ཌཱཀིམ།
སྲིན་མོ་ལ་ཕུལ།
ཁྲག་འབར་བཞིན། ཆུ་བོ་འབབ་པ་བཞིན།
མེ་བཞུར་ཟིན། གློག་ཞགས་འཁྱུག་པ་བཞིན།
བྱེ་བ་དུང་ཕྱུར་གྱི་ཕྲ་ཕུང་རྣམས་འབར་བཞིན།
ས་ཡ་མང་པོའི་རྣམ་ཤེས་ཀྱང་འབར་ཟིན།
ནམ་མཁའ་དམར་པོ་དེ།
འབར་བའི་མེ་ཡིན་ནམ། དམར་མོ་དེ།
བཞུར་བའི་ཁྲག་མིན་ནམ། དམར་པོ་དེ།
ས་གཞི་ནག་པོ་དེ།
བཞུར་བའི་མེ་ཡིན་ནམ། ནག་པོ་དེ།
འབར་བའི་ཁྲག་མིན་ནམ། ནག་མོ་དེ།
མེ་ཏོག་མང་པོ་ཞིག་ང་ཚོའི་ཁྲག་ལས་སྐྱེས་ནས་ཚིག
ཁ་བ་མཐུག་པོ་ཞིག་ང་ཚོའི་སེམས་ལ་བབས་ནས་སྐམ།
སྟིག་སྟིག་ལྡིང་བའི་འབྲོང་གི་སྙིང་སྒྲ་དེ་བར་དོའི་ཡུལ་ནས་ཀྱང་ཐོས།
ལྷང་ལྷང་གྲགས་པའི་དྲ་ཕྲུག་ཚོའི་ངུ་ངག་དེ་གནམ་གྱི་མཐའ་ནས་ཀྱང་ཚོར།
ནམ་མཁའ་སྟོང་པ་ཞིག་ན།
ཉི་མ་ནག་པོ་ཞིག
ཐལ་སྤྲིན་ཟབ་ཟིབ་ཀློང་ན།
ཟླ་བ་དམར་པོ་ཞིག
སྐར་མ་སྐམ་པོ་ཚོ།
ཚེ་སྲོག་ལ་རིན་ཐང་མེད་པའི་མི་ཚོགས་དང་འདྲ།
གནམ་དང་ཐག་ཉེ་ས་ན།
རི་དང་བྲག་ལ་ཡང་ཁྲག་བཞུར།
ཆུ་བོ་དང་རྒྱ་མཚོ་འང་ངུ་།
ནག་པོའི་ཁྲག་ལ་འབར་བའི་དམར་བོའི་མེ།
དཔྱིད་ཀྱི་མེ་ཏོག་གི་གསེབ་ཏུ་སྐྱེས་ཤིང་མཆེད།
སྟོན་ཀའི་འབྲས་བུ་དང་ལྷན་དུ་སྨིན་ཞིང་ལྷུང་།
དགུན་གྱི་གྲང་ངར་གྱིས་སྡོམ་ག་ལ་ཐུབ།
དབྱར་གྱི་ཆར་ཞོད་ཀྱིས་གསོད་ག་ལ་ཐུབ།
གད་རྒྱངས་ཀྱིས་འཇིག་རྟེན་སྒྲལ་བར་ནུས་བའི་སྲུང་མ་ཚོ་གཉིད་དུ་ཡུར།
ཟུར་མིག་གིས་འདོད་ཁམས་འཁྲུག་པར་ནུས་པའི་བརྟན་མ་རྣམས་སླེབས་མ་སོང་།
དྲག་སྔགས་ཀྱི་ཕུར་ཁ་སུས་ཡིས་བསྡམ།
གཏོར་ཟོར་གྱི་མཐུ་ཁ་ཅིའི་ཕྱིར་འགག
བདེན་ཚིག་དང་དམོད་མོ་ཐམས་ཅད་དབྱིངས་སུ་ཐིམ།
མཆོད་མེ་ལ་་འབར་བའི་ཁྲག
མཆོད་ཀོང་ནས་བཞུར་བའི་མེ།
ང་ཚོའི་འོད་སྣང་ནི་འཇའ་ལས་འཕྲོས།
ལྷ་མོ་དམར་མོ་དེའི་ཕྱག་ན་ཁྲག་ལ་འབར་བའི་མེ་ལྕེ་འཕྱོ།
ཨ་ལ་ལ། ཀྱེ་མ། ཀྱེ་མ།
སེང་ག་ཕོར་ནས་བྲིས།
06-02-2012
ཌཱཀིམ་ལགས། གནས་སྟངས་འདི་འདྲའི་སྐབས་སྤྱི་ཚོགས་ལ་གོ་བརྡ་ཞིག་སྤྲད་བསམ་ན། འདི་ལྟའི་ཁ་དམ་པའི་བྲིས་རྩོམ་ཞིག་ལ་སུས་གོ་བ་ལེན་ཐུབ། ཌཱཀིམ་རང་ཉིད་ཀྱིས་རང་གི་རྩོམ་འདིར་འགྲེལ་བཤད་རྒྱག་ཐུབ་བམ།
དེ་ལས་ཚང་མས་གོ་ཐུབ་པ་ཞིག་་་་
འདི་རང་མོས་སྙན་ངག་ཟེར་བ་དེ་རེད། རང་མོས་སྙན་ངག་ཡིན་ན་འདི་འདྲ་ཞིག་ཡིན་དགོས་པ་རེད། འདི་ལ་འགྲེལ་བཤད་གཞན་ཡོད་པ་མ་རེད། ཚང་མས་གོ་ཐུབ་པ་ཞིག་ཡིན་ན། དེ་རང་མོས་སྙན་ངག་མིན་པ་རེད། དེ་ཤེས་པ་གནང་ནས་ཀློག་དགོས།
ཧཧཧ། རང་མོས་ཡིན་ན་གོ་དཀའ་དགོས། སུ་ཞིག་གི་གསུངས་རེེད།
འདི་ད་སྙན་ངག་ཟེར་བ་དེ་ཡིན་ས་རེད།
རང་མོས་སྙན་ངག་འདི་ཚད་ལྡན་རེད། དེ་མ་གོ་ན་ཀློག་མཁན་ཚད་ལྡན་མིན་རྟགས་རེད། འདི་ལས་ལྷག་གི་གོ་རྒྱུ་ཅན་ཞིག་ཟེར་ན། མ་གཞི་ཀློག་མཁན་ལ་ཤེས་ཚད་ཡག་པོ་དགོས། དེ་མེད་ན་མི་གོ་སྙན་ངག་གཅིག་པུ་མིན། མཁས་པའི་གསུང་དེ་ཚོའི་ནང་ན་མི་གོ་བ་མང་། དེ་ཀློག་མཁན་གྱིས་མ་འགྲིག་པ་རེད།