨྱུ་གུ་ལག་ཏུ་ཐོགས་ཚད་མིན་པར་རྩོམ་སྤུས་ ལེགས་ཤིང་སྤྱི་ཚོགས་སྟེང་གང་འཚམ་གྱིས་ཆ་འཇོག་བྱེད་རུང་བ་དང་། རྩོམ་སྒྲིག་པ་འདི་དག་ཀྱང་རང་རང་གི་ཚགས་པར་དང་དུས་དེབ་དེ་དག་འཆར་ཅན་གྱིས་ སྤེལ་ཐུབ་མཁན་གྱི་རིགས་ལ་ངོས་འཛིན་བྱས་ཚེ། གོང་གི་ངའི་ཚོད་དཔག་གི་གྲངས་ཀ་དེའང་ལྡབ་འགའ་རེས་ཇེ་ཉུང་དུ་འགྲོ་བར་འདོད་དེ། བོད་ནང་གི་བོད་མི་འདུས་སྡོད་ཀྱི་ཞིང་ཆེན་ལྔའི་ནང་འཆར་ཅན་འདོན་སྤེལ་བྱེད་ ཀྱིན་པའི་གསར་ཤོག་དང་དུས་དེབ། དྲ་རྒྱ། བཙན་བྱོལ་ནང་གི་ཚགས་པར་དང་དུས་དེབ། དྲ་ཚིགས་ཁག་ནི་གྲངས་ཀ་མི་ཐེབས་པ་ཞིག་མིན་ལ། འདི་དག་གི་སྟེང་དུ་རྩོམ་ཡིག་སྤེལ་མཁན་གྱི་རྩོམ་པ་པོ་རྣམས་ཀྱང་ནམ་རྒྱུན་གྱི་ མི་དེ་དག་དང་། ལོ་རེར་གསར་སྐྱེས་རྩོམ་པ་པོ་རེ་ཟུང་ལས་ཐོན་ཐུབ་ཀྱིན་མེད། འདི་ནི་ང་ཚོའི་རྩོམ་པ་པོ་དང་རྩོམ་སྒྲིག་པའི་དཔུང་ཁག་འདི་ད་དུང་སྤྱི་ཚོགས་ ཆེན་པོ་ཞིག་གི་ངོ་བོར་གྲུབ་མ་ཐུབ་པའི་གནས་བབ་རེད།
འདི་ལྟར་གླེང་དོན་ནི་ང་ཚོའི་སྤྱི་ཚོགས་འདི་རྩོམ་རིག་གི་སྤྱི་ཚོགས་ཤིག་གི་ ངོ་བོར་གྲུབ་དགོས་པའི་དོན་མིན། གཙོ་བོ་ཆ་འཕྲིན་ནམ་བརྡ་འཕྲིན་སྤྱི་ཚོགས་ཤིག་གྲུབ་དགོས་པ་རེད། བརྡ་འཕྲིན་སྤྱི་ཚོགས་ཀྱི་ནང་དུ་རྩོམ་རིག་ཀྱང་གོང་འཕེལ་དུ་ཕྱིན་ན་འགྲིག་ལ། མཐུན་རྐྱེན་ཡང་ཡོད། འོན་ཀྱང་གཙོ་བོ་གནས་ཚུལ་སྤྲོད་རེས་དང་བསམ་ཚུལ་བརྗེ་རེས་བྱེད་པ་ལས་གྲུབ་ དགོས། མི་ཚང་མས་ཞིབ་འཇུག་རང་བཞིན་དང་། དཔྱད་བརྗོད་རང་བཞིན། ཆེད་ལས་རང་བཞིན་གྱི་རྩོམ་ཡིག་འབྲི་མི་ཐུབ་ནའང་། ཉིན་རེའི་འཚོ་བའི་ནང་གི་གནས་ཚུལ་དང་བསམ་ཚུལ་ནི་སུ་སྔ་གང་མགྱོགས་ཀྱིས་འབྲི་ བར་འགྱུར་ལ། འདི་དག་སྤེལ་སའི་བརྒྱུད་ལམ་ཡང་ཇེ་མང་ཡིན། དེང་སྐབས་གཞིས་བྱེས་གཉིས་ཀར་བྱིས་པ་དང་མཁས་པ་སུས་ཀྱང་རང་རང་གི་མཐོང་ཐོས་ མྱོང་གསུམ་བྲིས་ནས་ག་ས་གང་དུ་སྤེལ་བར་སྟ་གོན་བྱེད་ཀྱིན་ཡོད། འདི་ལྟའི་དུས་རིམ་འདིར་བོད་མི་རིགས་ལ་རྩོམ་སྒྲིག་པ་ཚད་ལྡན་དག་དགོས་མཁོ་ཤིན་ ཏུ་ཆེ་ལ། ཁོང་ཚོའི་བརྒྱུལ་ལམ་ནི་དེ་བས་ཀྱང་མཁོ། གནས་ཚུལ་གྱི་ཁུངས་སྦས་ཤིང་ཁ་བཀག་ནས་བསྡད་ཚེ་མི་རིགས་འདི་ཇེ་དལ་དང་ཇེ་རྟུལ་ དུ་འགྱུར་བར་ངེས་ལ། ང་ཚོའི་ཕ་ས་ཁ་བས་གཡོགས། ཕུ་ནུ་མུན་པས་བཏུམས་ཏེ་དུས་རབས་འདིའི་གློག་གི་རིག་གནས་དང་། འོད་ཀྱི་རིག་གནས། ཨང་ཀིའི་རིག་གནས། འདི་དག་གི་དཀར་ངོགས་དང་ཕུན་ཚོགས་ཀྱི་གླིང་དུ་ནམ་ཡང་སླེབས་མི་ཐུབ་པར་འདོད།
དེར་བརྟེན། མི་རིགས་འདི་གཉིད་ལས་སད་དགོས་ན། མི་རིགས་འདིའི་མགོ་མགྱོག་དགོས་ན། མི་རིགས་འདིའི་མིག་ཕྱེ་དགོས་ན། ང་ཚོར་བོད་པའི་རྩོམ་སྒྲིག་པ་ཚད་ལྡན་དང་ཁོང་ཚོའི་བརྒྱུད་ལམ་ཤིན་ཏུ་མཁོ་ཞིང་། མེད་ཐབས་ཤིག་མི་འདུག
ལུང་རིགས་རྒྱལ་ལགས།
ཁྱེད་ཀྱི་རྩོམ་ཡིག་འདི་ལས་བརྡ་འཕྲིན་གྱི་དུས་རབས་ཟེར་བ་དེ་ཅི་ཡིན་སེམས་ལ་གསལ་ངེས་ཤིག་བྱུང་སོང་།་་མ་གཞི་འདི་བརྡ་འཕྲིན་གྱི་འགྱུར་བ་དེ་ང་ཚོ་མི་རེའི་ཉིན་རེའི་འཚོབ་འི་ནང་ལ་འབྱུང་བཞིན་ཡོད་ན་ཡང་།་་་རྣམ་དཔྱོད་ཅན་ཞིག་གིས་་ཁྱེད་ཀྱི་མི་ཚེའི་ནང་ལ་འགྱུར་བ་འདི་དང་འདི་དག་འདི་ལྟར་འགྲོ་བཞིན་ཡོད་པ་རེད།་་ཁྱོད་ཀྱིས་ལྟོས་དང་།་་་ཞེས་མ་བསྟན་ན་མགོ་རུལ་བ་སྣ་ཡིས་མི་ཚོར་དཔེར་འགྱུར་བཞིན་འདུག་་ཐུགས་རྗེ་ཆེ།འདི་འདྲའི་རྩོམ་མང་ཙམ་ཞིག་སྤེལ་རོགས།
རབ་འབྱོར་ལསགས། ཐུགས་རྗེ་ཆེ་ཞུ། འདི་ནས་འདྲི་རྒྱུ་ཞིག་ལ། རབ་གསལ་ལགས། དྲ་ཚིགས་འདིའི་ནང་བཀོད་པའི་རྩོམ་ཡིག་རེ་ཟུང་བོད་ཀྱི་དུས་བབ་གསར་ཤོག་གི་སྟེང་དུ་སྤེལ་ན་ཡག་པོ་འདུག་སྟབས། དེའི་ཆོག་མཆན་ཅི་ནས་ཀྱང་ཡོང་བ་ཞུ། ངས་རྩོམ་ཡིག་གི་ཁུངས་ཁ་བརྡ་དྲ་ཚིགས་ཡིན་པ་སྟོན་ངེས་ཡིན། གནས་སྐབས་འདི་ཙམ་ཡིན། ད་བདེ་མོ་བྱོས།