འབྲོང་ངུར་ཆོས་རྗེ།
དོན་ཀུན་གྲུབ་པས་མདོ་སྔགས་སྣ་ཚོགས་སུ།།
འཁོར་བ་ཐོག་མ་མཐའ་མ་མེད་གསུངས་ཤིང་།།
རྗེས་འཇུག་དག་གིས་ཐོག་མ་མེད་ན་ཡང་།།
བྱེ་བྲག་པ་ལ་མཐའ་མ་ཡོད་དོ་གསུངས།།
འདི་ནི་རིགས་པས་དཔྱད་ན་དཀའ་གནད་དེ།།
འཁོར་བའི་སེམས་ཅན་མུ་མེད་གྲངས་ཡས་ཀྱང་།།
སེམས་ཅན་གསར་སྐྱེ་གཅིག་ཀྱང་ཡོད་མིན་པས།།
སྔར་ཡོད་དེ་ལས་འཕེལ་མེད་སྨོས་ཅི་དགོས།།
ལམ་ལ་ཡུན་རིང་འབད་པས་སེམས་ཅན་དག།།
རིམ་བཞིན་ཐར་དང་རྣམ་མཁྱེན་འཐོབ་འགྱུར་ཞིང་།།
ཇི་སྲིད་ལམ་ལ་འབད་པ་དེ་ཙམ་གྱིས།།
འཁོར་བ་ཉུང་ངུར་བྲི་བའང་ཆོས་ཉིད་དོ།།
སངས་རྒྱས་ཞིང་ཁམས་རབ་འབྱམས་རྡུལ་སྙེད་དང་།།
རྒྱལ་དང་བྱང་སེམས་ཚོགས་ཀྱང་དེ་བཞིན་བཞུགས།།
རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་བསམ་མི་ཁྱབ།།
མངའ་ཕྱིར་སེམས་ཅན་སྒྲོལ་བའང་དེ་སྙེད་དོ།།
དེ་མིན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཚུལ།།
འགྲོ་དོན་རྔ་སྤྲིན་ཚངས་པ་ནོར་བུ་བཞིན།།
མཛད་པར་གསུངས་པའི་དཔེ་དགུའི་ལུང་དོན་གང་།།
ཡང་ན་འགྲོ་དོན་བྲལ་བའི་རྒྱལ་བ་མཚར།།
དང་ཐོག་སེམས་ཅན་གྲངས་མེད་ཡིན་ན་ཡང་།།
ནམ་ཞིག་རེ་རེ་གྲོལ་བས་ཇེ་ཉུང་གིས།།
མཐར་ནི་གྲངས་དང་ལྡན་པར་འགྱུར་བ་ནི།།
དངོས་པོའི་འགྲོ་ལུགས་གནས་ཚུལ་རྟོགས་སླ་ཞིག།།
གྲངས་མེད་ཅེས་པ་རྟག་བརྟན་མ་ཡིན་ཞིང་།།
འཕེལ་མེད་བྲི་བ་ཡོད་པས་ཅི་ནས་ཀྱང་།།
སྔ་སོར་མི་གནས་མཐར་ནི་ཟད་པའང་ཡོད།།
སྲིད་པ་འདི་ནི་ཟློག་མེད་གནམ་ལྕགས་ཟླ།།
དེ་ཕྱིར་འཕེལ་མེད་བྲི་ཡོད་རྣམ་གཞག་འདི།།
སངས་རྒྱས་པ་ལ་ཤིན་ཏུ་མཛེས་མིན་ཏེ།།
སངས་རྒྱས་མཐའ་མར་འཕྲིན་ལས་མེད་པའམ།།
སེམས་ཅན་མཐའ་མ་འཚང་ནི་ཇི་ལྟར་རྒྱ།།
བདེ་གཤེགས་ས་ལ་གཤེགས་པའི་གང་ཟག་དག།།
སྣ་མང་འགྲོ་ཚོགས་སྨིན་གྲོལ་ཚོགས་བསགས་དེར།།
མ་བལྟོས་རང་གར་སོང་བ་མ་ཡིན་གཤིས།།
ལེགས་པར་བསམས་ན་ཅིས་ཀྱང་སེམས་ཅན་ཟད།།
མདོར་ན་གང་ལ་བྲི་བ་ཡོད་གྱུར་ན།།
འཕེལ་བའང་མི་འབྲལ་ཡོད་པའི་རྟེན་འབྲེལ་ལྟར།།
རིམ་གྱིས་བྲི་བ་ཡོད་བཞིན་སེམས་ཅན་ལ།།
འཕེལ་བའང་ཡོད་པར་ཅིས་ཀྱང་འདོད་པར་འཐད།།
དེ་ཕྱིར་སེམས་ཅན་གསར་སྐྱེ་འདོད་པ་ནི།།
འོས་མེད་རིགས་པས་གྲུབ་ཕྱིར་མི་འདོད་ན།།
གོང་བཤད་སྐྱོན་དག་སྤོང་བའི་ཐབས་བྲལ་བས།།
ཅིས་ཀྱང་སེམས་ཅན་གསར་སྐྱེ་འདོད་དགོས་སོ།།
འོ་ན་སེམས་ཅན་གསར་པའི་རིག་པ་དེ།།
རིགས་འདྲ་སྔ་མ་སྔོན་སོང་མ་ཡིན་པས།།
དེ་ལྟ་ན་ནི་རིག་པའི་དབང་ཕྱུག་གི།།
སྐྱེ་བ་སྔ་ཕྱི་སྒྲུབ་རིགས་ལྟར་སྣང་འགྱུར།།
དེ་བཞིན་རྒྱང་འཕེན་པ་ཡི་གྲུབ་མཐར་ལྷུང་།།
ས་རྡོ་སོགས་ལའང་རིག་པ་ཁས་ལེན་རིགས།།
ལ་སོགས་གནོད་བྱེད་ཆར་ལྟར་འབབ་བོ་ཞེས།།
སྨྲ་ངེས་འདི་ཡང་དཀའ་བའི་གནད་ཅིག་གོ།།
འོན་ཀྱང་ལེགས་དཔྱད་ལས་འབྲས་བསམ་མི་ཁྱབ།།
ངང་ཚུལ་འདི་ལ་ཡིད་ཆེས་བརྟན་གྱུར་ན།།
དཀའ་བའི་གནད་ཀྱང་དཀའ་བ་མེད་པར་སྣང་།།
དེ་ཕྱིར་བདག་ནི་རྟོག་པས་འདི་ལྟར་སྨྲ།།
སེམས་ཅན་ལས་ཚུལ་བསམ་གྱིས་མི་ཁྱབ་པས།།
སེམས་ཅན་གཅིག་གི་རིག་པས་རིག་པ་གཞན།།
སྔར་མེད་གསར་སྐྱེ་ཉེར་ལེན་རིགས་པ་དང་།།
གཅིག་གིས་དུ་མའི་ཉེར་ལེན་ཀྱང་ནི་རིགས།།
གཞན་ཡང་སེམས་ཅན་སྤྱི་མཐུན་ལས་ཚུལ་ལས།།
དེ་དག་ཀུན་གྱི་རིག་པས་ཉེར་ལེན་བྱས།།
སྔར་མེད་རིག་པ་གསར་སྐྱེ་མི་ཆོག་པའི།།
འཐད་པ་སྲིད་མཐར་བཙལ་ཀྱང་མི་རྙེད་སྙམ།།
དེས་ན་རིག་པ་སྔ་མ་སྔོན་མ་སོང་།།
ལ་སོགས་སྐྱོན་ནི་རྡུལ་དུ་བརླགས་གྱུར་པས།།
སེམས་ཅན་གསར་སྐྱེ་འདོད་འདི་རིགས་ཤིང་འཐད།།
དེ་མིན་སངས་རྒྱས་པ་ལ་གནོད་བྱེད་མང་།།
མདོར་ན་འཁོར་བར་ཐོག་མ་མེད་པ་དང་།།
སེམས་ཅན་གསར་སྐྱེ་མེད་པའི་བཞེད་སྲོལ་འདི།།
ཇི་ལྟར་བསམས་ཀྱང་རྙོག་འཛིང་ཆེར་འཕེལ་བའི།།
སངས་རྒྱས་པ་ལ་དཀའ་རྙོག་ཆེན་པོ་ཞིག།།
མེད་པ་ནས་ཡོད་པར་གྱུར་བ་ལ་སྐྱེ་བ་ཟེར། ཡོད་པ་ནས་མེད་པར་གྱུར་བ་ལ་འགག་པ་ཟེར། དངོས་པོ་ཡིན་ན་གསར་སྐྱེས་ཡིན་པས་ཁྱབ། སྐྱེས་ཙམ་ནས་འཇིག་པའི་ཆོས་ཅན་དུ་གྲུབ་པ་ནི་དངོས་པོ་སྟེ་མི་རྟག་པའི་རང་བཞིན་དུ་གྲུབ། སྐད་ཅིག་སྐད་ཅིག་གིས་འགྱུར་བ་ལ་གསར་སྐྱེས་ཟེར།
འཁོར་བ་ལ་ཐོག་མ་ཡོད་པར་ཁས་ལེན་ན། ཡོད་ན་ག་འདྲ་སེ་ཡོག་རེད། ག་དུས་ནས་འགོ་ཚུགས་པ་རེད་དམ། ཞེས་དྲི་བ་བཀོད་ན་ལན་ཞིག་དགོས་གི་རེད། དེར་སུས་ཀྱང་ལན་རྒྱག་ཐུབ་མཁན་མེད་པ་རེད།
གལ་ཏེ་གྲངས་ཀ ་ཞིག་རྩིས་ཁུལ་བྱས་ཡང་། ནམ་མཁའི་ཁྱོན་ལ་དཀྱིལ་ནས་མཐའ་ལ་ཐུག་ཏུ་མེད་པ་དང་། འཇིག་རྟེན་གྱི་ཁམས་ལ་གྲངས་བགྲང་དུ་མེད་པས་ན། འཇིག་རྟེན་གཅིག་གི་སེམས་ཅན་གྱི་གྲངས་ཙམ་ཡང་རང་རེའི་བློ་ཡིས་བགྲང་དུ་ནུས་པ་ཞིག་མིན། དེས་ན་རི་བོང་གནམ་བལྡིབ་གྱི་སྡུག་བསྔལ་དང་བྱིས་པས་འཇའ་མཚོན་འཛིན་འདོད་པའི་སྒྲུང་གཏམ་དེ་ཚོ་ལེགས་པར་བཀླགས་ཏར་དོན་ཡིད་ལ་འཇགས་པར་བྱ་རྒྱུ་གལ་ཆེན་པོ་རེད་ཡ།
སངས་རྒྱས་པའི་གཞུང་ལུགས་རབ་འབྱམས་ནས་འཁོར་བའི་ཐོག་མཐའ་དཔྱིས་ཕྱིན་པ་ཤོད་ཟིནའང་། ད་དུང་འབྲོང་ཞིག་གིས་ངུར་རྒྱངས་འཐེན་ནས་ཅི་བྱ།
མིག་གིས་ཟིན་དུ་ཡོད་པས་ཡོད་སྙམ་ཤར། །
རིག་པས་དེད་ན་མེད་མེད་ལྟར་སྣང་ལ། །
ཡོད་མེད་གཉིས་ཀའི་བར་ནས་འཁོར་བ་ཡི། །
ཐམས་ཅད་སེམས་ཀྱིས་བསླུས་པ་མཐོང་བར་ཤོག །
སེམས་ཅན་ལ་ཚད་ཡོད་ན་རེ་རེ་བཞིན་ཉུང་དུ་འགྲོ་ཆུག་ཀྱང་སེམས་ཅན་ལ་ཚད་མེད་པས་ཉུང་དུ་ཇི་ལྟར་འགྲོ དེས་ན་འབྲོག་ངུར་བས་སེམས་ཅན་གྱི་ཚད་རྙེད་པ་གྱིས་དང་བཟོད་མཐའ་ཡོད་མེད་བཤད་ཆོག
འཁོར་བ་ལ་ཐོག་མ་མེད་ཀྱང་མཐའ་མ་ཡོད། ནམ་མཁའ་ལ་དབུས་ཡོད་ཀྱང་མཐའ་མེད། དབུ་མ་བཞི་བརྒྱ་བ་ལས། ཉན་པ་པོ་དང་མཉན་བྱ་དང་།།སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན།།དེ་ཕྱིར་མདོར་ན་འཁོར་བ་ནི།།མཐའ་ཡོད་མ་ཡིན་མཐའ་མེད་མིན།།ཞེས་གསུངས་པ་ལྟར་མུན་པའི་བསྐལ་བ་སྟེ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་བསྐལ་བ་རྐྱང་རྐྱང་ལ་ཕྲད་ན་གང་ཟག་དེའི་འཁོར་བ་མཐའ་ཅན་མིན་ལ། སྒྲོན་མེའི་བསྐལ་བ་སྟེ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་དང་ཕྲད་ན་གང་ཟག་དེའི་འཁོར་བ་མཐའ་ཅན་ཡིན་པར་བཤད་ཡོད། གང་ཟག་རེ་རེའི་འཁོར་བ་མཐའ་ཅན་ཡིན་མིན་ནི་གང་ཟག་རང་རང་གི་དམ་པའི་ཆོས་སྒྲུབ་པའི་སྐལ་བ་ཡོད་མེད་ལ་རག་ལས་ཤིང་དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ཡོད་མེད་ཀྱི་རྗེས་སུ་འགྲོ །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།སྲིད་པར་རྩ་བ་གཅོད་པར་མི་ནུས་པས།།དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།ཅེས་གསུངས་པ་ལྟར་རོ།།ནང་གི་རྟེན་འབྲེལ་དང་ཕྱིའི་རྟེན་འབྲེལ་གཉིས་བཤད་པ་ལས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་ནི་ནང་གི་རྟེན་འབྲེལ་ཡིན། རྗེ་གུང་ཐང་བས་ཕྱིའི་རྟེན་འབྲེལ་ལ་དཔེ་སྦྱར་ནས་འདི་ལྟར་གསུངས།
སྲིད་པའི་རྩ་བ་མ་རིག་ཞིང་པ་ཡིས།།ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ།།
སྲེད་དང་ལེན་པའི་ཆུ་ལུད་ཀྱིས་གསོས་པས།།ས་བོན་སྟོབས་རྒྱས་སྲིད་པའི་ངོ་བོར་འཕོས།།
དེ་ལས་སྐྱེ་བའི་རང་བཞིན་མིང་གཟུགས་ཀྱི།།མྱུ་གུ་འབུས་ཤིང་སྐྱེ་མཆེད་སྡོང་བུར་འདྲིལ།།
རེག་པའི་མེ་ཏོག་ཚོར་བའི་འབྲས་སྨིན་ཡང་།།རྒ་ཤིས་བརྔས་ཏེ་སླར་ཡང་སྲིད་པར་འདེབས།།
ཇི་སྲིད་བདག་མེད་མེ་ཡིས་མ་བཅོམ་པ།།དེ་སྲིད་སྐྱེ་ཤིའི་འཁོར་ལོ་བསྐོར་དགོས་པས།།
གནས་ལུགས་ཟབ་མོས་བག་ཆགས་ཅི་ཐེབས་ཀྱིས།།སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་ཤོག།
རྗེ་སྒམ་པོ་པས། དེ་ལ་འཁོར་བ་ཞེས་བྱ་བ་ནི་རང་བཞིན་སྟོང་པ་ཉིད་ཡིན། རྣམ་པ་འཁྲུལ་པ་ཡིན། མཚན་ཉིད་སྡུག་བསྔལ་དུ་ཤར་བ་ཡིན་ནོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་རང་བཞིན་སྟོང་པ་ཉིད་ཡིན། རྣམ་པ་འཁྲུལ་པ་ཐམས་ཅད་ཟད་ཅིང་ཡལ་བ་ཡིན། མཚན་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དེ་ལ་འཁོར་བར་འཁྲུལ་པ་འདི་ཡང་། སུ་འཁྲུལ་ན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་ལོ། །གཞི་ཅི་ལས་འཁྲུལ་ན། སྟོང་པ་ཉིད་ལས་འཁྲུལ་ལོ། །རྒྱུ་ཅི་ལས་འཁྲུལ་ན། མ་རིག་པ་ཆེན་པོས་འཁྲུལ་ལོ། །ཚུལ་ཇི་ལྟར་འཁྲུལ་ན། འགྲོ་བ་རིགས་དྲུག་གི་སྤྱོད་ཡུལ་དུ་འཁྲུལ་ལོ། །དཔེ་ཇི་ལྟར་འཁྲུལ་ན། གཉིད་དང་རྨི་ལམ་ལྟར་འཁྲུལ་ལོ། །དུས་ནམ་ནས་འཁྲུལ་ན། འཁོར་བ་ཐོག་མ་མེད་པ་ནས་འཁྲུལ་ལོ། །འཁྲུལ་པ་ལ་སྐྱོན་ཅི་ཡོད་ན། སྡུག་བསྔལ་འབའ་ཞིག་ལ་སྤྱོད་དོ། །འཁྲུལ་པ་ཡེ་ཤེས་སུ་ནམ་འགྱུར་ན། བླ་མེད་ཀྱི་བྱང་ཆུབ་ཐོབ་ཙ་ན་འགྱུར་རོ། །༜འཁྲུལ་པ་ལ་རང་སངས་ཡོད་དམ་སྙམ་ན།༜ འཁོར་བ་མཐའ་མེད་པར་གྲགས་པ་དེ་ཡིན་ནོ། །
དེའི་དོན་ནི་་་་་་འཁོར་འདས་གཉིས་ཀྱིས་བསྡུས་བའི་ཆོས་འདི་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་ཡིན་པ་ལ། མ་རིག་པའི་དབང་དུ་ལས་དང་ཉོན་མོང་པའི་འཁྲུལ་སྣང་དུ་ཤར་བ་འདི་ལ་ཐོག་མ་དང་ཐ་མ་ག་ལ་ཡོད། རྒྱུ་མཚན་ནི་འཁྲུལ་སྣང་ཡིན་པའི་ཕྱིར། འབྲི་གུང་པས། དམ་ཆོས་དགོངས་གཅིག་ལས། སྤྲོས་པ་བྲལ་ཕྱིར་འཁོར་བ་མཐའ་མེད་ཡིན་གསུངས། མདོར་ན་འཁོར་བའི་རང་བཞིན་རྡུལ་ཙམ་མ་གྲུབ་པའི་གཤིས་འདི་མ་ཤེས་པ་འམ་མ་རིག་པས་ཚད་གྲུབ་དང་མགལ་འདུ་ཁོ་ན་ཡོང་བ་ཁག་མེད། ཆོས་རྗེ་ཡིད་བཞིན་ནོར་བུ་ལགས་སྐྱབས་སུ་མཆི།
འབྲོང་ངུར་ལ་བསྟོད་དོ། མངོན་པར་བསྟོད་དོ༎ འབྲོང་ངུར་གྱི་རྣམ་དཔྱོད་ལ་བསྟོད་དོ༎
རིག་པར་ཐོག་མ་མེད་ཕྱིར་་འཁོར་བའི་ཐོག་མའང་མེད། །
སེམས་ཅན་གསར་སྐྱེ་་འདོད་ན་ཆོས་ཉིད་རིགས་པས་གནོད། །
སྒེར་གྱི་འཁོར་བ་མཐའ་མ་ཡོད་པ་རིགས་པས་བསྒྲུབས། །
སྤྱི་ཡི་འཁོར་བའི་མཐའ་ཡོད་མཐའ་མེད་རྩོད་དོན་མེད། །
འབྲོང་ངུར་ལགས། སེམས་ཅན་གང་ཞིག་རྣམ་པར་ཤེས་པའི་རྒྱུན་མ་ཡིན་པ་ལས་སྐྱེ་ཨེ་ཐུབ། སེམས་ཅན་གང་གི་རྣམ་པར་ཤེས་པའི་རྒྱུན་མཐའ་མ་ཤེས་པ་མ་ཡིན་པའི་གཟུགས་ཀྱི་ངོ་བོར་འགྲོ་རྒྱུ་ཨེ་ཡོད།
སེམས་ཅན་གང་ཞིག་རྣམ་པར་ཤེས་པའི་རྒྱུན་མ་ཡིན་པ་ལས་སྐྱེས་པ་ཡང་འདུག་ལ། མཐར་ཤེས་མེད་གཟུགས་ཀྱི་ངོ་བོར་འགྱུར་འགྲོ་བའང་འདུག ད་དུང་དེ་མ་ཡིན་པའི་ཡ་མཚན་ཅན་བརྗོད་ཀྱིས་མི་ལོང་བ་ཞིག་ཀྱང་འདུག་ཀྱང་། དེ་དག་ལྷན་རྒྱས་ཚོས་གཟིགས་ཡོད་མེད་ཅི་ཤེས།
གཞི་སྟོང་བ་ཉིད་ལས་འཁྲུལ་ལོ། །ཞེས་རྗེ་སྒམ་པོ་པས་གསུངས་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་བ་ཉིད་ཀྱི་རྣམ་འགྱུར་དུ་མཐོང་ཡང་ཐོག་མ་མེད་པ་ནས་རང་དང་ལྷན་ཅིག་ཏུ་འགྲོགས་པའི་གཉུག་སེམས་ཀྱི་ཆོས་ཉིད་མ་རྟོགས་པའི་དབང་གིས་འཁོར་བར་འཁོར་ཚུལ་གསུངས་ཀྱི་ཡོད་སྙམ།
འདོད་ལྷ་ཁམས་པར་ཕར་འདྲི་ཞིག་བྱ་རྒྱུ་ཡིན། དེ་ཡང་། ཁྱེད་ཀྱིས་ཟ་བཞིན་པའི་འབྲས་དང་རྡ་ལི་དེ་དག་ལ་ངས་མཛུབ་མོ་བཙུགས་ནས། འབྲས་དང་རྡ་ལི་འདི་དག་ལ་ཐོག་མ་ཡོད་དམ་མེད་ཅེས་དྲིས་ན་ལན་ཅི་ཞིག་འདེབས་སམ། གལ་སྲིད་ཁྱེད་ཀྱིས་འབྲས་དང་རྡ་ལི་འདི་དག་ལ་ཐོག་མ་ཡོད་ཅེས་སྨྲས་ན། ཡོད་ན་ག་འདྲས་ཡོད་རེད། ག་དུས་ནས་མགོ་ཚུགས་པ་རེད་དམ། ཞེས་འདྲི་བ་བཀོད་ན་ལན་ཇི་ལྟར་འདེབས། འབྲས་དང་རྡ་ལི་འདི་དག་ལ་ཐོག་མ་ཡོད་མ་རེད་ཅེས་སྨྲས་ན་རང་གཞན་ཀུན་དགོད་པར་མི་འགྱུར་རམ། དེར་བརྟེན་གནད་ཀྱི་དོན་པོ་ནི། འབྲས་རྡོག་པོ་གཅིག་ལ་མཚོན་ནའང་། དེ་ལ་ཐོག་མ་ཡོད་པ་ནི་ང་ཚོ་སུས་ཀྱང་ཐེ་ཚོམ་མི་དགོས་པར་ཤེས་ཀྱང་། ཐོག་མ་དེ་དུས་ཚོད་ཚེས་གྲངས་ག་དུས་རེད་ཅེས་ཞིབ་ཚགས་དྲིས་ན་སུས་ཀྱང་ལན་ཐེབས་དཀའ་བ་ཞིག་རེད། ཡིན་ནའང་འབྲས་དེ་ལ་ཐོག་མ་ནི་ཡོད་ཡོད་པ་རེད། མ་ཟད་འབྲས་རྡོག་གཅིག་ཞིང་ལ་བཏབ་པས་འབྲས་རྡོག་བཅུ་བཅོ་ལྔ་གསར་དུ་སྐྱེ་བ་མངོན་སུམ་དང་། འབྲས་སྒྱེ་མོ་གཅིག་ཞིང་ལ་བཏབ་པས་འབྲས་སྒྱེ་མོ་ཉི་ཤུ་སུམ་ཅུ་གསར་སྐྱེ་འབྱུང་བའང་མངོན་སུམ་རེད།
བོད་ལ་ཞེན་གྱིས། སེམས་ཅན་ལ་ཚད་ཡོད་མེད་རྙེད་པར་གྱིས་གསུངས་པ་ནི། གོང་འཁོད་ངའི་རྩོམ་དེར་ཡག་པོ་མ་གཟིགས་པ་འདྲ། དེའི་སྐོར་དོགས་སློང་བཅས་ཧ་ཅང་གསལ་པོ་བྲིས་ཡོད། དེར་ཡང་བསྐྱར་གཟིགས་པར་ཞུ།
ལྕགས་འགོར་ལགས་ཀྱིས། སེམས་ཅན་གང་ཞིག་རྣམ་པར་ཤེས་པའི་རྒྱུན་མ་ཡིན་པ་ལས་སྐྱེ་ཨེ་ཐུབ། སེམས་ཅན་གང་གི་རྣམ་པར་ཤེས་པའི་རྒྱུན་མཐའ་མ་ཤེས་པ་མ་ཡིན་པའི་གཟུགས་ཀྱི་ངོ་བོར་འགྲོ་རྒྱུ་ཨེ་ཡོད། ཅེས་དྲི་བ་དང་པོ་དེ་ནི་ངས་རྟག་ཏུ་འགག་རྩའི་ནང་གི་འགག་རྩ་ཆེ་ཤོས་དེ་རེད་དྲན་དང་དྲན་བཞིན་ཡོད། ཤར་ཕྱོགས་ཀྱི་འོད་སྣང་ལགས་ཀྱིས་དེ་སྐོར་གསུང་རྒྱུ་ཡོད་རབས་བྲིས་འདུག་ཀྱང་ཁ་གསལ་མི་འདུག་པས་རྗེས་སུ་གསལ་ཁ་གནང་རྒྱུ་རེ་བ་ཡོད། སྐབས་འདིར་ང་རང་གི་དྲན་ཚུལ་ལྟར་ན། རྩོམ་ཡིག་འདིའི་ནང་དུ་སེམས་ཅན་གསར་སྐྱེ་ཡོད་ན་སེམས་ཅན་གང་ཞིག་རྣམ་པར་ཤེས་པའི་རྒྱུན་མ་ཡིན་པ་ལས་སྐྱེ་མི་དགོས་པར་བཤད་ཡོད། རྩོམ་ཡིག་ནང་ཧ་ཅང་གསལ་པོར་བྲིས་ཡོད། སེམས་ཅན་གཅིག་གི་ཤེས་པའམ་རིག་པས་ཉེར་ལེན་བྱས་ནས་སེམས་ཅན་གསར་པ་གཉིས་ནས་བཅུ་སོགས་སྐྱེ་ཆོག་པ་དང་། སེམས་ཅན་དུ་མའི་ཤེས་པས་ཉེར་ལེན་བྱས་ནས་གསར་པ་གཅིག་སྐྱེ་རུང་བར་ཡང་སྙམ། དཔེར་ན་གོང་དུ་འབྲས་རྡོག་གཅིག་ལ་བརྟེན་ནས་འབྲས་རྡོག་བཅུ་བཅོ་ལྔ་སྔར་མེད་གསར་དུ་སྐྱེ་བ་ལྟར་ཡིན་ཏེ། དེ་ཡང་གཞུང་རྣམས་ལས་སྤྲུལ་པ་སྐྱེད་ཚུལ་དང་སྤྲུལ་པའི་སྒོ་ནས་སྐྱེ་བ་ལེན་ཚུལ་གསུངས་པ་དེ་དག་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་འདོད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའོ་ཞེས་ཡོངས་སུ་གྲགས་པ་ལྟར་སྤྲུལ་པ་ལྔ་པོ་དེར་ཤེས་པའམ་རིག་པ་ཡོད་དམ་མེད་ཟེར་ན་ཡོད་ཅེས་སྨྲ་ངེས། སྤྲུལ་པའི་གང་ཟག་ལྔ་པོ་དེ་དང་སྤྲུལ་གཞི་བཅས་ཀྱི་ཤེས་པ་གཅིག་ཡིན་པ་ནི་སུས་ཀྱང་འདོད་མི་རིགས་པས། ཤེས་པ་དྲུག་ཡོད་པ་མངོན་གསལ་ཡིན། སྤྲུལ་པའི་ཤེས་པ་ལྔ་པོ་དེའི་ཉེར་ལེན་གང་ཡིན་ཟེར་ན། སྤྲུལ་གཞིའི་ཤེས་པ་དེ་ག་རང་ཡིན་ཞེས་བརྗོད་རྒྱུ་ལས་གཞན་མེད། སྤྲུལ་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་དེ་སྤྲུལ་གཞིའི་ཤེས་པ་ལ་བརྟེན་ནས་སྐྱེ་ཡང་སྔར་ཡོད་མ་མྱོང་བ་ཞིག་ཡིན་ཡིན་པ་རེད། མདོར་བསྡུས་ཙམ་ཡིན།
ཡང་ཧ་ཅང་གཏིང་ཟབ་པོ་ཟབ་པོའི་ཐོག་ནས་གཞིགས་ན། ཁ་ཅིག་གིས་སྟོང་སངས་གནམ་མཁའི་ཀློང་ནས་ནུས་ཤུགས་ཤིག་ལ་བརྟེན་ནས་ཤེས་པ་ཐོག་མ་གྲུབ་པར་བཤད་པ་དང་། རྒྱང་འཕེན་པས་འབྱུང་བ་བཞི་འདུས་ལ་བརྟེན་ནས་གསར་དུ་འབྱུང་བར་སྨྲས་པ་དག་ལའང་གོ་རྒྱུ་གཏན་ནས་མེད་པ་ཞིག་རེད་མི་འདུག ཤེས་པའི་རྒྱུན་སྔ་མ་ངེས་པར་དུ་ཤེས་པ་རང་ཡིན་དགོས་པའི་བཙན་ཁྲིམས་ཤིག་འཇོག་དགོས་ནའང་དཀའ་མོ་ཞིག་མིན་ནམ་སྙམ།
དྲི་བ་གཉིས་པ་སེམས་ཅན་གང་གི་རྣམ་པར་ཤེས་པའི་རྒྱུན་མཐའ་མ་ཤེས་པ་མ་ཡིན་པའི་གཟུགས་ཀྱི་ངོ་བོར་འགྲོ་རྒྱུ་ཨེ་ཡོད་ཅེས་པ་འདིའི་སྐོར་མནོ་བསམ་ཞེ་དྲག་བསྐོར་མྱོང་མེད། གཞུང་ལུགས་ཀྱི་བཤད་ཚུལ་ལྟར་ན་བྱེ་མདོ་གཉིས་ཀྱིས་དགྲ་བཅོམ་ཐོབ་པ་ན་མར་མེ་ཤི་བ་ལྟར་རྒྱུན་འཆར་པར་འདོད་པ་དང་། དབུ་སེམས་གཉིས་ཀྱིས་ཤེས་རྒྱུན་གཏན་ནས་འཆད་རྒྱུ་མེད་པར་གསུངས། ཕྱི་རོལ་པ་ཁ་ཅིག་གིས་གནམ་ཁའི་ཀློང་དུ་ཐིམ་པར་བཤད་པ་ལས་ཤེས་རྒྱུན་མཐའ་མ་གཟུགས་ཀྱི་ངོ་བོར་འགྲོ་རྒྱུ་ཡོད་པ་ཞིག་བཤད་པ་མ་མཐོང་། འདིའི་སྐོར་ཞེ་དྲག་ཞུ་ཤེས་མ་སོང་བས། ཤར་ཕྱོགས་ཀྱི་འོད་སྣང་ལགས་ཀྱིས། ༼སེམས་ཅན་གང་ཞིག་རྣམ་པར་ཤེས་པའི་རྒྱུན་མ་ཡིན་པ་ལས་སྐྱེས་པ་ཡང་འདུག་ལ། མཐར་ཤེས་མེད་གཟུགས་ཀྱི་ངོ་བོར་འགྱུར་འགྲོ་བའང་འདུག ད་དུང་དེ་མ་ཡིན་པའི་ཡ་མཚན་ཅན་བརྗོད་ཀྱིས་མི་ལོང་བ་ཞིག་ཀྱང་འདུག་ཀྱང་། དེ་དག་ལྷན་རྒྱས་ཚོས་གཟིགས་ཡོད་མེད་ཅི་ཤེས།༽ ཞེས་གསུངས་འདུག་པས་ཁོང་ལ་གནས་ལུགས་རྒྱུ་མཚན་གསུང་རྒྱུ་ཡོད་པ་འདྲ། འདིའི་སྐོར་ཁོང་ལ་སྐྱབས་འཇུག་ཞུ་རྒྱུ་ཡིན།
སྐབས་འདིར་ང་རང་གི་འདོད་པ་ནི། ནང་པའི་གཞུང་ལུགས་ཀྱི་ཕྱོགས་བཞི་མཚམས་བརྒྱད་གང་ནས་བལྟས་ཀྱང་སེམས་ཅན་གསར་སྐྱེ་ངེས་པར་དུ་འདོད་དགོས་པ་དང་ཡོད་དགོས་པ་ཞིག་ཏུ་གྱུར་འདུག་སྙམ་པ་དེ་རེད། འོ་ན་གསར་པ་སྐྱེས་ན་སྐྱེ་སྟངས་གང་འདྲ་ཡིན་མིན་དེའི་སྐོར་བསམ་གཞིག་བྱ་རྒྱུ་ནི་གནད་དོན་ཞིག་རེད། འཁོར་བ་ལ་ཐོག་མ་ཡོད་པར་ནི་དོགས་པ་གཏན་ནས་མི་འདུག བསམ་བློ་གཏིང་ཟབ་མོ་ཞིག་བཏང་ན། སེམས་ཅན་གསར་སྐྱེ་ཡོད་པའི་ཕྱོགས་འདི་བློ་ལ་བབ་ཆེ་བ་ཞིག་ཡིན་པ་ནི། ཚང་མས་ཤེས་གསལ་རེད།
མིག་བརྒྱད་པ་དང་gonpoརྣམ་གཉིས་ཀྱིས་ལུང་མང་པོ་ཞིག་དྲངས་འདུག་ཀྱང་། ནང་པ་མ་ཡིན་པ་གཞན་ཞིག་གིས་སེམས་ཅན་གསར་སྐྱེ་ཡོད་མིན་དང་འཁོར་བ་ལ་ཐོག་མ་ཡོད་མིན་སྐོར་དྲིས་ན་ལུང་དེ་དག་ཁས་ལེན་གྱི་མ་རེད། དེའི་ཚེ་ལུང་དྲངས་པ་ཙམ་མིན་པར་དངོས་ཤུགས་བརྒྱུད་གསུམ་གང་གི་སྒོ་ནས་ཡིན་ནའང་ལན་ཡག་པོ་ཞིག་རྒྱག་ཤེས་དགོས་པ་རེད།
ནང་ཆོས་ཀྱི་ལྟ་གྲུབ་བཤད་དུས་ལུང་ལ་བརྟེན་དགོས་པ་གལ་ཆེན་རེད། གང་ཡིན་ཟེར་ན་རང་ཉིད་ཆོས་རྗེ་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཕྱིར།་་་་་་་་་་་་་རྗེ་སྒམ་པོ་པས། རང་གྲོལ་མེད་པའི་གནད་ཀྱིས། འཁོར་བ་མཐའ་མེད་པར་གྲགས་པ་ཡིན་གསུངས། རང་ཞེས་བ་ནི་་་་་་་་་འཁོར་བ་ཁོ་རང་གི་ཁོ་རང་གྲོལ་བ་མེད་ཟེར་བ་ཡིན། རྒྱུ་མཚན་ནི་མ་རིག་པ་ཡིན་པའི་གནད་ཀྱིས་སོ། གནས་ཚུལ་ཇི་ལྟ་བ་མ་ཤེས་པ་འམ་མ་རིག་པའི་རྒྱུ་ལས་འབྲས་བུ་རིག་པའི་ཡེ་ཤེས་སྐྱེ་མི་སྲིད་བ་ལགས། དེའི་གནད་ནི་རྒྱུ་འབྲས་བདེན་པ་མི་བསླུ་བས་སོ།
སེམས་ཅན་སྤྱི་བཙན་ལ་འཁོར་བའི་ཐ་མ་མེད།
གང་ཟག་སྒོས་བཙན་ལ་འཁོར་བའི་ཐ་མ་ཡོད་པར་འདོད།
སྤྱིར་ནི་འཁོར་བའི་སེམས་ཅན་རྣམས་འཁོར་བར་འཁོར་བ་ནི་རྐུན་ཇག་ལས་སོགས་མཚམས་མེད་ལྔ་ཡི་ལས་བྱས་པའི་རྐྱེན་གྱིས་མིན་པར། རང་རང་ལ་ཡོད་པའི་སེམས་ཉིད་ནོར་བུ་རིན་པོ་ཆེ་དེ་མ་རྟོགས་ནས་འཁོར་བ་རེད།
སྔར་གྱི་རྣམ་ཤེས་ཀྱི་རྒྱུན་མེད་པའི་སེམས་ཅན་གསར་སྐྱེས་ཡོད་མི་སྲིད།
དེ་ལྟར་ན་ནང་ཆོས་ནས་བཤད་པའི་མ་དག་པའི་རྟེན་འབྲེལ་སྐོར་གྱི་བཤད་པའི་གཞུང་ཆེན་དེ་དག་སྒོ་རྒྱབ་དགོས་ཆགས་སྲིད།
འོན་ཀྱང་སེམས་ཅན་ཉུང་ནས་ཉུང་དུ་རིམ་གྱིས་གྲངས་ཉུང་ཞིག་ཆགས་འགྲོ་བའི་དྭོག་པ་ཡོད།
གང་ཡིན་ཟེར་ན། སེམས་ཅན་གཅིག་སངས་རྒྱས་དུས་རྣམ་ཤེས་སྔར་རྒྱུན་མེད་པའི་སེམས་ཅན་ནི་མེད། གཅིག་སངས་རྒྱས་དུས་ཁམས་གསུམ་གྱི་གནས་སུ་སེམས་ཅན་གཅིག་མེད་པ་ཆགས་ཏེ་སེམསམ་ཅན་གཅིག་ཉུང་དུ་ཕྱིན་པ་རེད།
འདི་འདྲ་ལ་བསམ་དུས་འཇིག་རྟེན་ལྷ་ཡིས་བཀོད་པ་བྱས་པ་རེད་ཟེར་བ་དེར་མི་བདེན་རྒྱུ་མི་འདུག
འཇིག་རྟེན་བཀོད་པོ་འདོད་པས་དང་པོ་རང་ནས་སེམས་ཅན་གྱི་གྲངས་ཚད་ཅིག་བྱས་ཏེ་རིམ་བཞིན་ཉུང་དུ་འགྲོ་རྒྱུའི་ཉག་གཅིག་རེད།
འབྲོང་ངུར་ལགས།
ཁྱེད་ང་པུ་གུ་ཆུང་ཆུང་གི་ཚབ་ལ་བཞག་འདུག འབྲས་དང་རྡ་ལི་དཔེ་ལ་བཞག་ནས་བཤད་འདུག
འགྲིག་གི་རེད། འབྲས་དང་རྡ་ལི་ནི་མིག་མཐོང་ལག་ཟིན་གི་དཔེ་ཞིག་རེད། ཧྲ་གི འོ་ན་ངས་ཅིག་་འདྲི།
འབྲས་རྡོག་གཅིག་ཞིང་ལ་བཏབ་ན་འབྲས་རྡོག་བཅུ་བཅོ་ལྔ་གསར་དུ་སྐྱེ་བ་དང་། འབྲས་སྒྱེ་མོ་གང་ཞིང་ལ་བཏབ་ན་འབྲས་སྒྱེ་མོ་ཉི་ཤུ་སུམ་བཅུ་རེ་གསར་དུ་སྐྱེས་པ་མངོན་སུམ་རེད་ཟེར།
ཁྱེད་སྐད་ཆ་འདི་ལ་ང་དགོད་རྒྱུ་ལངས་ནས་མི་བ་གི གང་ཡིན་ཟེར་ན། མི་ཁྱེད་ད་རུང་ཡང་རྒྱུ་དང་འབྲས་བུ་ཟེར་བ་ཞིག་གོ་མྱོང་མེད་པ་འདྲ། ངས་ཁྱོད་ལ་ཤོད་ཆོག འཇིག་རྟེན་ན་ཡོད་པའི་ཅ་དངོས་ཡོད་ཚད་ཚང་མ་གཅིག་ཀྱང་ཡང་མ་ལུས་པར་གསར་སྐྱེས་ཡིན་ནི་མི་ཚད་རྒྱུ་དང་འབྲས་བུ་ཡང་ཡིན།
འཇིག་རྟེན་གི་ཅ་དངོས་ཡོད་ཚད་ལོ་རེ་དང་ཟླ་རེ། ཉིན་ཞག་རེ་རེ་དང་དུས་ཚོད་རེ་རེའི་ནང་གཅིགགཅིག་གི་འབྲས་བུ་དང་། གཅིག་གཅིག་གི་རྒྱུ་བྱས་ནས་འགྲོ་གི་ཡོད། དེ་འདྲ་མ་ཡིན་པའི་ཅ་དངོས་ཅིག་འཇིག་རྟེན་ན་མེད། དེ་ལ་དུས་ཡུན་དང་སྔ་ཕྱིའི་ཆ་ནས་རྒྱུ་འབྲས་ཟེར་ལ་གསར་སྐྱེ་ཡང་ཟེར། མིང་འདོགས་ལུགས་མ་གཅིག་པ་ཙམ་ཡིན། མ་མཐར་ཡང་དེ་ངོས་ཟིན་པ་གནང་དགོས།
དེ་ནས། ཁྱེད་སེམས་ལ་འབྲས་རྡོག་གཅིག་ལ་ཐོག་མ་ཡོད་རེད་སྙམ་ན། དེ་ཡང་ཆོག་གི་རེད། ངའི་སེམས་ལ་འབྲས་རྡོག་གཅིག་པོ་དེ་གང་བྱུང་མིན་དེ་ཤེས་དགོས་གི་རེད། ཁྱེད་སེམས་ལ། དེ་ལས་སླ་བོ་རེད། འབྲས་རྡོག་སྔོན་མའི་ས་བོན་ནས་བྱུང་བ་རེད་ཟེར་སྲིད། རེད། འབྲས་སྔོན་མའི་ས་བོན་དེ་གང་ནས་བྱུང་བ་རེད་ཟེར་འདྲི་ན། དེ་ཡང་དེའི་ས་བོན་ནས་བྱུང་བ་རེད་ཟེར་མ་ཤོད་ཀ་མེད་རེད།
དེ་ལྟར་དེ་འདྲ་ཡིན་ཙང་འབྲས་རྡོག་གཅིག་པུ་དེ་གང་ནས་ག་དུས་བྱུང་མིན་མི་ལོ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་ཕུ་འདེད་བྱེད་ཡང་རང་ཉིད་ཐང་ཆད་པ་ལས་ཆེས་ཐོག་མའི་འབྲས་རྡོག་ཞིག་བསྐལ་བའི་བར་དུ་བཙལ་ཡང་རྙེད་རྒྱུ་མེད་ཟེར་ན་ཁྱེད་ན་ལན་རྒྱག་པའི་ལྕེ་ཞིག་ཨེ་ཡོད།
དངོས་པོ་རྣམས་སྐད་ཅིག་སྐད་ཅིག་གིས་འགྱུར་བའི་བདག་ཉིད་ཅན་ཡིན་པས་གསར་སྐྱེས་ཡིན་དགོས། དེ་མིན་ན་རྟག་པར་ཐལ་བའི་སྐྱོན་འབྱུང་། ནང་པས་སེམས་ཅན་གསར་སྐྱེས་ནི་རགས་པའི་དབང་དུ་བྱས་ན་སྔར་མེད་སེམས་ཅན་གསར་དུ་སྐྱེས་བ་མེད་ལ་སེམས་ཅན་གྱི་ཤེས་པའི་རྒྱུན་ལ་བརྟེན་ནས་སྐྱེས་བ་ལ་གསར་སྐྱེས་ཟེར། དེ་ཡང་ངེད་ཀྱི་བུ་བཙས་སོ་སྙམ་པའི་བློ་སྐྱེས་བ་ན་སྔར་མེད་པའི་བུ་ཞིག་སྐྱེས་བ་འཇིག་རྟེན་པའི་བློ་ལ་དེ་ལྟར་འཆར་ཡང་དོན་ལ་དེ་ལྟར་མིན། དངོས་པོ་གང་ཞིག་སྔར་སྐྱེས་བ་དེ་དག་སླར་དེའི་ངོ་བོར་སྐྱེ་བ་མེད་པ་དང་འཁོར་བ་ན་སྔོན་མེད་པའི་སེམས་ཅན་གསར་དུ་མི་སྐྱེ་ཟེར་བ་སྔར་འགགས་པ་དང་རིགས་མཐུན་པ་སྐྱེ་བས་སྔོན་མེད་པའི་སེམས་ཅན་གསར་དུ་མི་སྐྱེ་ཟེར་བ་རེད། དེ་དག་རྣམ་ཤེས་ཀྱི་རྒྱུན་ལ་བསམ་པ་རེད། རྫས་རྒྱུན་ལ་བསམ་ན་ཆུ་ཤིང་སྡོང་པོ་ལས་དགེ་སློང་མ་སྐྱོང་མ་ཟེར་བ་ཞིག་སྐྱེས་པ་དང་། བྱ་ཁྲུང་ཁྲུང་ལས་གནས་བརྟན་གྲགས་འཛིན་སྐྱེས་པ་འདུལ་བ་ལུང་སོགས་ལས་གསུངས་པ་མིའི་ལུས་ཀྱི་རྫས་རྒྱུན་སྔ་མ་མིའི་བྱང་ཁོང་བརྒྱུད་མི་དགོས་པ་ལྟ་བུ་རེད།
སེམས་ཅན་གསར་སྐྱེ་ཡོད་མིན་དང་ཐོག་མཐའ་ཡོད་མེད་ལ་ནམ་ཡང་ཐེ་ཚོམ་འདུག འདིའི་ཐད་གོང་གི་རིགས་ལམ་ཁ་ཤས་ཀྱིས་ང་ལ་གོ་བ་གསར་པ་འགའ་ཐོབ་བྱུང་བས་ཐུགས་རྗེ་ཆེ། གཅིག་གིས་ནང་ཆོས་ཀྱི་དགོངས་པ་འགྲེལ་སྐབས་ལུང་བརྟེན་དགོས་ཟེར་མོད། ཆོས་རྗེ་ས་ཆེན་གྱིས། ལུང་དུ་གྲགས་ཚད་མ་མིན། ཞེས་དང་། རྗེ་བླ་མས་རིགས་པ་དང་འགལ་བའི་སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་གསུངས་བར་གནས་ལུགས་དང་མཐུན་པར་འདོད་དོ།
དེ་ལྟ་བའི་ན་འབྲོང་ངུར་ཆོས་རྗེ་ཉིད་ཀྱིས་ཐུན་མིན་རིགས་དེར་ཡི་རངས་ཆེ།
ལུང་དུ་གྲགས་ཚད་ཚད་མ་མིན། ཐུན་མིན་རིགས་ལམ་ཞེས་བཅོས
སེམས་ཅན་ཉུང་དུ་འགྲོ་དགོས་པ་དང་། སངས་རྒྱས་མང་དུ་འགྲོ་བ་ནི། ཆོས་ཉིད་ཙམ་ལས། ལས་འབྲས་སོགས་ལ་ལྟོས་པ་གང་ཡང་མེད་དགོས་སྙམ་ལགས།
བཀུར་འོས་ཁ་བརྡ་དྲ་བདག་ལགས།
ཆེད་ཞུ། གུས་པའི་སྨྱུག་མིང་ཀ་ཁའི་རྫི་བོ་འདི་བཞིན་མི་བུ་ཞིག་གིས་བེད་སྤྱོད་གཏོང་གི་ཡོད་པ་དེ་ག་ནས་སྟངས་འཛིན་གནང་རོགས། དེ་སང་རྩོམ་ཡིག་རྐུ་མཁན་དང་སྨྱུག་མིང་རྐུ་མཁན་རིགས་དར་བ་འདི་ཅི་ཞིག་གིས་ཉེས།
ཐེ་བོ་སངས་རྒྱས་ཀྱིས་ཕུལ།
ཁ་བརྡ་ཚང་ལ། བཀྲིན་ཆེ།
ཀརྡོ་ལགས་ཀྱིས་གསུངས་པ་འདི་བྱིས་པ་ཞིག་སྐད་ཆ་ལས་མ་འདས། ལས་འབྲས་ལ་མ་ལྟོས་པའི་སངས་རྒྱས་ཤིག་ཡོད་ཚུལ་འདི་ཧང་ཧོན་གྱི་ཡུལ་དུ་བཞག སངས་རྒྱས་ཞེས་པ་དེ་འབྲས་བུ་ཞིག་རེད། འབྲས་བུ་དེ་རྒྱུ་ལ་ལྟོས་དགོས་པ་རེད། རྒྱུ་དེ་ལས་ལ་ལྟོས་དགོས་པ་དེ་རྟེན་འབྲེལ་མི་བསླུ་བའི་གཤིས་ལུགས་སུ་མ་ཤེས་པ་དེས་རྟེན་འབྲེལ་གྱི་དོན་ལ་ཤིན་ཏུ་རྨོངས་རྟགས་་གསལ་བསྟན་པ་རེད།
ཡང་སེང་ཕྲུག་བསླེབས་སོང་། ད་དུས་ཚོད་ཡག་པོ་འཁྱོལ་བ་འདུག
སེམས་ཅན་མང་དུ་མི་འགྲོ་བ་དེ། ཆོས་ཉིད་ཙམ་ལས་ལས་འབྲས་མི་ལྟོས། སངས་རྒྱས་འཁོར་བ་ལས། གྲོལ་བ་དེ་རྒྱུ་འབྲས་ལ་ལྟོས་པ་ཙམ་ལས། ལས་འབྲས་ལ་ལྟོས་ན་ཧ་ཆང་མི་ཐལ་ལམ། སེང་ཕྲུག་ལགས།
་་་་་ ལས་འབྲས་ལ་ལྟོས་ན་ཧ་ཆང་མི་ཐལ་ལམ། སེང་ཕྲུག་ལགས།
འདི།
་་་་་ལས་འབྲས་ལ་མི་ལྟོས། ད་ེལས་འབྲས་ལ་ལྟོས་ན་ཧ་ཅང་མི་ཐལ་ལམ། སེང་ཕྲུག་ལགས།
ལ་བཅོས།
སེམས་ཅན་མང་ཉུང་དུ་འགྲོ་བ་དེ་ལས་ཀྱིས་བྱས་པ་རེད། བསོད་ནམས་ཡིད་ཤེས་ཀྱི་ཚོགས་ལ་བརྟེན་ནས་སྐུ་གཉིས་གྲུབ་པ་དེས་གསལ་པོ་བསྟན་ཡོད། སངས་རྒྱས་ལས་ལྟོས་ནས་གྲུབ། སངས་རྒྱས་ལས་སོགས་པ་ཐལ་ཅི་ཕྱིར། ལས་རྒྱུ་འབྲས་ལ་མ་ལྟོས་པ་ཞིག་འཇོག་རྒྱུ་ཨེ་ཡོད། རྟེན་འབྲེལ་ཞེས་པའི་ཚིག་གིས་ཐམས་ཅད་ལས་རྒྱུ་འབྲས་ལ་ལྟོས་ནས་བཞག་པ་གསལ་པོ་སྟོན།
ལས་འབྲས་ཀྱི་ལྟོས་གྲུབ་དང་། རྟེན་འབྲེལ་གྱི་ལྟོས་གྲུབ་གཉིས་ལ་ཁྱབ་ཆེ་ཆུང་ཡོད་རེད། དེ་གཉིས་ཀྱི་ཁྱབ་ཆེ་ཆུང་ཉན་འདོད་ཡོད་ན། དང་པོ་ང་ལ་མཎཌལ་ཞིག་འབུལ་ཤོག དེ་ནས་་་་་ ངས་ཁྱོད་ལ་་་་་ ཧ་ཧོ།།
ད་ཁྱོད་ཀྱིས་མཎཌལ་ལ་སེར་སྣ་བྱས་པ་ལྟར། ངའི་རང་གི་ཆོས་ལ་དཔེ་འཁྱུད་བྱས་ན་ག་ནས་འགྲིགས། ལས་རྒྱུ་འབྲས་ཀྱི་ལྟོས་གྲུབ་དེ། རྒྱུ་དགེ་སྡིག་དང་། འབྲས་བུ་བདེ་སྡུག་གཉིས་ཙམ་ལ་ཁྱབ་ཡོད་རེད། རྟེན་འབྲེལ་གྱི་ལྟོས་གྲུབ་དེ། གཞི་གྲུབ་པའི་ཆོས་ཚད་ལ་ཁྱབ་ཡོད་རེད། སེང་ཕྲུག་ལགས། ད་ཁྱོད་སེང་ཆེན་ག་དུས་ཆགས་ཐུབ་པ་འདུག ཨ།། །།
ང་ལ་དྲི་བ་ཞིག་ལ། སེམས་ཅན་རྒྱུན་ཆད་པའམ་ཉུང་རུ་འགྲོ་ན། ཐ་མར་སེམས་ཅན་མེད་པ་ཆག་ཡ་ཐག་ཆོད་པ་རེད ། དེ་དྲ་ཡིན་ན་སངས་རྒྱས་ཀྱི་ཆོས་འཁོར་སུ་ལ་བསྐོར། ཕལ་ཆེར་སངས་རྒྱས་ཕན་ཚུན་ཆོས་གསུངས་ནས་བསྡད་ཀྱི་ཡོད་རེད་པས། གང་ཡིང་ཟེར་ན་ལུང་ཞིག་གྲགས་པ་ཆེན་པོ་འདུག་ཨ། སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་རྒྱུན་མི་ཆད ། ཟེརབ་འདི་ལ་ལན་ཞིག་འཕུལ་རོ་གནང།
ངས་མན་ཌྲལ་འབུལ་ཆོགས་པ་བྱེད །